
ཀླུ་སྨྱོན་འདས་པའི་གསར་འགྱུར་དེ་ཨ་རིའི་ནུབ་མཐའ་ནས་རྡ་སའི་རི་མགོ་དང་། དེ་ནས་བལ་ཡུལ་མཆོད་རྟེན་གྱི་སྐོར་ལམ་ནས་འགྲམ་འགག་སྒོར་ཁྱབ། གློག་གི་རྦ་རླབས་བརྒྱུད་དེ་བོད་ཀྱི་ཤེས་ཡོན་པའི་སྡེ་ཆུང་ཆུང་ཞིག་ནས་རི་ཁྲོད་ཀྱི་དགོན་སྡེ་ཁ་ཤས་ཀྱི་མཁའ་དབུགས་ཁྲོད་དུ་ཁྱབ།
ཀླུ་སྨྱོན་ཇི་ལྟར་འདས་སོང་།
འཕོ་བ་བཏབ་སྟེ་འདས་སོང་།
མ་རེད། སྐྱག་པ་རྐུབ་འགག་གིས་འདས་པ་རེད།
དེ་ཡང་མ་རེད། ཆུ་རྐྱལ་མ་ཤེས་པར་མཚོ་ཆུང་ཞིག་གི་ནང་དུ་ནུབ་པ་རེད།
དེ་ཡིན་ངེས་རེད། ངས་གོ་བ་ལྟར་ན་ཁོ་དབྱར་ཁ་ཤར་ཐེངས་རེར་མཚོ་འགྲམ་དུ་སོང་སྟེ་ཨ་རིའི་དམར་ཧྲེང་མ་ཚོའི་འཁྲིས་སུ་ཉལ་ནས་སྙན་ངག་འབྲི་གིན་འདུག་ཟེར།
ཨ་ལ། དེས་ན་ཁོས་ཞབས་འདྲེན་ཞུས་འདུག ལྟས་ངན་དེས།
ངས་ལྟས་ངན་དེ་གསོད་ན་འདོད། མི་དེ་འདྲ་བསད་ཀྱང་སྡིག་པ་ཡོད་ནི་མ་རེད།
རེད་རེད། ངོ་མ་རེད། སྤྱིར་ན་མི་བསད་ན་སྡིག་པ་ཡོད་ཀྱང་ཀླུ་སྨྱོན་ལྟ་བུ་བསད་ན་སྡིག་པ་ཆུང་ནི་རེད།
ལྟས་ངན་དེས་བོད་དོན་སྐོར་ལ་རྩོམ་ཡིག་ཡག་པོ་རྡོག་གཅིག་བྲིས་མ་སོང་།
ཡིན་རྒྱུ་རེད། རྒྱ་དགའ་དེས།
རྒྱ་དགའ་ཨེ། དེ་འདྲ་རང་ད་ཨེ་ཡིན། ཁོས་བྲིས་པའི་ཤམ་བྷ་ལའི་དམག་འཁྲུག་ཅེས་པའི་གློག་བརྙན་འཁྲབ་གཞུང་དེར་ཅིག་ལྟོས་དང་།
ལྟས་ངན་དེ་སྨྱོས་བསྡད་ཡོད་པ་རེད། སེམས་ལ་གང་ཤར་བྲིས་ཡོད་པ་རེད། ཤེས་རབ་འཆལ་བའི་སྐྱོན་ཟེར་ན་ཁོ་ལ་ཡོད་པ་རེད།
ཡིན་རྒྱུ་རེད། དུས་སྙིགས་མར་སོང་ན་མི་ངན་ཁོ་འདྲ་ཡང་སྐྱེ་གི་ཡོད་པ་རེད།
རེད་རེད། ལྟས་ངན་དེས་བོད་རྒྱ་གཉིས་ཁ་ཁ་མ་བྱས་པར་མཉམ་གཅིག་ཏུ་བསྡད་ན་ལེགས་པོ་རེད་ཅེས་ཅིག་བྲིས་སོང་།
བོད་རྒྱ་གཉིས་ཁ་ཁ་མ་བྱས་པར་ཨེ། དེ་མི་འགྲིག་གམ། གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་གཞི་ཡང་རྒྱ་བོད་མཉམ་གནས་ཀྱི་རྩ་དོན་ཞིག་མ་རེད་དམ།
དེ་ད་རེད་དེ། གོང་ས་མཆོག་གིས་རྒྱ་བོད་མཉམ་གནས་སམ་ཞི་བདེའི་དོན་ཚན་ལྔ་ལྟ་བུ་གསུང་དུས་ང་ཚོས་རྗེས་སུ་ཡི་རང་ཞུ་རྐྱང་བྱེད་དགོས་ཀྱི་རེད་ལ། ཀླུ་སྨྱོན་ལྟ་བུས་རྒྱ་བོད་མཉམ་གནས་བྱེད་ཟེར་དུས་ཚིག་རྩུབ་པོ་གཅིག་ལས་མེད་ཀྱང་ཁོའི་སྟེང་དུ་བརྗོད་དགོས་ཀྱི་རེད། འདི་ནི་བོད་མིའི་རིག་གཞུང་གི་ཆ་ཤས་ཤིག་རེད། དེ་ཉམས་སོང་ན་ག་ལ་འགྲིག
ང་ནི་དེ་ལ་ངོས་ལེན་མེད། གང་ཟག་ལ་མི་རྟོན་ཚིག་ལ་རྟོན་ཞེས་པ་དེ་ཡང་མི་དེའི་ཁ་སྟབས་ལ་མི་བལྟ་བར་མི་དེས་བརྗོད་པའི་སྐད་ཆའི་ལེགས་ཉེས་ལ་བལྟ་དགོས་ཞེས་པའི་དོན་རེད་ལ།
དེ་ད་རེད་དེ། དེང་སང་སྐད་ཆ་བཤད་སྟངས་འདི་ལྟར་མ་བྱས་ན་རང་ཚུགས་ཤོར་འགྲོ་གི་རེད།