གཞོན་ནུའི་ཚོགས་ཆེན་ལ་ཟུར་བལྟ།

འདོན་སྤེལ། ༢༠༡༣/༠༥/༣༡

མིག་མི་འཛུམ།

གཞོན་ནུའི་ནང་ཁུལ་གྱི་རྙོག་ཟིང་གི་ཐད་ནས་ཉིན་འདི་འགར་ཅི་བསམ་འདི་བསམ་མེད་པ་ཞིག་ཆགས་པ་དང་། ཡང་ད་རེའི་ལོ་གསུམ་གྱི་ཚོགས་ཆེན་འདི་ཅིའི་ཕྱིར་སྔ་ནུར་གྱིས་ཚོགས་པ་སོགས་ཀྱི་ཐད་ནས་བདག་ལ་རྨོངས་འཆར་མང་བོ་ཞིག་བྱུང་ཡང་། གནད་དོན་མང་བོ་ཞིག་རང་གི་སེམས་ལ་ཤར་ཚུལ་ལྟར་འགྲོ་དཀའ་བས། སེམས་ཀྱིས་རྙེད་པའི་གསང་བ་དང་ལྐོག་གྱུར་གྱི་རིགས་ཤིག་སྤྱི་ཚོགས་ལ་དཀྲོགས་རྐྱེན་དུ་མི་འགྲོ་བའི་ངེས་པ་མེད་ཕྱིར་གླེང་བར་མ་སྤོབས།

གཞོན་ནུའི་ས་རྒྱུན་ཁག་མང་བོ་ཞིག་ཅིའི་ཕྱིར་རང་བཙན་གྱི་ལྟ་བ་ལས་བྱོལ་གྱི་ཡོད་དམ། ཁོང་ཚོས་ད་ལྟ་བར་དུ་༸གོང་ས་མཆོག་གི་དགོངས་གཞིའི་ལམ་དབུ་མ་མ་ཐོས་པ་རེད་དམ། ཡང་ན་ད་བར་དུ་ཡིད་ཆེས་མ་བྱས་པར་ད་ལོར་ངེས་ཤེས་རྙེད་པ་རེད། གལ་སྲིད་དེ་ལྟར་ཡིན་ངེས་ཚེ། རང་རང་གི་ངོས་ནས་གཞོན་ནུའི་ཚོགས་མི་ལས་བུད་དེ་དབུ་མ་བ་མི་བྱེད་པར་རང་བཙན་ལ་ཡིད་ཆེས་མེད་བཞིན་དུ་ཅིའི་ཕྱིར་མུ་མཐུད་དུ་བསྡད་དེ་ཚོགས་ཆེན་སྟེང་ཡོང་ནས་སྤྱི་ཚོགས་ལ་བརྡབ་གསིག་དང་
རྒྱ་ནག་ལ་མཁོ་བའི་རྙོག་ཟིང་འདི་སློང་གི་ཡོད།

ཡང་ན་ད་ལོའི་གྲོས་ཚོགས་ནས་སྤྱི་འཐུས་ཆེ་གེ་མོས་༸གོང་ས་མཆོག་གི་བཀའ་རྩོམ་ཁ་ཤས་ཁྲོད་ཀྱི་མིང་ཚིག་རེ་གཉིས་ལ་རང་འདོད་ཀྱི་གསར་འགྲེལ་བྱས་པར་སྐུ་སྒེར་ཡིག་ཚང་ནས་གསལ་བཤད་དང་༸གོང་ས་མཆོག་གིས་ཀྱང་བཀའ་ལན་ནན་མོ་ཞིག་གནང་འདུག་པ་དེ་འདྲ་ཞིག་ཡོང་གཞིར་དོགས་ནས་ཕྱིར་འཐེན་བྱེད་ཀྱི་ཡོད། ཡང་གལ་སྲིད་དེ་ལྟར་ཡིན་ངེས་ན། དེ་ནི་རང་རེའི་སྤྱི་ཚོགས་ནང་དར་ཡོད་པའི་ཁ་རྒྱུན་ཞིག་སྟེ། ཅོལ་ཆུང་དང་སྐབས་འཚོལ་བའི་བྱ་སྤྱོད་ཅིག་མ་རེད་དམ། ༸གོང་ས་མཆོག་གིས་བཀའ་གང་གནང་བ་བཞིན་ཤར་སྐྱོད་ཀྱི་གྲོས་ཆོད་གཞོན་ནུའི་ཚོགས་ཆེན་སྟེང་ཐེངས་ཅི་ཙམ་བཞག་ཡོད། དེ་ལྟར་འགྲོ་བ་ལ་གཞུང་དང་༸གོང་ས་མཆོག་གི་སྐུ་སྒེར་ནས་དགག་བྱ་གང་ཡང་གནང་གི་མེད

