ཆེས་སྤྱིར་བཏང་གི་ཉིན་ཐོ་ཞིག
ཉིན་འདི་འགར་ངས་ཉིན་ཐོ་གཅིག་ཀྱང་བྲིས་མི་འདུག དེ་ནི་མི་ཞིག་སེམས་ནས་གནས་སྐབས་རིང་བརྗེད་པ་དང་མཚུངས་པ་ལས་ང་ཉིན་ཐོ་འབྲི་བར་སུན་སྣང་སྐྱེས་པ་ག་ལ་ཡིན།
དེ་རིང་འདི་གར་བོད་མི་དམངས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཕེབས་ཏེ་གསུང་བཤད་གནང་སོང་། ངས་བྲི་རྒྱུའང་དེའི་སྐོར་ཡིན། དྲང་པོར་བཤད་ན་གལ་སྲིད་ཁོང་ཕེབས་ཏེ་གསུང་བཤད་གནང་མེད་ཚེ་ངས་དེ་རིང་ཉིན་ཐོ་འབྲི་མི་སྲིད་ལ་ཉིན་འགར་རྒྱུན་མཐུད་མ་ཐུབ་པའི་ལས་ཀ་ཞིག་དེ་མུར་ལུས་རྒྱུ་རེད། དང་ཐོག་གནས་ཚུལ་ཡོད་ཚད་ལྷིང་འཇགས་སུ་ཡོད། སྤྱི་འཐུས་མཆོག་གིས་འདས་མ་འོངས་ད་ལྟ་གསུམ་གྱི་ལས་ཀ་བྱེད་ཕྱོགས་ནས་བརྩམས་ཏེ་གསུང་བཤད་ཆུ་ཚོད་གཉིས་ཙམ་གནང་རྗེས་དྲི་བར་ལན་འདེབས་གནང་སྟེ་དུས་ཡུན་གང་འཚམས་འགོར། སློབ་གྲོགས་བུ་ཞིག་གིས་དྲི་བ་འདྲི་སྟངས་ཅུང་ཁ་ཚ་དྲགས་པས་གསལ་བཤད་དང་སྣོན་འཕྲི་གང་འཚམས་བྱེད་དགོས་བྱུང་སོང་ཞིང་། བུ་མོ་ཞིག་གིས་རང་གི་གནས་ཚུལ་དང་། སྣང་ཚུལ། བསམ་ཚུལ་རྣམས་སྦྱར་ཏེ་དྲི་བ་ཞིག་དྲིས་པས་ཚང་མར་བཞད་གད་སློང་སོང་། ཡིན་ཡང་སྤྱི་འཐུས་མཆོག་གིས་མོའི་སྤོབས་པ་ལ་བསྟོད་བསྔགས་གནང་སོང་བས་མོ་དགའ་ཡོད་ངེས། ད་དུང་ཡོད་ཚད་འགྲིགས་བསྡད་ཡོད། ཆེས་མཐའ་མའི་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་མ་གནང་བར་དུ་འགྲིག་བསྡད་ཡོད། སྐབས་དེར་མི་དར་མ་ཞིག་སྐད་སྦུག་གི་མདུན་དུ་ལངས་བྱུང་། དེ་སྔོན་ངས་མི་དེ་རྩ་བ་ནས་མཐོང་མ་མྱོང་། དང་ཐོག་ཁོས་སྤྱིར་བཏང་གི་གནས་ཚུལ་འགའ་བཤད་དེ་མཇུག་ཏུ་སླེབས་སྐབས་ཚོགས་པར་སྒོར་མོའི་དཀའ་ངལ་ཡོད་སྐོར་བཤད། སྔོན་དུའང་དཀའ་ངལ་དེའི་སྐོར་བཤད་པ་ཐེངས་ཤིག་གོ་མྱོང་བས་ལྗིད་ལོད་ལ་མ་བལྟོས་པའི་དཀའ་ངལ་ཞིག་ཡོད་ཁོ་ཐག་རེད།
དེ་རྗེས་སྐྱུག་བྲོ་བའི་ཚིག་འགའ་ཁོའི་ཁ་ནས་ཐོན་སོང་། ང་ལ་ཉིན་ཐོ་འབྲི་བའི་འདུན་པ་སྐྱེད་མཁན་ཡང་ཚིག་དེ་ཚོ་རེད། དེ་ཡང་ཁོས་སྤྱི་འཐུས་མཆོག་གི་གསུང་ཞིག་ལ་འཇུས་ཏེ་བཤད་རྒྱུར་༼སྤྱི་འཐུས་མཆོག་གིས་བོད་ནང་དུ་བོད་མི་ཚང་མ་མེ་མདའི་ཁ་རུ་ལངས་ནས་ཉིན་མཚན་སྐྱེལ་བཞིན་ཡོད་ཀྱང་ང་ཚོ་འདི་རུ་སྐྱིད་པོ་རྒྱག་པ་བྱས་ཏེ་བསྡད་ཡོད་གསུངས་སོང་། བོད་ནང་དུ་ཁོ་ཚོ་སྡུག་པོ་མྱོང་བཞིན་པ་བདེན་པ་རེད་དེ་ང་ཚོའང་འདི་རུ་ཐོག་མ་ཡོང་དུས་སྡུག་པོ་མྱངས་སོང་། འདི་རུ་ཅི་གང་མི་འདུག ༽ད་དུང་ཁོས་རང་སྐྱག་རང་གིས་བཀྱག སྐྱག་པས་རྐུབ་བཀྱག་ཞེས་པ་བཞིན་ཆོ་མེད་པའི་སྐད་ཆ་ལུང་པ་གང་བཤད་བྱུང་། ཁོ་ལ་ཡུས་ཆེན་པོ་འདི་འདྲ་བཤད་རྒྱུའི་སྤོབས་པ་ཞིག་ག་ནས་རྒྱས་པ་ཡིན་ནམ། ཁོས་རང་གིས་མྱངས་བའི་སྡུག་གྱོང་དེ་སྤུན་ཟླ་ཚོའི་ཚེ་སྲོག་དང་བསྡུར་ཕོད་དམ།
