བོད་པ་རྒྱ་གར་བ་དང་བདག་གི་ཐེ་གཏོགས་ཀྱི་སེམས་ངོ་

འདོན་སྤེལ། ༢༠༡༣/༠༦/༡༠

པདྨ་བསམ་གྲུབ།

བོད་རྒྱལ་སྲོང་བཙན་གྱི་ཡུལ་ཀླུངས་ཁོག་ཏུ་མ་ཤོང་པའི་དཀྱེལ་ཡངས་ཀྱི་ཐུགས་དགོངས་ཟབ་མོ་དེ། ཁོང་ནས་རྩིས་པའི་མི་རབས་འགའི་རྗེས་སུ་ཕྱོགས་རིས་བའི་བློ་ཇུས་ཤིག་གིས་དོག་པོར་བསྒྱུར་སོང་བ་ན། འདོད་འདུན་དང་ཞེན་ཆགས་སྣ་ཚོགས་པའི་འཁྲུག་ལོང་གིས་སྲ་ཐག་པའི་ལྕགས་ཀྱི་གོང་བུ་དེ་སིལ་བུར་གཏོར་སོང་། སིལ་བུར་གཏོར་ནས་བཟུང་ད་ལྟའི་བར་དུ་བཅོས་སྒྲིག་ལ་བླ་ལྷག་གིས་འབད་མྱོང་བའི་སྐྱེ་བུ་མང་དུ་བྱུང་མོད། སུས་ཀྱང་ཆ་ཚང་བ་ཞིག་ཏུ་བསྒྱུར་མ་ཐུབ། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་པ་རྣམས་འཛམ་གླིང་གི་ཕྱོགས་བཞི་ཀུན་ཏུ་ལྡོམ་ཞིང་གྱེས་ལ། གྱེས་ནས་རྒྱལ་ཁོངས་སོ་སོའི་ཡིག་ཐོག་གི་མི་སེར་དུ་གྱུར་དང་འགྱུར་བཞིན་ཡོད། འདི་ནི་སྔོན་ཆད་བོད་པ་ཚོ་བོད་ཡུལ་ནས་ས་ཁུལ་བཅད་བཟུང་གིས་ཁ་ཐོར་བྱུང་བ་ལས་ཀྱང་ཉམས་ཉེས་ཚབས་ཆེན་བྱུང་བ་ཡིན། བདག་གིས་རྒྱུས་ལོན་བྱས་པ་ལྟར་ན། སྔོན་ཆད་ཡིག་ཐོག་ཙམ་ནས་མི་སེར་དུ་གྱུར་བ་དག་གི་བུ་ཕྲུག་རྣམས། ད་ནི་ཞེ་བསམ་པའི་གཏིང་ནས་རྒྱལ་ཁབ་དེ་དག་གི་མི་སེར་རམ་བུ་ཕྲུག་ངོ་མ་ཞིག་ཆགས་པ་དང་། ཁོང་ཚོས་ཀྱང་ཕྱི་གླིང་བ་ཞིག་དང་འདྲ་བར་རང་དབང་མེད་པའི་བོད་ཕྱི་ནང་གི་བོད་མི་ཚོ་སྙིང་རེ་རྗེ་ཨང་ཟེར་བ་ལས། མི་རིགས་འཐབ་རྩོད་ཀྱི་ཁྲག་རྩའི་འཕར་ལྡིང་དེ་གར་སོང་ཆ་མེད་དུ་གྱུར་ནས་འདུག་ཚོད།

མདང་ནུབ་ངས་དྲ་ལམ་ནས་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་ཚན་དུ་སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱས་པ་ཞིག་ཉན་རྒྱུ་བྱུང་། ཁོང་གིས་བོད་པ་སྐྱབས་བཅོལ་བ་རྒྱ་གར་མི་སེར་བཟོ་འདོད་ཡོད་པ་ཚོར་དགག་བྱ་མེད་པའི་ཡི་གེ་ཞིག་སྤྲོད་ཀྱིན་ཡོད་པ་དང་། ད་ལྟའི་བར་དུ་བོད་མི་ ༡༣ ཙམ་ཡི་གེ་དེ་ལེན་དུ་ཡོང་ཡོད་ཚུལ་གསུངས་བྱུང་

བསམ་བློ་ཞིབ་ཏུ་མ་བཏང་ཚེ། གནས་ཚུལ་འདིས་ང་ཚོའི་སེམས་ངོར་དངངས་འཚབ་ཅིག་བསྐྱེད་པར་བྱེད་ནའང་། རྒྱ་གར་ཙམ་དུ་མ་གཏོགས་འཛམ་གླིང་གང་སར་ཁྱབ་པའི་བོད་མི་ཐམས་ཅད་རྒྱལ་ཁབ་དེ་དག་གི་མི་སེར་དུ་གྱུར་དང་འགྱུར་བཞིན་ཡོད་པ་མིན་ནམ། ཁོང་ཚོ་ལ་ནི་དེ་བཞིན་བྱ་བ་ལས་འདམ་ག་གཞན་ཅི་ཡང་མེད་པ་ཡིན་འདུག འོན་ཀྱང་རྒྱ་གར་གྱི་བོད་མི་སྐྱབས་བཅོལ་བ་ཚོ་དེ་ལྟ་མིན་ནའང་། ཕྱི་ལོ་ལྔ་དགུ་ཚུན་ཆད་ནས་ད་ལྟའི་བར་བོད་མིས་རྒྱ་གར་མི་སེར་བཟོས་པའི་གྲངས་ཚད་ནི་སྲིད་སྐྱོང་མཆོག་གིས་གསུངས་པ་དེ་ཙམ་མིན། ཁོང་གིས་གསུངས་པའི་གྲངས་ཚད་དེ་ནི་ཁྲིམས་མཐུན་གྱི་སྒོ་ནས་དང་མངོན་གསལ་དུ་བཟོ་བཞིན་ཡོད་པའི་གནས་ཚུལ་གསར་བ་ཞིག་རེད། གནས་ཚུལ་གསར་བ་འདི། བོད་མོ་གཞོན་ནུ་མ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཐོག་མའི་མགོ་བཙུགས་པ་རེད། མོའི་འབད་པ་དང་འུ་ཚུགས་ཀྱིས་བོད་མི་ཞིག་རྒྱ་གར་དབུས་ཁྲིམས་ཁང་ནས་མི་སེར་གྱི་ཆོག་མཆན་ཐོབ་པ་ཐོག་མར་གྱུར།