ངས་བལྟས་ན་གཞོན་ནུ་སྔར་བཞིན་གཞོན་ནུའི་ལྟ་བ་དང་ལང་ཕྱོགས་ཀྱི་སྟེང་ནས་འདུག་དགོས་པ་དང་། གཞོན་ནུའི་ཚོགས་མི་སུ་ཞིག་ཡིན་ནའང་རང་ཉིད་རང་བཙན་འཐབ་རྩོད་པ་ཞིག་ཡིན་པར་གནོང་མི་དགོས་པར་མཐོང་། ཡིན་ནའང་རང་ཉིད་ཀྱིས་རང་བཙན་རྩོད་ཀྱི་ཡོད་ན་དབུ་མའི་ལམ་དགྲ་བོར་མཐོང་མི་འོས། ད་ལྟའི་གནས་སྟངས་འདི་དང་གཞོན་ནུའི་ཚོགས་མི་ཚོས་ད་སྐབས་ང་གཞོན་ནུའི་ཚོགས་མི་ཞིག་ཡིན་ཟེར་རྒྱུར་ངོ་གནོང་དགོས་པ་ཆགས་པ་འདི། ཚོགས་མི་གང་ཟག་རེ་གཉིས་ཤིག་གིས་༸གོང་ས་མཆོག་གི་བཀའ་དགོངས་དང་བཙན་བྱོལ་སྒྲིག་འཛུགས་སོགས་ལ་དུས་དང་རྣམ་པ་ཀུན་ཏུ་མངོན་ལྐོག་ཅི་རིགས་ནས་སྐུར་འདེབས་དང་ཟུར་ཟ་བྱས་པའི་ཉེར་ལེན་ཙམ་ལས་ཚོགས་པ་དང་རང་བཙན་གྱི་ལྟ་བ་འཛིན་པ་ལ་བྱས་ཉེས་མེད། ཡང་གཅིག་བཤད་ན། དེང་སང་སྤྱི་ཚོགས་ཐོག་གཞོན་ནུར་ལྟ་སྟངས་འདི་འདྲ་འཛིན་དོན་ནི། གཞོན་ནུའི་ཚོགས་མི་མིན་ནའང་རང་བཙན་གྱི་ལྟ་བ་འཛིན་མཁན་དཔེར་ན་འཇམ་དབྱངས་ནོར་བུ་དང་ཀརྨ་ཆོས་འཕེལ་སོགས་ཀྱིས་གང་དྲན་དྲན་གྱི་གཏམ་བཤད་དག་གང་སར་གནང་བ་དང་། ལྷག་དོན་གཞིས་ལུས་མི་མང་གི་རེ་བའི་ལྟ་ས་དང་སེམས་ཀྱིས་ཉན་ས། རྩ་བའི་བླ་མ་དང་གཙུག་གི་ནོར་བུ་སྟེ། ༸གོང་ས་མཆོག་ལ་སྐུར་འདེབས་དང་བོད་གཞུང་ལ་ཟུར་ཟ་མང་དུ་བྱས་པ་དག་ནི་རང་བཙན་གྱི་ལྟ་བ་དང་སྦྲགས་ནས་གཞོན་ནུ་ལ་མ་ཉེས་ཁ་གཡོགས་བྱུང་བ་ཞིག་ལོས་ཡིན་ནམ་དྲན།

