རུལ་དྲི་ཁ་བའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བར་སྨོན།

འདོན་སྤེལ། ༢༠༡༣/༠༨/༢༡

ཐུབ་བསྟན་ཆོས་གྲགས།

ཉེ་འཆར་བཙན་བྱོལ་སྒྲིག་འཛུགས་ཀྱི་སྡེ་ཚན་ཁ་ཤས་ཀྱི་ལས་བྱེད་པས་གཞུང་དངུལ་ཧམ་ཟ་བྱས་པའི་གསལ་བསྒྲགས་འགའ་ཐེར་འདོན་གནང་ཡོད། དེ་ཡང་བལ་ཡུལ་ཇོ་ལ་ཁེལ་གྱི་རྩིས་པ་དང་ས་གནས་འགོ་འཛིན་ལས་འཚབ་གཅིག་ལྕོགས་བྱས་མྱོང་བ་འཆི་མེད་རྡོར་རྗེ་ཡིས་སྤྱི་དངུལ་འབུམ་ ༨༨ ལྐོག་ཟ་བྱས་པ་དང་  ཡང་ས་གནས་འབུམ་སྡེ་ལའི་གཞིས་གོ་བཀྲ་ཤིས་ནོར་བུ་དང་  བསྟན་འཛིན་སྒང་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་གཉིས་ཀྱིས་གཞུང་རྒྱུ་འབུམ་གཉིས་ལྷག་བཟས་པ། དེ་བཞིན་ངྷ་སྟེང་བོད་ཁྱིམ་གྱི་ལས་བྱེད་གཉིས་གསུམ་གྱིས་སྤྱི་དངུལ་སྒེར་ཟས་བྱས་པ་བཅས་ཀྱི་གནས་ཚུལ་འགའ་ཤས་རིམ་བཞིན་སྤྱི་ཚོགས་ཐོག་ཐོན་ཐུབ་པ་བྱུང་ཡོད།

ཕྱོགས་གཅིག་ནས་བལྟས་ན། བཙན་བྱོལ་བའི་སྤྱི་ཚོགས་ནང་འདི་ལྟ་བུའི་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་ཐོན་པ་ངོ་ཚ་དགོས་པ་དང་ ཞབས་འདྲེན་དགོས་པ་ཞིག་རེད།  འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་མངགཙོའི་ཁྲིམས་ལུགས་དང་མཐུན་པའི་སྒྲིག་འཛུགས་ཤིག་ནང་  ནག་ཉེས་མང་པོ་ཆེན་པོ་ནས་ཆུང་ཆུང་བཟོ་ཐབས་བྱེད་པ་དང་  ཆུང་ཆུང་ནས་ནང་ཁུལ་མེད་པ་བཟོ་ཐབས་བྱེད་པའི་དབང་ཆ་སྒེར་སྤྱོད་ཀྱི་མུན་ནག་གི་སྤྱི་ཚོགས་ཤིག་མ་ཡིན་པའི་དངོས་ར་འཕྲོཡོང་བཞིན་ཡོད་པ་ནི་ཅུང་ཡར་རྒྱས་ཀྱི་རྟགས་མཚན་ཞིག་རེད།

ཆབས་གཅིག་གོང་འཁོད་སྤྱི་དངུལ་སྒེར་ཟ་བྱེད་མཁན་གྱི་ལས་གནས་ལ་ཞིབ་འཇུག་ཅིག་བྱས་ན། རྩིས་པ་དང་དངུལ་གཉེར། ད་དུང་གཞིས་གོ་བཅས་ཅིག་ལྕོགས་ཀྱི་ལས་གནས་ཤིག་ནང་ རྩིས་གཙང་དང་འགྲོ་ལུགས་དང་མཐུན་པ་ཞིག་ཡོང་བ་ཧ་ཅང་ཁག་པོ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་མ་ཡིན་ནམ།  ཕྱོགས་གཅིག་ནས་དེང་དུས་མཐོ་སློབ་ཐོན་ནས་ལས་ཀ་མ་རག་པར་བར་སྡིང་ན་གཞོན་གཞིས་ཆགས་ཁག་ལ་མང་པོ་ཡོད། ཕྱོགས་གཅིག་ནས་མི་གཉིས་གསུམ་གྱི་ལས་འགན་དེ་མི་གཅིག་ལ་བྱེད་བཅུག་པ་ཆེད་མངགས་ཁོང་ཚོ་ནོར་འཁྲུལ་ཤོར་བའི་སྒོ་སྐབས་སྤྲད་པ་ཞིག་མ་རེད་དམ། 

གནས་སྟངས་འདི་འདྲའི་འོག་ལ་དབྱེ་ཞིབ་ཅིག་བྱས་ན་གནད་དོན་ཁག་གཉིས་མཐོང་ཐུབ། གཅིག་ནི་ངྷརམ་ས་ལའི་ལས་ཁུངས་ཨ་མ་དབང་ཆའི་འཐབ་རྩོད་ནང་ཚུད་དེ། ས་གནས་ཁག་གི་མི་མང་གི་བདེ་སྡུག་ལ་ཁ་ཡ་བྱེད་རིན་མེད་པ་ཞིག་ཏུ་གྱུར་བ་དང་  གཅིག་ཤོས་ནི། ལྐོག་ཟ་བྱེད་མཁན་དེ་དང་གོང་རིམ་ནས་བཀོད་སྒྲིག་འོས་སྦྱོར་བྱེད་མཁན་བར་གྱི་འབྲེལ་བ་དམ་ཟབ་ཡོད་པ་ང་ཚོའི་སྤྱི་ཚོགས་ནང་མེད་པ་མ་རེད།

དེས་ངྷ་རམ་ས་ལའི་ལསཁུངས་ཨ་མའི་འབྲེལ་ཡོད་དང་ས་གནས་ཀྱི་ལྐོག་ཟ་བྱེད་མཁན་གཉིས་ངན་པ་ལག་འབྲེལ་ཡིན་པ་ཧ་ཅང་གསལ་པོ་རེད། ཐ་ན་ས་གནས་ཁ་ཤས་ཀྱི་ལྐོག་ཟ་བྱེད་བཞིན་པ་ངྷ་རམ་ས་ལའི་གཞུང་གིས་ཤེས་རྟོགས་ཡོད་ཀྱང་མ་གོ་མ་ཐོས་ཁུལ་གྱིས་སྡོད་བཞིན་ཡོད་པ་རེད།  དེས་མ་ཚད་སློབ་གྲྭ་ཁ་ཤས་ཀྱི་ལས་བྱེད་པས་ལྐོག་ཟ་བྱས་ནས་ལོ་ངོ་ཉེར་གྲངས་འགྲོ་ཡི་ཡོད་པ་ཤེས་རིགས་ལས་ཁུངས་ནས་ཤེས་ཀྱི་ཡོད་ཀྱང་ ངན་པའི་རྒྱབ་ལངས་བྱེད་ཀྱི་ཡོད་པ་རེད་ཟེར་བ་གོ་ཐོས་བྱུང་

དེར་བརྟེན་འཕགས་བསྟོད་ལས། སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ།།  དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ།།  མི་ཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་སྟངས་སྙོམས་མཛད་ལགས་ན།།  སྔོན་གྱི་ཐུགས་དམ་འདི་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བརྟེན།། ཞེས་པ་དེ་ལོ་རྒྱུས་ཐོག་མུ་འཐུད་གནས་བཞིན་ཡོད་པ་རེད།

གང་ལྟར་ཤིང་ཏོག་རུལ་པ་གཅིག་གིས་ཤིང་ཏོག་ཚང་མ་རུལ་དུ་འཇུག་པ་ཆོས་ཉིད་རེད། ང་ཚོའི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་འབུམ་ ༨༨ བྱས་ཀྱང་ད་དུང་བོད་མིའི་སྒྲིག་འཛུགས་ངོས་ནས། (བོད་མི་སྤྱི་གྲོསལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ།)ཞེས་འཁོད་པ་དགོད་བྲོ་བའི་གནས་རེད། འབུམ་ ༨༨ ཟས་ནས་ད་དུང་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་དགོས་རྒྱུ་གང་ཞིག་ལྷག་ཡོད་དམ།