ཁོང་མོས་དྲིས་ལན་ཞིག་ཏུ་ སེམས་གཏིང་ནས་ང་ནི་བོད་པ་ཞིག་ཡིན། འོན་ཀྱང་ད་ནི་ང་རྒྱ་གར་གྱི་མི་སེར་ཞིག་ཏུ་གྱུར། ངའི་ཡིད་ཆེས་ལ་སུས་ཀྱང་རང་གི་ཐོབ་ཐང་ལ་ངེས་ཤེས་སྐྱེས་དགོས། དེ་བས་ང་ལའང་རང་ཉིད་ཀྱི་ཐོབ་ཐང་རང་གིས་ཤེས་རྟོགས་ལས་ཐོབ་པ་ཡིན།གསུངས། ངའི་དྲན་ཕྱོགས་ཤིག་ལ་ང་ནི་བོད་མི་ཞིག་ཡིན་ཡང་བློ་དཀྱེལ་ཡངས་པའི་རྒྱ་གར་རྒྱལ་ཁབ་ཀྱིས་འཛམ་གླིང་ཀུན་ཁྱབ་ཀྱི་བསམ་ཤེས་དང་། གོ་ལའི་ཁྲིམས་ལུགས་ལ་བརྩི་འཇོག་གིས་བདག་ལ་རྒྱ་གར་མི་སེར་གྱི་ཐོབ་དབང་བྱིན་པར་བཀའ་དྲིན་ཆེའོ།ཞེས་ཁོང་མོའི་གསུང་ལན་དེ་འདི་འདྲ་ཞིག་ཡིན་ན་ཅི་མ་རུང་སྙམ། འོན་ཀྱང་ཁོ་མོས་དེ་ནི་རང་ཉིད་ཀྱི་ཐོབ་ཐང་ཞིག་ཏུ་སྨྲ་བའི་སེམས་ཚོར་དེ་གང་ནས་ཅི་ལྟར་བྱུང་བ་ཡིན་ནམ། སྐད་ཆ་འདི་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་ཕར་དེད་དེ་བསམས་ཚེ་ཅི་འདྲའི་ཧམ་བཤད་ཅིག་ཡིན་ངེས་ཨང་། འཛམ་གླིང་འགྱུར་སོང་། ལྟ་ཚུལ་འགྱུར་སོང་ཟེར་ན། བོད་མིའི་དྲན་པའི་རྒྱུན་འདི་ཧ་ཅང་ཐུང་དྲགས་པ་མིན་ནམ།

ཡང་ཁྲིམས་ལུགས་འདུ་ཤེས་ཀྱི་ངོས་ནས་བལྟས་ན། སྔ་མ་ཚོས་ནག་ཁྲོམ་བརྒྱུད་དེ་བཟོས་པ་ལས་ད་ལྟའི་བཟང་སྤྱོད་འདི་ལ་ཡི་རངས་ཞུ་འོས་པ་ཡིན་ཚོད་ཀྱང་། གནད་དོན་འདིས་ཅི་ཞིག་མཚོན་པ་ཡིན་ནམ། མི་སྒེར་བ་ཞིག་གི་ངོས་ནས་བསམ་ཚེ། དེ་ནི་རང་ཉིད་ཀྱི་རང་དབང་རེད། འགྲོ་བ་མིའི་ཐོབ་ཐང་རེད་ཟེར་རམ། གནད་དོན་འདིའི་དཔེ་མཚོན་དུ་འོས་པའི་ཁོང་མོ་ནི་བོད་མི་རང་ག་བ་ཞིག་མ་རེད། བོད་རྒྱལ་སྲོང་བཙན་གྱི་རྒྱུད་པར་གྲགས་པའི་ལྷ་རྒྱ་རི་ཁྲི་ཆེན་གྱི་སྲས་མོ་རེད། ལོ་རྒྱུས་ཀྱི་དོན་དངོས་ལ་སྦྱར་ཏེ་སྐད་ཆ་བཤད་སྟངས་གཞན་དུ་བསྒྱུར་ན། ཁོང་མོ་ནི་དགོངས་པའི་དཀྱེལ་ཡངས་བའི་རྒྱལ་པོ་སྲོང་བཙན་གྱི་རྒྱུད་པ་རེད་ཟེར་བ་ལས། ནང་ཆོས་ལ་དད་ཞེན་ཆེ་བའི་ཆོས་རྒྱལ་ཁྲི་སྲོང་གི་རྒྱུད་པར་བཤད་ན་ལུགས་དང་མཐུན་ལ། དེ་བས་ཀྱང་ཆབ་སྲིད་ལ་བློ་དཔའ་བའི་རྒྱལ་པོ་གླང་དར་གྱི་ཡང་ཚར་བཤད་ན་ནི་ཤིན་ཏུ་འོས་པ་ཡིན་མོད་ཀྱང་། ང་ཚོ་བོད་མིའི་འདུ་ཤེས་ཀྱི་ཁྱབ་ཁོངས་སུ་འདི་ལྟར་ཤོད་མ་སྤོབས་པ་འདྲ་ཡང་། ད་ནི་ཁོང་མོ་ཁྲིམས་ཐོག་ནས་རྒྱ་གར་བ་ཞིག་ཏུ་གྱུར་ཟིན་པ་མ་ཟད། དེ་ནི་ཁོང་མོས་ཧ་ཅང་སྤོབས