གང་ལྟར་ད་ལྟ་ནི་རྒྱ་ནག་གི་རླུང་རྟ་དགུང་དུ་འཕྱོ་བའི་སྐབས་འདིར་གཞོན་ནུའི་རླུང་རྟ་ཐུར་དུ་རྒུད་པའི་ཟོལ་ཞིག་མངོན་འདུག ངས་འདི་ནས་སྤྲང་གླེང་གི་སྐད་ཆར་ཉན་གྱི་མེད། ཡིན་ནའང་ད་སྐབས་ཇ་ཁ་ཆང་ཁ་ཐམས་ཅད་ན་གཞོན་ནུ་གླེང་གི་འདུག་ལ། གླེང་མཁན་ཡོད་ཚད་གཞོན་ནུར་སྡང་གི་འདུག དོན་དངོས་ཀྱིས་དེ་འདྲ་ཞིག་ཡིན་མི་སྲིད། གཞོན་ནུ་ལ་གཞོན་ནུའི་ཚོད་ཀྱི་ལངཕྱོགས་ཤིག་ཡོད་པ་དེར་ངས་གདེང་འཇོག་བྱེད་ཐུབ། དེ་ལྟར་ཧ་ཅང་ཉམ་ང་བའི་དུས་ཚོད་འདི་ལ་གཞོན་ནུ་སྔར་བཞིན་སྲ་ཐག་ཐག་ཅིག་ཡོང་བར་ཡིད་ཆེས་ཀྱང་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན། ཉིན་འདི་འགའི་ཚོགས་ཆེན་སྟེང་ནས་ཚོགས་མི་ ༣༠ ཚོགས་ཐོག་ནས་ཕྱི་ལོགལ་ཐོན་པ་དང་། དེ་དག་ཕྱི་ལ་ཐོན་དགོས་པའི་གནད་དོན་ཐད་ནས་བདག་ལ་བསམ་ཚུལ་ཞིག་བྱུང་སོང་། ཚོགས་ཆེན་གྱི་སྟངས་འཛིན་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་དང་དེའི་སྐོར་ལ་གྲོས་གཞི་འདོན་མཁན་དག་ལ་གཏམ་བཤད་དང་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་མ་སྤྲད་སྟབས་ཕྱི་ལ་ཐོན་དགོས་ཁེལ་བའི་སྐོར་བཤད་མཁན་འདུག གལ་སྲིད་དོན་དངོས་དེ་འདྲ་ཞིག་ཡིན་ཚེ་སྒེར་གཅོད་ཀྱི་རྣམ་པ་ཞིག་མངོན་པ་ལས་གུ་ཡངས་ཀྱི་བགྲོ་གླེང་ཞིག་ཡོང་མེད་པ་ཟུར་ནས་མཐོང་ཐུབ། ཚོགས་མི་སུམ་བཅུ་དེ་དག་ས་གནས་སུམ་བཅུ་ནས་ཕེབས་པར་ཆ་བཞག་ན། ས་གནས་རེ་རེའི་ཚོགས་མི་དག་གི་བསམ་ཚུལ་ཞིག་འཁུར་ཡོད་པ་བཤད་ཅི་ལ་དགོས། དེའི་སྟབས་ཀྱིས་ས་གནས་རེ་རེར་བཞུགས་པའི་ཚོགས་མི་དག་གི་བསམ་ཚུལ་དེས། ད་རེཚོགས་ཆེན་གྱི་བགྲོ་གླེང་གི་རྣམ་པ་མཚོན་དགོས་ན། དེ་དག་ལ་རང་གིས་འཁུར་ཡོད་པའི་བསམ་ཚུལ་ཞུ་རུ་མ་བཅུག་པ་ནི་ཅུང་ཧང་སངས་དགོས་པ་ཞིག་རེད།

མཇུག་ཏུ་ཞུ་འདོད་པ་ཞིག་ནི། སང་ཉིན་གཞོན་ནུའི་ཚོགས་ཆེན་མཇུག་སྒྲིལ་གྱི་ཡོད། རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གྱི་ཡོད་མེད་གང་ལྟར་ཀྱང་། གཞོན་ནུ་སྔར་བཞིན་འགྲོ་ཡི་ཡོད་སྟབས། རང་རེའི་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཡོད་མེད་དང་ལྟ་བ་ཡོད་མེད། ལངཕྱོགས་ཡོད་མེད་ཀྱི་མི་མང་གིས་དོན་མེད་དུ་ཁ་བརྡུང་དང་དོན་མེད་དུ་གླེང་རྙོག་མ་བཟོས་ན་ལེགས། དེ་ལྟར་བྱས་པས་རང་རེའི་རྩ་དོན་ལ་མི་ཕན་ཁར། གཞིས་ལུས་སྤུན་ཟླའི་སེམས་ཤུགས་ཆགས་གཞི་དང་རྒྱ་ནག་གཞུང་གིས་མ་མཐོང་མ་རིག་པར་སྒུག་ནས་སྡོད་པའི་དམིགས་ཡུལ་ཞིག་འགྲུབ་ཀྱི་ཡོད།