ང་ལ་ཞེན་ལོག་ཅིག་བྱུང་ཞིང་དེ་མ་ཉིད་དུ་ཡར་ལངས་ནས་སྐད་ཆ་འགའ་བཤད་པར་འདོད་ནའང་རང་ཉིད་འཛིན་རིམ་དམའ་བ་དང་། ལས་རིམ་མཇུག་བསྡུས་ཟིན་པས་ཡང་རྙོག་དྲ་ཞིག་ཡང་བསྐྱར་སློང་བར་དོགས་ནས་དེ་མུར་བཞག་པ་ཡིན། གལ་སྲིད་ངས་བཤད་ན་འོག་གི་འདི་ཚོ་བཤད་རྒྱུའི་གྲ་སྒྲིག་བྱས་ཡོད། ༼རེད། ཁྱེད་ཚོས་སྡུག་པོ་མྱངས་ཡོད་ངེས། འདི་རུ་ཡོང་དུས་ཅི་གང་ཡོད་རྒྱུ་མ་རེད། ཕྱིས་སུ་ཡོང་བའི་སློབ་གྲོགས་ཚོས་ཀྱང་སྡུག་པོ་མྱངས་ཡོད་དེ་ཁོ་ཚོས་རང་གི་ཕ་ཡུལ་མིག་གིས་མཐོང་མེད། ང་ཚོས་ཀྱང་སྡུག་པོ་མྱངས་མྱོང་། དགྲ་བོའི་མེ་མདའི་ཁ་ནས་ཚེ་སྲོག་གཏའ་མ་བཞག ཉིན་དུ་མི་བྱས། མཚན་དུ་འདྲེ་བྱས། ལམ་ཐག་གོམ་པས་འཇལ་ཏེ་ཡོང་བ་ཡིན། ཡིན་ཡང་ང་ཚོས་འདི་དག་གཞིས་ལུས་སྤུན་ཟླས་མྱངས་བའི་སྡུག་བསྔལ་དང་བསྡུར་ཐབས་ཡོད་དམ། བསྡུར་ཕོད་དམ། ཉིན་མཚན་དུས་དྲུག་ཏུ་མེ་མདའི་འོག་ནས་འཚོ་བ་སྐྱེལ་བཞིན། སྐད་ཆ་ཚིག་གཅིག་ནོར་ན་མུན་དོང་གི་བཙོན་དུ་བཅུག་པ་དང་། བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ལས་ཀ་ཞིག་བྱས་ཚེ་ཚེ་སྲོག་གིས་འགྲོ་གྲོན་གཏོང་དགོས་པའི་གནས་སྟངས་དེ། ཁྱེད་དང་ངས་མྱངས་པའི་སྡུག་གྱོང་ལ་བསྡུར་དགོས་ཚེ་གཞིས་ལུགས་སྤུན་ཟླ་ཚོ་ལས་ངན་པ་ལ། དེ་འདྲ་སྡུར་མཁན་དེའང་ཁོ་ཚོས་རེ་བ་ཚོད་མེད་བཅོལ་སའི་ཕྱིར་བསྡད་བོད་མིའི་ཁྲོད་ནས་ཐོན་པ་ནི་ཅི་འདྲའི་སྐབས་སུ་མ་བབ་པ་ཞིག་རེད་ཨང་།་་་ ་་་ ་་༽ངས་ད་དུང་མང་པོ་ཞིག་བཤད་པར་འདོད་མོད། གོང་དུ་བཤད་པ་ལྟར་རྒྱུ་རྐྱེན་འགས་ངས་ཅི་ཡང་མ་བཤད། ཕྱོགས་གཅིག་ནས་ངས་མ་བཤད་པ་དེ་གཞིས་ལུས་སྤུན་ཟླར་གདུང་སེམས་བོར་བ་ལྟ་བུར་གྱུར་སོང་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་མ་བཤད་པ་དེ་འགྲིགས་ཡོད། གལ་སྲིད་ངས་བཤད་ཡོད་ཚེ་མཇུག་འབྲས་ལེགས་པོ་ཞིག་མི་ཡོང་ཁོ་ཐག་རེད།
གསུང་བཤད་དེ་དེ་ལྟར་གྲོལ། ཚུར་ཡོང་ནས་ཁྲུས་ཤིག་བརྒྱབ་རྗེས་དགོང་མོར་བྱུང་བའི་གནས་ཚུལ་གློ་བུར་བ་དེ། དེ་ལྟར་ཡལ་བཅུག་མ་འདོད་པས་ཤོག་དཀར་མདུན་དུ་བླངས་ནས་ཡི་གེར་ཕབ་མགོ་ཚུགས།། །།