་སེམས་ཆེན་པོས་བསྒྲགས་པ་རེད། ཁོང་མོས་བོད་མི་རིགས་འདི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་ཏུ་ཁྲིད་པ་ཡིན་ནམ། ཁོང་མོ་ལྟ་བུའི་ཡུལ་གྱར་བོད་རིགས་གཞོན་ནུ་རྣམས་ལ་རྒྱལ་ཁོངས་ཤིག་ཡོད་པར་བྱས་སམ། ཡང་ན་ཁོང་མོའི་རྒྱུད་པ་ཡར་དེད་ན། བོད་བཙན་པོའི་རྒྱལ་རབས་ཀྱི་ཐོག་མ་གཉའ་ཁྲི་ཡིན་དགོས་ལ། གཉའ་ཁྲི་བཙན་པོའི་རྒྱུད་པ་ནི་རྒྱ་གར་ལ་གཏུགས་པའི་བཤད་ཡམ་ཞིག་ཡོད་པ་ལྟར། ད་ནི་ཁོང་མོ་གཙོས་པའི་རིགས་རྒྱུད་གཅིག་པའི་བོད་རིགས་ན་གཞོན་ཚོ་རང་གི་མེས་པོའི་རྒྱལ་ཁུངས་སུ་བཙུད་པ་རེད་དམ། གང་ལྟར་བོད་མི་རྒྱ་གར་མི་སེར་བཟོ་མཁན་ཇེ་མང་དུ་འགྲོ་ངེས་རེད་ལ། མ་གཞི་རྒྱ་གར་ནང་གི་བོད་མིའི་གནས་སྟངས་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་གར་རང་གི་ཁྲིམས་གང་ལའང་ཁུངས་གཏུགས་ས་དང་གཞི་འཛིན་ས་མེད་པའི་གནས་བབ་ཞིག་ཏུ་ཡོད་འདུག་ལ། ༧གོང་ས་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་ཞིག་དང་བོད་མི་ཚོ་རྒྱལ་ཁབ་འདིར་ཐོ་འགོད་ཙམ་བྱས་པའི་ཕྱི་རྒྱལ་བའི་ངོ་བོར་གནས་ཡོད། འདི་ནི་རྒྱ་གར་རྒྱལ་ཁབ་ཀྱིས་རྒྱ་ནག་དང་མཐུན་གྲོགས་སུ་གནས་རྒྱུ་དང་བོད་ལ་སེམས་གཏིང་ནས་བརྩེ་བ་སྤྲོད་རྒྱུ་ཟེར་བ་དེ་ཡིན་ནམ། འདི་ནི་དམིགས་གསལ་གྱི་གོ་སྐབས་ཤིག་ཡིན་ནམ། ཡང་ན་ཡིད་ཆེས་བྲལ་བའི་ཉེན་ཁ་ཞིག་རེད་དམ། གང་ལྟར་བོད་མི་སྐྱབས་བཅོལ་བ་ཇེ་ཉུང་དུ་འགྲོ་ངེས་རེད། གནད་དོན་འདིས་བོད་མི་ཚོ་བོད་དོན་བདེན་མཐའ་གསལ་མིན་ལ་ཡིད་ཐང་ཆད་པ་མཚོན་ཨེ་ཐུབ།

ཡང་ན་མི་ཡུལ་དུ་གཏན་སྡོད་ཀྱི་གཞིས་ཁང་མི་རྒྱག་པའི་དམ་བཅས་མྱོང་སྐད་ཀྱི་བློ་དཔའ་ལ་ཡིད་གཞུང་བའི་མི་རབས་རྒན་པ་ཚོའི་དུར་ས་གནམ་ལ་བཏབ་རྗེས། མི་ལོ་ང་གསུམ་སོང་རྗེས་ཀྱི་དེ་རིང་གི་མི་ཐོག་འདིར་ཅི་ཡང་ཤུལ་ལུས་མ་བྱུང་བ་ཡིན་ནམ། འདི་ནི་བོད་དོན་གྱི་ཉེན་ཁ་ཞིག་ཡིན་ནམ། ཡང་ན་ཐབས་ལམ་ཞིག་རེད་དམ། དེ་ལྟ་ནའང་། ང་ཚོའི་འཐབ་རྩོད་ཀྱི་ལས་ཀྱི་སྣེ་མོ་ལ་འཐམ་པའི་བོད་པ་ཧ་ཅང་མང་པོ་སྔ་མོ་ནས་རྒྱ་གར་གྱི་མི་སེར་བཟོས་ཟིན་པ་ལ་བལྟས་ན། དེ་ནི་བོད་ཀྱི་བདེན་མཐའ་གསལ་བར་ངེས་པར་མཁོ་བའི་དོན་གནད་ཅིག་ཡིན་ཡང་སྲིད་དམ། ཕྱི་མིས་བྲིས་པའི་རྩོམ་ཡིག་ཅིག་ཏུ་ད་ལྟའི་བོད་གཞུང་གི་བཀའ་བློན་ཁྲོད་དུའང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་ཨ་རི་བ་ཡིན་པ་དང་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཁ་ན་ཌ་བ་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་རྒྱ་གར་བ་ཡིན་པ་རེད་ཟེར། སེམས་མ་འཚབ། ཁོང་རྣམ་པ་ནི་ལྷག་བསམ་དང་ཤེས་འཇོན་ལྡན་པའི་ཡུལ་གྱར་བོད་མིའི་མི་རབས་ཤིག་གི་ཚབ་མཚོན་མི་སྣ་ཡིན་པས། ཁོང་ཚོས་གནང་ཕྱོགས་ལ་འགལ་འཛོལ་ཅི་ཡང་ཡོད་མི་སྲིད། འདི་ནི་རང་སེམས་གསོ་པའི་སྐད་ཆ་ཙམ་ཡིན་ནམ། ཡང་ན་ཁོང་རྣམ་པ་རིགས་རྒྱུད་གཅིག་པའི་ལར་ཞེན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་བྱེད་དུ་ཡོང་བར་ངོས་འཛིན་དགོས་སམ། དེ་མིན་རྒྱལ་ཁབ་གང་གི་མི་སེར་དུ་གྱུར་བ་དེ་ང་ཚོའི་སྟོབས་ཤུགས་ཤིག་ཏུ་འགྱུར་བའི་རེ་བ་འདུག་གམ།

སྐབས་འདིར་ངས་སྙན་ངག་པ་ཚེ་རིང་དོན་པ་དབང་མོའི་སྙན་ཚིག་དང་། བསྟན་འཛིན་བརྩོན་འགྲུས་ཀྱི་རྩོམ་ཡིག་ཏུ་བཀོད་པའི་རང་ཉིད་ལ་རྒྱལ་ཁོངས་མེད་པར་སྡུག་ཡུས་བཏོན་པ་དེའང་དྲན་འོངས། ཁོང་གཉིས་ནི་མི་ཡུལ་དུ་སྐྱེས་ཤིང་འཚར་བ་དང་། དཔེ་མཚོན་དུ་འོས་པའི་མི་བུ་རུས་རྐང་ཅན་གཉིས་ཡིན་ལ། ཁོང་གཉིས་ཀྱིས་ཀྱང་འདི་ལྟར་རང་སེམས་ཀྱི་སྐྱོ་བ་མཚོན་པར་བྱས་པའིི་དམིགས་དོན་ཅི་ཞིག་ཡིན་ནམ། ང་ཚོར་ང་ཚོའི་རྒྱལ་ཁབ་མཁོ་བ་ཡིན་ནམ། ཡང་ན་ང་ཚོ་གང་ཡང་རུང་བའི་རྒྱལ་ཁོངས་ཤིག་ཏུ་གཏོགས་ན་ཆོག་གམ། ང་དངོས་གནས་མགོ་འཐོམ་སོང་། ངས་ད་རུང་བསམ་བློ་གཏོང་གི་ཡོད།

ཉེ་སྔོན་ཞིག་ནས་རྒྱ་གར་བའི་རྩོམ་པ་པོ་དང་ནུབ་གླིང་བའི་རྩོམ་པ་པོ་རེ་འགས་ཀྱང་ད་ནི་བོད་པ་རྣམས་རྒྱ་གར་གྱི་ཁྲིམས་མཐུན་མི་སེར་དུ་བསྒྱུར་དགོས་པ་ནན་གྱིས་སྨྲ་བཞིན་འདུག འོ་ན་ཁོང་ཚོས་སེམས་ཚོར་གང་འདྲ་ཞིག་གིས་འདི་ལྟར་བརྗོད་པ་ཡིན་ནམ། ཕྱི་མི་རྩོམ་པ་པོ་ཞིག་གིས་གསུངས་རྒྱུར་བོད་པ་ཚོ་ཁེར་རྐྱང་དུ་སྡོད་སྒར་གྱི་ལམ་ལུགས་འདིའི་རྣམ་པའི་འོག་དུ་བསྡད་སྟབས། ཁོང་ཚོར་ལས་ཀ་དང་འོས་འདེམས། སྡོད་ཁང་ཉོ་བ། ཚོང་གཉེར་ཐོ་འཁོད་བྱ་བ་བཅས་ཀྱི་ཁེ་དབང་ཡོངས་སུ་བྲལ་ཡོད་པར་བཤད། སྙིང་ཉེ་བའི་སྐད་ཆ་འདི་ནི་བོད་པ་མང་མང་གི་སེམས་སུ་བརྣག་པའི་དོན་དངོས་ཤིག་ཡིན་ངེས་ལ། བོད་མི་སྒེར་བའི་འཇོན་ནུས་དང་མངོན་འདོད་ལ་ཚད་བཀག་དང་ཕོག་ཐུག་ཐེབས་ཀྱིན་ཡོད་པ་ཡང་དོན་དངོས་ཡིན། འོན་ཏེ་ངའི་ཡིད་ལ་བསམ་ཕྱོགས་གཞན་ཞིག་འདི་ལྟར་དྲན་འོངས། ང་ཚོར་མཚོན་ན་གནས་ཡུལ་འཚོ་གནས་ཀྱི་གྱོང་དེ་དག་རང་ཉིད་ཀྱི་བློས་བཏང་ཞིག་དང་། མི་རིགས་ཤིག་གི་འོས་འགན་དེ་ཡིན་ནམ།

སྐད་ཆ་གསལ་བོར་བཤད་ན། གནས་སྟངས་འདི་དག་ནི་ང་ཚོ་བོད་མི་སྒེར་བ་དང་མི་རིགས་ཐུན་མོང་ལ་ཕྲད་དང་འཕྲད་འོས་པའི་གནོད་འཚེ་ཞིག་མ་རེད་དམ། བོད་པ་སྐྱབས་བཅོལ་བའི་མིང་ཙམ་ཡང་མ་ལྷག་ན། ད་དུང་བོད་པ་ཚོར་བོད་དོན་རྩོད་པའི་འོས་བབ་ཡོད་དམ། ཡང་ན་བོད་ཀྱི་དོན་གྱི་བདག་པོ་བོད་ནང་གི་བོད་མི་ཚོ་ཡིན་པས་དེ་ཅི་ལ་སྐྱོན། ང་ཚོ་ནི་ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཙམ་རེད་ཟེར་རམ། སྤུ་རྒྱལ་བཙན་པོའི་སྐབས་སུ་བོད་རིགས་རྣམས་ཨེ་ཤ་ཡའི་སྙིང་དབུས་ནས་དཔའ་སྤོབས་ཀྱིས་ཕྱོགས་བཞིར་གྱེས་པ་དང་། ཕྱི་ལོ་ལྔ་དགུ་ནས་བཟུང་བོད་མི་ཚོ་འཛམ་གླིང་ཕྱོགས་ཀུན་ཏུ་ཉམས་ཆུང་གིས་སྐྱབས་བཅོལ་ཞུ་བའི་དམིགས་ཡུལ། མི་རིགས་དང་རྒྱལ་ཁབ་ཀྱི་དོན་བྱ་མིན་ནམ། འདི་གཉིས་ཀ་ལ་མི་འདྲ་བའི་ཁྱད་པར་ཅང་ཡོད་དམ། དེང་འདིར་འཛམ་གླིང་དུ་ཁྱབ་ཆེ་བའི་དུས་ཀྱི་ལྟ་བ་སྣ་ཚོགས་ཀྱིས་ཀྱང་ང་ཚོའི་སེམས་ངོར་བསླུ་བྲིད་བྱས་པ་མང་སོང་ངམ། ང་ཚོས་མི་རིགས་རིང་ལུགས་ཀྱི་ཕུགས་བསམ་གླེང་མ་ཕོད་པར་ཡོད་ལ། ང་ཚོས་གངས་སྐྱིད་ཕ་ཡུལ། སུ་བྱམས་ཕ་མ་ཡིན་པའི་རྣལ་འབྱོར་བའི་སྤྱོད་པ་དེ་ཡང་ཁ་སྒོ་རུ་གླེང་ཚར་ནས་འདུག མ་གཞི་ཚན་ཉིད་བསམ་བློ་དང་རིན་ཐང་ལྟ་བ་ནི་ཁ་བཏགས་ཤིག་ཡིན་པའི་དབང་དུ་བཏང་ཚེ། དེང་གི་དུས་སུ་བོད་མི་ཚོས་སྔོན་ཆད་བཀྲ་ཤིས་ཁ་བཏགས་སུ་བསྒྲོན་པ། ད་ནི་མྱ་ངན་ཁ་བཏགས་སུ་སྤྱོད་པས་མི་ཚད། ག་ས་གང་ལ་གང་དྲན་དྲན་དུ་བེད་སྤྱོད་ཀྱིན་ཡོད་པ་ཁྱེད་ཀྱིས་མ་མཐོང་ངམ། དེ་བས་ང་རང་དངོས་གནས་མགོ་འཐོམ་སོང་། ངས་ད་རུང་བསམ་བློ་གཏོང་གི་ཡོད།

ཤོག་ངོས་འདི་ཐེངས་ ༢༠༧༤ ལ་བཀླགས་འདུག
རིག་པ་འདོན་པ།
བྱ་ལི་རིག་བུ།
༢༠༡༣/༠༦/༡༡ ཉིན་འདོན་སྤེལ་བྱས།
སྤྱིར་བཏང་འཕྲལ་ཕུགས་ཀྱི་བོད་པ་སྤྱི་བའི་རྩ་དོན་ཐོག་ཕན་དང་གནོད་གང་འདྲ་འབྱུང་མིན་བཤད་དཀའ་བ་ཞིག་རེད། ངས་འདི་ནས་ཨུ་ཚུགས་བརྒྱབ་སྟེ་བཤད་འདོད་ཀྱང་བྱུང་མ་སོང་། ཡིན་ནའང་ང་དགུ་ལོར་བོད་པ་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་བ་ནས་བཟུང་མི་མང་པོ་ཞིག་གིས་སྤྱིར་བཏང་འཕྲལ་ཕུགས་ཀྱི་བོད་པ་སྤྱི་བའི་རྩ་དོན་ཐོག་ཕན་དང་གནོད་གང་འདྲ་འབྱུང་མིན་བཤད་དཀའ་བ་ཞིག་རེད། ངས་འདི་ནས་ཨུ་ཚུགས་བརྒྱབ་སྟེ་བཤད་འདོད་ཀྱང་བྱུང་མ་སོང་། ཡིན་ནའང་ང་དགུ་ལོར་བོད་པ་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་བ་ནས་བཟུང་མི་མང་པོ་ཞིག་གིས་རྒྱ་གར་གྱི་མི་སེར་བཟོ་རྒྱུ་ལས་སླ་བོ་ཡོད་པ་ཡིན་ནའང་བཟོས་ཡོད་པ་མ་རེད། ལྷག་པར་དུ་རྒྱ་གར་ནང་དུ་སྐྱེས་མཁན་གྱིས་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆའི་ ༦༠ ལྷག་ཟིན་ཡོད་པ་རེད། འདི་དག་ཚང་མས་རྒྱ་གར་མི་སེར་བཟོ་རྒྱུ་ལས་སླ་བོ་ཡོད་པ་རེད། ཅི་ཕྱིར་མ་བཟོས་པ་རེད། བོད་པ་རྒྱ་གར་ནང་འབྱོར་རྗེས་ང་ཚོ་བོད་པ་རང་གི་ངོ་བོའི་ཐོག་ནས་སྡོད་རྒྱུ་ཡིན། ང་ཚོས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱས་ཏེ་ནམ་ཞིག་བདེན་མཐའ་གསལ་བའི་ཉིན་མོ་ཕྱིར་བོད་ནང་ལོག་རྒྱུ་ཡིན་ཟེར་ནས་དཀའ་སྡུག་དང་ཉེན་ཁ་ཅི་ཙམ་འཕྲད་ནའང་ཨུ་ཚུགས་མཐར་སྐྱེལ་གནང་སྟེ་རྒྱ་གར་གྱི་མི་སེར་མ་བཟོས་པར་བོད་པ་སྐྱབས་བཅོལ་བ་ཁེར་གཙང་ཞིག་གི་ངོ་བོའི་ཐོག་ནས་བསྡད་པ་རེད། ཁ་སང་དེ་རིང་གི་བྱ་སྤྱོད་འདིས་རྒན་པ་རྣམ་པ་ཚོའི་མདུན་ནས་ངོ་གནོང་དགོས་པ་ཞིག་ཆགས་ཡོད།