དེའི་སྟབས་ཀྱིས་སྤྱང་ཁུ་ཤ་ཟན་རི་བོང་རྩྭ་ཟན་གཉིས། །ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས། །རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ། །རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས། །ཞེས་གསུང་བ་ལྟར་སྤྱི་ཚོགས་ལ་བརྡབ་གསིག་མེད་པ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེའོ།།

༢༠༡༣ ༣༡ ལ་བྲིས།

ཤོག་ངོས་འདི་ཐེངས་ ༢༤༦༢ ལ་བཀླགས་འདུག
རིག་པ་འདོན་པ།
འབྲུག་གྲགས་རྒྱལ་པོ།
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
གསེར་འབྲུག་ལགས། དེ་གཞོན་ནུའི་སྒྲིག་གཞི་ལ་གཟིགས་དང་མཁྱེན་གྱི་རེད། མཁྱེན་དགོས་པ་གལ་ཆེ་བ་ཞིག་ལ་ང་ཚོ་ལ་རྒྱལ་ཁབ་ཡིན་ཞེས་ས་སྦར་བ་གང་ཡོད་མ་རེད། མིའི་ལུང་པར་གནས་ཚང་གཡར་ནས་བསྡད་ཡོད་པ་རེད། དམངས་གཙོ་དང་མང་གཙོ་གང་ཡིན་ན་ཡང་རང་དབང་རྒྱལ་ཁབ་གཞན་དང་འདྲ་མཉམ་ཡོང་ཐབས་མེད། ད་ལྟའི་ང་ཚོའི་གནང་སྟངས་འདི་ལྟ་བུ་ཡོད་པའང་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་དེ་བརྗེད་མི་རུང་། གལ་སྲིད་༧རྒྱལ་བ་རིན་ཆེའི་ཐུགས་རྗེའི་གྲིབ་སིལ་དང་བཀའ་སློབ་ལམ་སྟོན་མེད་ན་ང་ཚོ་ཁ་ཐོར་ནུས་མེད་ཀྱི་སྐྱབས་བཅོལ་སྦར་བ་གང་ཆགས་རྒྱུ་ལས་མ་འདས། ང་ཚོ་བོད་མི་ཚོས་བསམ་དགོས་དང་བྱེད་དགོས་པ་ནི་རང་གི་རྒྱལ་ཁབ་མི་ལ་ཤོར་བ་དང་ད་ལྟ་བོད་ཀྱི་སྣོད་བཅུད་ཆགས་འཇིག་ལ་ཐུག་པའི་གཉན་ཁྲང་ཅན་གྱི་དུས་སྐབས་འདི་ལས་མྱུར་སྐྱོབ་བྱེད་དགོས་པ་དེ་རེད། ཕྱི་ནས་ད་བར་བྱས་པ་<ལས་ལྷག་པ་ཞིག་བྱ་ཐུབ་པའི་གདེངས་ཚོད་ཡོད་མེད་ལའང་ངེས་པར་དུ་དགོངས་བཞེས་དགོས།
གསེར་འབྲུག་སྡེར་ལྔ་
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
ལས་འགུལ་དེ་ཆབ་སྲིད་ལས་འགུལ་མ་ཡིན་པར་ཆོས་ལུགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་ཨེ་རེད། ཕྱོགས་འགལ་ཚོགས་པ་མེད་པའི་སྒྲིག་འཛུགས་ཞིག་ཡིན་ཕྱིན་དམངས་གཙོའི་མཚན་ཉིད་ཚང་མེད་པ་རེད། རྒྱུ་མཚན་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་མ་གཏོག་ཡོང་མི་ཆོག་པ་དེ་རེད།
འབྲུག་གྲགས་རྒྱལ་པོ།
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
གཞོན་ནུ་ཆབ་སྲིད་ཀྱི་ཚོགས་པ་ཡིན་པ་གང་གིས་སྒྲུབ་བམ། གཞོན་ནུ་ནི་ཆབ་སྲིད་ཀྱི་ཚོགས་པ་མ་ཡིན་པར་ལས་འགུལ་གྱི་ཚོགས་པ་ཞིག་ཡིན། ང་ཚོ་བཙན་བྱོལ་སྒྲིག་འཛུགས་འདི་ཕྱོགས་འགལ་ཚོགས་པ་མེད་པའི་སྒྲིག་འཛུགས་ཤིག་རེད། གནས་ལུགས་ཤེས་པར་བྱེད་རྒྱུ་གལ་ཆེ།