འབུམ་སྡེ་ལ་དང་བསྟན་འཛིན་སྒང་གི་གཞུང་རྒྱུ་སྒེར་ཟས་དེ་ཡང་བྱ་སྤྱོད་ཐད་ནས་ཁྲིམས་འགལ་དེ་ལྟ་བུ་བྱས་ཀྱང་ གཟིགས་གསོལ་ལྟ་བུར་ལས་ཁུངས་ངྷསར་གནས་རིམ་བཅག་ཁུལ་གྱིས་གནས་སྤོ་བཏང་བ་དེ་འདྲ་ངན་པ་ལག་འབྲེལ་གྱི་བྱེད་སྟངས་མ་ཡིན་ན་ཅི་ཡིན།  དེ་ལྟར་ངན་པ་རྒྱ་ཡན་དུ་བཏང་ན་རྐུན་མ་མང་དུ་མང་དུ་འགྲོ་བས་མ་ཚད། ཐེར་འདོན་བྱེད་མཁན་ཚོའི་སྙིང་ལ་ཆུ་གྲང་བཤོས་པ་དང་ ཁོང་ཚོར་ཞེ་འཁོན་ཡང་བྱེད་སྲིད་པ་རེད། སེམས་ཤུགས་ཀྱི་རྒྱབ་འཁྱོང་པའི་ལས་བྱེད་ཚོར་ཡང་ཤུགས་རྐྱེན་ངན་པ་བཟོ་དང་ ད་དུང་བཙན་བྱོལ་བའི་ལས་ཀྱི་སྣེ་མོ་བ་ཚོར་སུ་གཅིག་གིས་ཡིད་ཆེས་བློས་འགེལ་བྱེད་ས་མེད་པ་ཞིག་ཏུ་འགྱུར་སྲིད།

རུལ་དྲི་བྲོ་བའི་སྤྱི་ཚོགས་ཤིག་གིས་བོད་ཀྱི་བདེན་དོན་ཇི་ལྟར་རྩོད་ཐུབ་བམ། མཐའ་མཇུག་དེར་བསྟོད་བསྔགས་གཅིག་དང་རེ་བ་གཅིག་ཡོད། ལྐོག་ཟ་བྱེད་མཁན་ཐེར་འདོན་ཐུབ་པ་གཟི་བརྗིད་རེད་ལ། ནག་ཉེས་ཆེན་པོ་ཆུང་ཆུང་དང་ཆུང་ཆུང་ནང་འགྲིག་ཁེབས་གཡོག་གིས་མེད་པ་མ་བཟོ་རོགས་གནོངས། གཙང་གཤེར་ཡག་པོ་མ་བྱས་ན་སྤྱི་ཚོགས་ཁྱོན་ཡོངས་ལ་ཕུང་མའི་འོག་གི་ཆུ་དོང་དུ་འགྱུར་བའི་ཉེན་ཁར་གཟབ་གཟབ་གནོངས་རོགས་ཞུ།

ཤོག་ངོས་འདི་ཐེངས་ ༢༠༩༨ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༢ ཉིན་འདོན་སྤེལ་བྱས།
ཕྱོགས་གཅིག་ནས་བལྟས་ན། བཙན་བྱོལ་བའི་སྤྱི་ཚོགས་ནང་འདི་ལྟ་བུའི་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་ཐོན་པ་ངོ་ཚ་དགོས་པ་དང་། ཞབས་འདྲེན་དགོས་པ་ཞིག་རེད།
འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་དམངས་གཙོའི་ཁྲིམས་ལུགས་དང་མཐུན་པའི་སྒྲིག་འཛུགས་ཤིག་ནང་། ནག་ཉེས་མང་པོ་ཆེན་པོ་ནས་ཆུང་ཆུང་བཟོ་ཐབས་བྱེད་པ་དང་
ཆུང་ཆུང་ནས་ནང་ཁུལ་མེད་པ་བཟོ་ཐབས་བྱེད་པའི་དབང་ཆ་སྒེར་སྤྱོད་ཀྱི་མུན་ནག་གི་སྤྱི་ཚོགས་ཤིག་མ་ཡིན་པའི་དངོས་ར་འཕྲོད་ཡོང་བཞིན་ཡོད་པ་ནི་ཅུང་ཡར་རྒྱས་ཀྱི་རྟགས་མཚན་ཞིག་རེད། ་ཟེར།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།