རྒྱ་གར་ནང་ལོ་ལྔ་བཅུ་ལྷག་སྐྱེལ་ཚར་བའི་བོད་མི་རྒན་པ་རྣམས་དང་རྒྱ་གར་ནང་ས་སྐྱེས་རྡོ་སྐྱེས་བྱས་པའི་བོད་མི་གཞོན་སྐྱེས་སུ་ཞིག་ཡིན་རུང་རྒྱ་གར་གཞུང་ནས་མི་སེར་གྱི་ཐོབ་ཐང་ཞུ་བའི་ལམ་ཁ་ཡོད་པ་མ་ཤེས་པ་དང་། དེ་ཞུ་རྒྱུའི་ནུས་པས་མ་འདང་བ་དེ་འདྲ་རྩ་བ་ཉིད་ནས་མ་རེད། སྤྱིར་བཏང་སོ་སོ་སྒེར་གྱི་ལས་ཀ་བྱེད་པ་དང་དངུལ་འཚོལ་རྒྱུ། སོ་སོའི་ལྟོ་རྒྱབ་རེག་ཐབས་སོགས་ལ་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་བཟོས་ན་ཐུགས་ཕན་སོས་པོ་ཡོང་སྲིད་ཀྱང་། ང་ཚོ་བོད་པ་ཆབ་སྲིད་ཀྱི་སྐབས་བཅོལ་བ་ཞིག་ཡིན་ཟེར་བའི་སྐད་ཆ་དེ་བཤད་སར་འགྲོ་གི་མ་རེད། ལྷག་པར་དུ་ཁྲིམས་ཐོག་ནས་ཁྱོད་ལ་བོད་པ་སྐྱབས་བཅོལ་བ་ཡིན་ཟེར་བའི་ཁེ་དབང་དང་དམིགས་བསལ་ཐོབ་ཐང་གང་ཡང་ཡོད་པ་མ་རེད་ལ་དེ་རྩོད་པའི་འོས་བབ་ཀྱང་ཡོད་པ་མ་རེད། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ཟེར་བས་ཞེ་བོ་ཡིན་མདོག་མདོག་གིས་རྒྱ་གར་མི་སེར་བཟོས་པ་དང་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་པོས་ས་བསྒྲགས་གནམ་བསྒྲགས་བྱས་པའི་ཉེར་ལེན་ལ་བརྟེན་ཏེ་བོད་པ་མང་པོ་ཞིག་ལ་བློ་འགྱུར་བྱུང་སྟེ་སོ་སོའི་ཐོབ་ཐང་དེ་མ་བླངས་རང་བླངས་ཆགས་ཡོད་པ་རེད། ཡིན་ནའང་ངས་རྣམ་རྒྱལ་སྒྲོལ་དཀར་རང་གི་ནོར་འཁྲུལ་ཞིག་རེད་ཟེར་གྱི་མེད་བུ་མོ་ལོ་ཆུང་ཆུང་རེད། མོ་རང་གི་ནང་མི་ཕ་མ་ཚོ་དང་འབྲེལ་ཡོད་སྤུན་ཉེ་ཚོས་ལམ་སྟོན་རྒྱབ་འདེད་བྱས་ཏེ་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
བློ་བཟང་སེང་གེ་མཆོག་གིས་སྣེ་འཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་བའི་ཟླ་ངོ་ ༢༢ རིང་ལ་མི་ ༡༦ ་ཤིག་གིས་རྒྱ་གར་མི་སེར་བཟོ་རྒྱུ་ཡིན་པའི་སྙན་ཞུ་བཀའ་ཤག་ལ་འབྱོར་ཏེ་བཀའ་ཤག་གིས་རྒྱབ་གཉེར་སྤྲད་ཟིན་ཟེར་བ་དེ་གོང་གི་ལྷ་རྒྱ་རི་ཚང་གི་གནས་ཚུལ་དེ་ལ་བརྟེན་ཏེ་བྱུང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། རྒྱ་གར་གྱི་མི་སེར་བཟོས་པ་དེས་བོད་པའི་རྩ་དོན་ཐོག་ཕན་གནོད་གང་འདྲ་འབྱུང་མིན་བཤད་མི་དགོས་ཀྱང་། མེས་པ་རྒན་པ་ཚོས་སྐུ་ལས་བསྐྱོན་བཞག་པ་དེར་ལེགས་ཉེས་དཀར་ནག་གི་དབྱེ་བ་མ་ཕྱེས་པར་རྒྱལ་ཁ་ཆེན་པོ་ཞིག་བླངས་ཡོད་མདོག་མདོག་གིས་ས་བསྒྲགས་གནམ་བསྒྲགས་བྱས་པ་དེ་ངོ་ཚ་ཞིག་དང་། ལྷག་པར་དུ་བོད་མི་རྒན་པ་མང་པོ་ཞིག་ལ་ཡིད་ཐང་ཆད་དུ་བཅུག་ཡོད་པ་མ་ཟད། གཞོན་སྐྱེས་མང་པོ་ཞིག་ལའང་བག་ཆགས་དང་ལམ་ལུགས་སྲོལ་ངན་པ་ཞིག་གི་ལམ་ཁ་ཕྱེ་པ་རེད།