བསྟན་ཆོས།
༢༠༡༣/༠༦/༠༢ ཉིན་འདོན་སྤེལ་བྱས།
བསམ་ཚུལ་ཚང་མ་ཡག་པོ་མཐོང་སོང། ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག ས་གནས་གཅིག་ནས་མི་གཉིས་ཉུང་མཐར་ཞུགས་ཡོད་པས་། ས་གནས་༨ ཙམ་ཡིན་པ་ཡོད། ལྡི་ཆ་དེ་ཡང་དགོས་དོན་མི་འདུག་སྙམ།
གྲ་ཕྱི་བུ།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
མིག་མི་འཛུམ་གྱིས་ལེགས་པར་བྲིས་འདུག འོན་ཏེ་མཆན་འདེབས་པོ་དག་གིས་༸གོང་ས་མཆོག་ལ་བརྩི་བཀུར་དང་། ཁོང་གི་བཀར་བརྩི་བ་ནི་རྨོངས་དད་དང་རྙིང་ཞེན་པར་བརྩིས་འདུག དེ་ནི་ཧ་ཅང་ནོངས་ཏེ་དེ་ལྟར་ན་བོད་མི་ས་ཡ་དྲུག་གི་བརྒྱ་ཆ་གོ་དགུ་ལྷག་རྨོངས་དད་ཅན་ཡིན་རྒྱུ་རེད་ལ། དེང་གི་འཛམ་གླིང་འདིའི་སྟེང་དོན་གྱི་བདག་པོར་དགའ་གུས་ཚད་མེད་ཞུ་བཞིན་པ་དག་ཀྱང་ཁྱོད་རྣམས་ཀྱི་ཞེ་འདོད་ལས་མ་འདས་ལགས། དེ་བས་རང་མཚང་རྗེན་པར་མ་སྟོན་རོགས། ༸གོང་ས་མཆོག་ཆབ་སྲིད་ཀྱི་སྟེགས་ལས་བཤོལད་ཀྱང་། ཁོང་གི་བཀའ་སློབ་ལམ་སྟོན་ནི་བོད་ཙམ་མ་ཟད་འཛམ་གླིང་སྤྱི་ལ་མཁོ་བས་ལོག་བཤད་མ་རྒྱག་རོགས། ཟུར་ཟ་མ་བྱེད་རོགས། སྐུར་བ་མ་འདེབས་རོགས། ང་ཚོ་བོད་མི་ཚོའི་སེམས་ལ་ན་ཟུག་གཏོང་གིས་
ཀརྨ་རྡོ་རྗེ།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
གཞོན་ལྷན་གལ་སྲིད་དབུ་མར་བཞུགས་པ་ཡིན་ན་ཡང་། ༸གོང་ས་མཆོག་གི་བཀའ་ལ་བརྟེན་ནས་བཞུགས་ན་ནོར་བ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་མཐུན་ཐབས་བྱས་ནས་དབུ་མར་འཇུག་ན་ཡང་ནོར་བ་རེད། འོནད་ཀྱང་། གཞོན་ནུ་རང་གི་སྔ་གྱི་སྲོལ་རྒྱུན་ལྟར་རང་བཙན་གྱི་ལྟ་<བ་འཁྲེགས་བཟུང་བྱས་ནས་ཕན་ཐོགས་མེད་པ་མཐོང་བཞིན་དུ། གཞོན་ལྷན་དབུ་མར་མ་བཞུགས་ན་དེ་བས་ཀྱང་ནོར་བ་རེད་དོ།།
གསེར་འབྲུག་སྡེར་ལྔ་
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
སྐར་མདས་བཤད་པ་དེ་དེ་བཞིན་ནོ། ངས་ནམ་རྒྱུན་ནས་༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་བགྲེས་ཡོལ་ལ་ཕེབས་ཟིན་པའི་སྔ་གཞུག་གི་དགོས་དམིགས་ལ་མི་བལྟ་བར་ཁོང་བཙན་གྱིས་ཆབ་སྲིད་སྡིང་ཆའི་སྟེང་དུ་དྲུད་ཡོང་བ་འདིས། ཏང་གིས་ཏཱ་ལའི་བླ་མ་ཞལ་ཞེ་མི་མཚུངས་པའི་མཚན་སྨོད་རྒྱུན་འཛིན་ཞུ་བར་རམ་འདེགས་བྱེད་པའི་ལམ་ལུགས་འདི་མཚམས་འཇོག་བྱས་ན་ཡག་པོ་ཡོད་པ་རེད་ལ། ཁོང་ལ་དད་པ་དང་ཡིད་ཆེས་ཡོད་ན་ཁོང་གི་མཛད་འཕྲིན་ལ་དོ་འཕོག་མི་གཏོང་བ་གལ་ཆེན་ནང་གི་དོན་ཆེན་རེད། ང་ཚོ་གཞུང་སྒེར་གཉིས་ཀས་ལྟ་གྲུབ་མི་མཐུན་ཡང་རང་རང་ས་ནས་འཇོན་ཚོད་ཀྱིས་ཧུར་ཐག་བསྐྱེད་ནས་བོད་དོན་བདེན་མཐའ་བསེལ་བ་བྱེད་རྒྱུ་དེ་རེད།
