བོད་ཀྱི་རིག་གནས་སློབ་ཁྲིད་ཀྱི་འཛིན་གྲྭ་ཚུགས་པ།

འདོན་སྤེལ། ༢༠༡༣/༠༥/༢༣

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭར་བོད་ཀྱི་རིག་གནས་སློབ་ཁྲིད་ཀྱི་འཛིན་གྲྭ་ཚུགས་པ།

རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭའི་དམིགས་ཡུལ་དང་ལས་འཆར་གྲས་སུ། མ་འོངས་བོད་ཀྱི་སོན་རྩ་རང་རིགས་གཞོན་སྐྱེས་སློབ་ཕྲུག་རྣམས་ལ་དབྱར་དགུན་གྱི་གུང་གསེང་སྐབས་དང་བསྟུན། གངས་ཅན་བོད་ཀྱི་རྩ་ཆེའི་ནང་དོན་རིག་པ་སོགས་སློབ་ཁྲིད་ཀྱི་འཛིན་གྲྭ་གོ་སྒྲིག་གནང་མུས་ལྟར། འདི་ལོ་ཡང་ཕྱི་ཟླ་ལྔ་པའི་བདུན་ཕྲག་གཉིས་པ་ནས་བཟུང་ཟླ་ངོ་གཅིག་རིང་(CST)ཀོ་ལེ་སྒལ་ནས་སློབ་ཕྲུག་གྲངས་ ༥༦། གྲྭ་ཚང་དུ་བསུ་ལེན་གནང་བ་དང། ཧུན་སུར་འོད་སྣང་སློབ་གྲྭའི་སློབ་ཕྲུག་ངོ་གྲངས་ ༡༢༠ སྟེ་ཁྱོན་བསྡོམས་སློབ་ ༡༧༦། ལ་ནང་ཆོས་འཆད་ཉན་དང། རིགས་ལམ་སློབ་ཁྲིད། རིགས་ལམ་རྩོད་གྲྭ། བོད་ཡིག་བཅས་སློབ་ཁྲིད་ཀྱི་འཛིན་གྲྭ་གོ་སྒྲིག་ཞུས་ཏེ་ཉིན་རེའི་འཛིན་གྲྭ་ཚོགས་ཐེངས་བཞི་དང། ཕྱི་དྲོ་རྩོད་གྲྭ་བཅས་འཚོག་བཞིན་པ་རེད། ཀོ་ལེ་སྒལ་ནས་སློབ་ཕྲུག་གཏོང་ཕྱོགས་ཀྱི་ལས་དོན་རྣམས་ས་གནས་གཞིས་ལས་ཁང་ནས་ཐུགས་ཁུར་ཆེ་བཞེས་གནང་ཞིང་། སློབ་ཕྲུག་གཟིགས་རྟོག་པ་ཆེད་གཏོང་གནང་ཡོད་པ་དང། ཧུན་སུར་འོད་སྣང་སློབ་གྲྭ་དང་ལྷག་པར་ཕ་མའི་ལྷན་ཚོགས་ནས་ལས་དོན་མཉམ་རུབ་གནང་ཡོད་པ་རེད།

གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་ནས་སློབ་ཕྲུག་ཚོར་གསོལ་ཇ་ཞལ་ལག་རྣམས་རིན་མེད་ནར་གཏོང་གནང་ཞིང་ ཀོ་ལེ་སྒལ་སློབ་པྲུག་རྣམས་བཞུགས་གནས་སོགས་གང་ཅིའི་མཐུན་རྐྱེན་རྣམས་གོ་སྒྲིག་ཞུས་ཡོད་པ་རེད། ད་རེས་གཞིས་ཆགས་གཉིས་ཀྱི་སློབ་ཕྲུག་ ༡༧༠ འཛིན་གྲྭ་ལྔ་པ་ཡན་ཆད་ཡིན་པ་དང་སློབ་ཕྲུག་དེ་དག་གི་རྒྱུད་ལ་ཐར་པའི་ས་བོན་གྲུང་པོ་བསྐྲུན་ཡོད་ཅིང་ རིགས་ལམ་གྱི་སྒོ་མོ་ཡངས་<པོར་འབྱེད་ཅིང། མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐད་ལའང་སློབ་ཕྲུག་ཚོར་དམིགས་བསལ་གོ་རྟོགས་བཟང་དུ་འགྲོ་མུས་དང། ཐེངས་འདིའི་ནང་ཆོས་འཛིན་གྲྭའི་སྐབས་བདུན་རེའི་མཚམས་སུ་གྲྭ་ཚང་གི་མཁན་བླ་དགེ་སྐོས་དང་སློབ་སྤྱི་བཅས་ནས་དམིགས་བསལ་ནང་ཆོས་ངོ་སྤྲོད་གནང་བའི་ལས་རིམ་གོ་སྒྲིག་ཞུས་ཏེ་སྐྱབས་འགྲོ་ལས་འབྲས་ལས་བརྩམས་པའི་གསུང་བཤད་གནད་སྨིན་བསྩལ་ཏེ་གོ་རྟོགས་ལྷག་པར་སྤེལ་བ་རེད།

མཐར་སློབ་ཕྲུག་རྣམས་ལ་རྒྱུགས་ཆུང་ཞིག་བཏང་སྟེ་ཨང་ཐོབ་རྣམས་ལ་བྱ་དགའ་གནང་རྗེས། སེ་ར་དང་རྣམ་གྲོལ་གླིང་སོགས་ཉེ་འཁོར་དགོན་སྡེ་ཁག་ངོ་སྤྲོད་དང་འབྲེལ་ཆོས་མཇལ་ཁྲིད་རྒྱུ་ཡིན་པ་རེད། སྤྱིར་ན་གངས་ཅན་རིག་གནས་སློབ་གྲྭ་འདི་བཞིན་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་བཙུགས་ཤིང་། རྒྱུན་ལྡན་དུ་ས་གནས་མི་མང་ལ་ནང་ཆོས་འཆད་ཉན་གྱི་ལས་རིམ་བསྟུད་མར་ཡོད་བཞིན་པ་དང། རྒྱལ་སྤྱིའི་ནང་མི་རིགས་དང་ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པར་དོ་དབྱིངས་ཡོད་པ་རྣམས་ལ་སློབ་ཁྲིད་ཀྱི་ལས་རིམ་དང་ས་མིག་ཡོད་བཞིན་པ་རེད།

ཆོས་རིག་གི་བྱེད་སྒོ་དེ་དག་སྤེལ་བའི་བརྒྱུད་༸གོང་ས་ཆེན་པོའི་དགོངས་གཞི་འགྲུབ་པ་དང། སངས་རྒྱས་ཀྱི་བསྟན་པ་དར་བ། ཡང་མགོས་བོད་གངས་ཅན་པའི་རྩ་ཆེའི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་སོར་ཆུད་པའི་དམིགས་ཡུལ་བཟུངཡོད་པ་བཅས།

ཤོག་ངོས་འདི་ཐེངས་ ༡༩༦༢ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།