རྒྱ་གར་གྱི་མི་སེར་བཟོ་རྒྱུ་ལས་སླ་བོ་ཡོད་པ་ཡིན་ནའང་བཟོས་ཡོད་པ་མ་རེད། ལྷག་པར་དུ་རྒྱ་གར་ནང་དུ་སྐྱེས་མཁན་གྱིས་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆའི་ ༦༠ ལྷག་ཟིན་ཡོད་པ་རེད། འདི་དག་ཚང་མས་རྒྱ་གར་མི་སེར་བཟོ་རྒྱུ་ལས་སླ་བོ་ཡོད་པ་རེད། ཅི་ཕྱིར་མ་བཟོས་པ་རེད། བོད་པ་རྒྱ་གར་ནང་འབྱོར་རྗེས་ང་ཚོ་བོད་པ་རང་གི་ངོ་བོའི་ཐོག་ནས་སྡོད་རྒྱུ་ཡིན། ང་ཚོས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱས་ཏེ་ནམ་ཞིག་བདེན་མཐའ་གསལ་བའི་ཉིན་མོ་ཕྱིར་བོད་ནང་ལོག་རྒྱུ་ཡིན་ཟེར་ནས་དཀའ་སྡུག་དང་ཉེན་ཁ་ཅི་ཙམ་འཕྲད་ནའང་ཨུ་ཚུགས་མཐར་སྐྱེལ་གནང་སྟེ་རྒྱ་གར་གྱི་མི་སེར་མ་བཟོས་པར་བོད་པ་སྐྱབས་བཅོལ་བ་ཁེར་གཙང་ཞིག་གི་ངོ་བོའི་ཐོག་ནས་བསྡད་པ་རེད། ཁ་སང་དེ་རིང་གི་བྱ་སྤྱོད་འདིས་རྒན་པ་རྣམ་པ་ཚོའི་མདུན་ནས་ངོ་གནོང་དགོས་པ་ཞིག་ཆགས་ཡོད།
རྒྱ་གར་ནང་ལོ་ལྔ་བཅུ་ལྷག་སྐྱེལ་ཚར་བའི་བོད་མི་རྒན་པ་རྣམས་དང་རྒྱ་གར་ནང་ས་སྐྱེས་རྡོ་སྐྱེས་བྱས་པའི་བོད་མི་གཞོན་སྐྱེས་སུ་ཞིག་ཡིན་རུང་རྒྱ་གར་གཞུང་ནས་མི་སེར་གྱི་ཐོབ་ཐང་ཞུ་བའི་ལམ་ཁ་ཡོད་པ་མ་ཤེས་པ་དང་། དེ་ཞུ་རྒྱུའི་ནུས་པས་པ་འདང་བ་དེ་འདྲ་རྩ་བ་ཉིད་ནས་མ་རེད། སྤྱིར་བཏང་སོ་སོ་སྒེར་གྱི་ལས་ཀ་བྱེད་པ་དང་དངུལ་འཚོལ་རྒྱུ། སོ་སོའི་ལྟོ་རྒྱབ་རེག་ཐབས་སོགས་ལ་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་བཟོས་ན་ཐུགས་ཕན་སོས་པོ་ཡོང་སྲིད་ཀྱང་། ང་ཚོ་བོད་པ་ཆབ་སྲིད་ཀྱི་སྐབས་བཅོལ་བ་ཞིག་ཡིན་ཟེར་བའི་སྐད་ཆ་དེ་བཤད་སར་འགྲོ་གི་མ་རེད། ལྷག་པར་དུ་ཁྲིམས་ཐོག་ནས་ཁྱོད་ལ་བོད་པ་སྐྱབས་བཅོལ་བ་ཡིན་ཟེར་བའི་ཁེ་དབང་དང་དམིགས་བསལ་ཐོབ་ཐང་གང་ཡང་ཡོད་པ་མ་རེད་ལ་དེ་རྩོད་པའི་འོས་བབ་ཀྱང་ཡོད་པ་མ་རེད། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ཟེར་བས་ཞེ་བོ་ཡིན་མདོག་མདོག་གིས་རྒྱ་གར་མི་སེར་བཟོས་པ་དང་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་པོས་ས་བསྒྲགས་གནམ་བསྒྲགས་བྱས་པའི་ཉེར་ལེན་ལ་བརྟེན་ཏེ་བོད་པ་མང་པོ་ཞིག་ལ་བློ་འགྱུར་བྱུང་སྟེ་སོ་སོའི་ཐོབ་ཐང་དེ་མ་བླངས་རང་བླངས་ཆགས་ཡོད་པ་རེད། ཡིན་ནའང་ངས་རྣམ་རྒྱལ་སྒྲོལ་དཀར་རང་གི་ནོར་འཁྲུལ་ཞིག་རེད་ཟེར་གྱི་མེད་བུ་མོ་ལོ་ཆུང་ཆུང་རེད། མོ་རང་གི་ནང་མི་ཕ་མ་ཚོ་དང་འབྲེལ་ཡོད་སྤུན་ཉེ་ཚོས་ལམ་སྟོན་རྒྱབ་འདེད་བྱས་ཏེ་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