སྐར་མདའ།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
ང་ཚོར་ཅི་ཡང་མི་ཤེས་པའི་རྨོངས་དད་ཅན་ཇི་འདྲའི་མང་བ་ལ་ཨང་། སྤྱི་སྒེར་གྱི་ཚོགས་སྡེ་གང་ཞིག་ཡིན་ཡང་ཆབ་སྲིད་ཐད་ནས་༧གོང་ས་མཆོག་མ་གླེང་རོགས། བཟང་ངན་ལ་མ་ལྟོས་པར་གཞོན་ལྷན་ནི་ཆབ་སྲིད་ཀྱི་ཚོགས་པ་ཆེན་པོ་ཞིག་ཡིན་དུས། ཆབ་སྲིད་ཀྱི་ལས་དོན་རྐྱང་བ་བསྒྲུབ་ན་ལེགས་པ་ལས། ཆོས་ཕྱོགས་དང་འབྲེལ་བའི་ལས་དོན་རིགས་འདིར་དྲུད་མ་ཡོང་ན་ཡག་གི་རེད། ལྷག་པར་དུ་དགོས་དོན་ཞིག་ཡོད་མདོག་གིས་༧གོང་ས་མཆོག་གི་མཚན་འདིར་གང་བྱུང་ངང་དྲུད་མ་ཡོང་ན་ཡག་གི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་ཀྱང་སོ་སོའི་དགོས་དོན་ལ་ཐུག་དུས་༧གོང་ས་མཆོག་གི་མཚན་ནས་ལུང་འདྲེན་བྱེད་པ་དེ་ཚོ་ཡང་མཚམས་འཇོག་གནང་རོགས།
དོན་དངོས་སུ་༧གོང་ས་མཆོག་གི་བཀའ་དགོངས་ལ་ཁག་འདོགས་བྱེད་མཁན་ཚོའི་ཁྲོད་ན་ཁོང་གི་བཀའ་དགོངས་ངོ་མ་སེམས་གཏིང་ནས་སྒྲུབ་མཁན་ག་ཚོད་ཡོད་དམ། དེ་རྩ་ནས་ཀླད་གོར་ཡིན་རྒྱུ་རེད།
༧གོང་ས་མཆོག་སྐུ་ལྷོད་ལྷོད་ངང་འཇོག་རོགས། ༧གོང་ས་མཆོག་ནང་པའི་དགེ་སློང་ཞིག་གི་ས་ནས་འཇོག་རོགས། ༧གོང་ས་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་ས་ནས་འཇོག་རོགས།

བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་དེ་༧གོང་ས་མཆོག་ཕུད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་ཚོགས་སྡེ་ཁག་ཚང་མས་ཁ་ཞེ་གཉིས་མེད་ཀྱིས་བསྒྲུབ་དགོས། བོད་ཀྱི་ཆབ་སྲིད་ལས་དོན་ཀྱི་ཐད་ནས་གཞོན་ལྷན་གྱི་ལངས་ཕྱོགས་འདི་ཧ་ཅང་གལ་ཆེན་ཞིག་ཡིན། གལ་ཆེའི་ཚོགས་པ་འདིའི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་དོན་གང་ཡང་མེད། གལ་སྲིད་གཞོན་ལྷན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་བར་ཕྱོགས་ཚེ། དེ་ལ་འགྱུར་བ་མི་གཏོང་བར་ཐོག་མ་ཉིད་ནས་གཞོན་ལྷན་གྱི་ཚོགས་པ་དེ་སྒོ་བརྒྱབ་ན་ཡག་ཤོས་རེད་ཅེས་བརྗོད་འདོད་བྱུང་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།