བློ་བཟང་སེང་གེ་མཆོག་གིས་སྣེ་འཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་བའི་ཟླ་ངོ་ ༢༢ རིང་ལ་མི་ ༡༦ ་ཤིག་གིས་རྒྱ་གར་མི་སེར་བཟོ་རྒྱུ་ཡིན་པའི་སྙན་ཞུ་བཀའ་ཤག་ལ་འབྱོར་ཏེ་བཀའ་ཤག་གིས་རྒྱབ་གཉེར་སྤྲད་ཟིན་ཟེར་བ་དེ་གོང་གི་ལྷ་རྒྱ་རི་ཚང་གི་གནས་ཚུལ་དེ་ལ་བརྟེན་ཏེ་བྱུང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། རྒྱ་གར་གྱི་མི་སེར་བཟོས་པ་དེས་བོད་པའི་རྩ་དོན་ཐོག་ཕན་གནོད་གང་འདྲ་འབྱུང་མིན་བཤད་མི་དགོས་ཀྱང་། མེས་པ་རྒན་པ་ཚོས་སྐུ་ལས་བསྐྱོན་བཞག་པ་དེར་ལེགས་ཉེས་དཀར་ནག་གི་དབྱེ་བ་མ་ཕྱེས་པར་རྒྱལ་ཁ་ཆེན་པོ་ཞིག་བླངས་ཡོད་མདོག་མདོག་གིས་ས་བསྒྲགས་གནམ་བསྒྲགས་བྱས་པ་དེ་ངོ་ཚ་ཞིག་དང་། ལྷག་པར་དུ་བོད་མི་རྒན་པ་མང་པོ་ཞིག་ལ་ཡིད་ཐང་ཆད་དུ་བཅུག་ཡོད་པ་མ་ཟད། གཞོན་སྐྱེས་མང་པོ་ཞིག་ལའང་བག་ཆགས་དང་ལམ་ལུགས་སྲོལ་ངན་པ་ཞིག་གི་ལམ་ཁ་ཕྱེ་པ་རེད།
གྲ་ཕྱི་བུ།
༢༠༡༣/༠༦/༡༠ ཉིན་འདོན་སྤེལ་བྱས།
པད་མ་བསམ་གྲུབ་ལགས། ད་གཉིད་སད་རན་འདུག ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོ་གནས་ཡུལ་སོ་སོའི་མི་སེར་ཆགས་རུང་། དེས་བོད་དོན་རྩོད་པར་ཤུགས་རྐྱེན་ཐེབས་མེད། ལར་ནས་རྒྱ་བལ་ཁུལ་གྱི་མི་ཆེན་དཔོན་ཆེན་མང་ཞིག་གནས་སོ་སའི་མི་སེར་ལག་ཁྱེར་བླངས་ཟིན། བལ་ཡུལ་ཁུལ་དུ་ཁམས་པའི་གཞིས་ཆགས་ཟེར་བ་དེ་སྔོན་བློ་སྒྲིག་འཛུགས་ཀྱི་རྙོག་དྲའི་སྐབས། བལ་གཞུང་ལ་མགོ་བཏགས་པ་རྣམས་རང་བཞིན་གྱིས་བལ་པོའི་མི་སེར་དུ་འགྱུར་གྱིན་ཡོད། འོན་ཏེ་ད་ལྟ་བར་སུས་ཀྱང་ང་བལ་པོ་ཡིན་ལབ་མཁན་མི་འདུག དེ་ལས་ལྡོག་སྟེ་ཁོ་ཚོས་མི་སེར་ལག་ཁྱེར་བཟུང་སྟེ་བོད་དོན་རྩོད་ཀྱིན་ཡོད། དེ་ལས་གཞན་མི་སེར་ལག་ཁྱེར་མེད་པ་དག་ལ་མཐོང་ཆུང་དང་། ཐ་ན་ཕྲུ་གུ་ཚོར་མཐོ་སློབ་ལེགས་པ་དང་། ལས་ཀའི་ཐོབ་ཐང་ཙམ་ཡང་རག་གི་མེད། མདོར་ན་མིས་འགྲམ་པར་ཐལ་ལྕག་ཅིག་ཞུས་ཀྱང་བཟོད་སྒོམ་བྱ་རྒྱུ་ལས་མ་འདས། ད་ཆ་རྒྱ་གར་གཞུང་ནས་ཁྲིམས་མཐུན་གྱི་ཡིག་ཆ་གནང་བ་འདི་ནི་མི་དམངས་སྤྱི་ལ་ཕན་ཞིང་། གོ་སྐབས་བཟང་པོ་ཞིག་ཡིན་པས། རྒྱབ་སྐྱོར་ཞུ་འོས། བོད་དོན་རྩོད་མཁན་ལ་རྒྱལ་ཁམས་ཀྱི་དབྱེ་བ་མེད། ད་ལྟ་ལྟར་ཡུལ་མེད་བདག་མེད་དུ་འཚོ་བ་རོལ་འདོད་གཅིག་ཀྱང་མེད་པས། དགོངས་པ་ཡངས་ཙམ་བཞེས་རོགས་མི་དམངས་སྙོམ་ཆུང་ཚོར་གཟིགས་རོགས་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།