མི་ལོ་དྲུག་ཅུར་ཕྱི་མིག་གི་བསམ་གཞིག

འདོན་སྤེལ། ༢༠༡༣/༠༨/༢༣

༄༅།། མི་ལོ་ཧྲིལ་པོ་དྲུག་ཅུའི་རིང་གི་གཞིས་སྡོད་བོད་མིའི་གནས་བབས་ལ་བསམ་གཞིགས་ཀྱིས་

རང་གི་ལྟ་ཚུལ་ཆེས་རགས་ས་ནས་ཕྱོགས་བསྡོམས་བྱས་པ།

ཆབ་ཚང་འཇམ་དཔལ།

དང་པོ། རྒྱ་དམག་བོད་དུ་ལྷགས་པའི་ཐོག་མའི་རྒྱུ་རྐྱེན།

གུས་པ་དུས་རབས་ཉི་ཤུ་པའི་སྨད་དཀྱིལ་ཙམ་ལ་ཧ་ཅང་དབུལ་འཕོངས་ཡིན་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང༌། ནར་སོན་དུས་ལོ་ངོ་ཁྲི་ཕྲག་འགའི་ལོ་རྒྱུས་ལྡན་པའི་ངའི་ལུང་པ་འདི་གཞན་གྱི་བཙན་དབང་འོག་ཏུ་ཤོར་འདུག་པ་མ་ཟད། བོད་མི་འབུམ་ཕྲག་བཅུ་གཉིས་ཙམ་རྒྱས་བཙན་རྒོལ་གྱིས་རྐྱེན་འདས་སུ་བཏང་བའི་ཡ་ང་བའི་ལོ་རྒྱུས་འདྲ་མིན་ཞིག་གྲོང་མི་ཚོའི་ངག་རྒྱུན་ནས་ཐོག་མར་གོ་ཐོས་བྱུང་ཞིང༌། འདས་ཟིན་པའི་ལོ་རྒྱུས་འདི་རིགས་ཀྱིས་ངའི་སེམས་ནང་ནམ་ཡང་བཟོད་བསྲན་དཀའ་བའི་བག་ཆགས་གཏིང་ཟབ་བཞག

ལྷག་དོན་བོད་མི་འབུམ་ཕྲག་བཅུ་གཉིས་ཙམ་དམར་གསོད་བཏང་བའི་དོན་རྐྱེན་གྱི་རྩ་གནད་རང་བཞིན་ཡོངས་རྫོགས་འབའ་བ་ཕུན་དབང་ཕྱི་ལོ་ ༡༩༢༢ ལོའི་ཕྱི་ཟླ་དང་པོའི་ནང་འཁྲུངས། གིས་བྱས་ཚུལ་གྱི་གཏམ་རྒྱུད་འདྲ་མིན་ཞིག་གོ་ཐོས་བྱུང་སྟབས། སེམས་ནང་ཕུན་དབང་ནི་བོད་མི་རྒྱལ་འཚོང་བ་དང༌། བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཁྲག་ལན་ཁྲག་གིས་འཇལ་རྒྱུར་བསྡད་པའི་བོད་རིགས་ཉེས་ཅན་པ་གཏེ་བོ་ཞིག་རེད་སྙམ་པའི་ཚོར་ཤེས་གནོན་དཀའ་བ་བྱུང༌།

དེ་བས་ཀྱང་སོག་རྒྱལ་གོ་ཏན་གྱིས་ལོ་བཅུ་གཉིས་རེའི་མཚམས་སུ་ལོ་ངོ་དགུ་ལས་མ་ཟིན་པའི་བྱིས་པ་འབུམ་ཕྲག་ལྷག་རེ་རྒྱ་མཚོར་གཡུག་བཞིན་པ་དང༌། ཧི་ཀྲི་ལར་གྱིས་འཇུའུ་མི་རིགས་ས་ཡ་དྲུག་ལ་ཉེ་བ་མེར་བསྲེགས་པ། མའོ་ཡིས་རིག་གསར་ལས་འགུལ་ཁྲོད་རྒྱ་རིགས་བྱེ་བ་བདུན་ལྷག་དམར་གསོད་དང་མུག་ཤིར་བརྫངས་པ། འཛམ་གླིང་དམག་ཆེན་དང་པོ་གཉིས་པ་སོ་སོར་དམག་མི་དང་ཉེས་མེད་མི་སེར་ས་ཡ་བརྒྱ་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ། ཨུ་རུ་སུའི་ནང་འཁྲུག་དང༌། ཀོ་རི་ཡའི་ནང་འཁྲུག ར་ཝན་ཌ་རྒྱལ་ཁབ་ཀྱིས་ནང་འཁྲུག་ཁྲོད་ཉེས་མེད་མི་སེར་ས་ཡ་གསུམ་ཙམ་དམར་གསོད་དང་མུག་ཤིར་བརྫངས། དུས་རབས་ཉེར་གཅིག་པའི་དུས་འགོར་ཨེ་རག་གི་དམག་འཁྲུག ཨབ་གྷ་ནེ་སུ་ཐཱན་གྱི་དམག་འཁྲུག འཇིགས་སྐུལ་རིང་ལུགས་པས་ཚུར་རྒོལ་སོགས་ཀྱི་སྐབས་དུ་མར་ཉེས་མེད་མི་སེར་ཁྲི་ཕྲག་མང་པོ་དུས་མིན་རྐྱེན་འདས་སུ་བཏང་བའི་འཇིགས་སྣང་ཅན་གྱི་ལོ་རྒྱུས་དག་མཐོང་དུས་དུས་རབས་འདི་ཕན་ཚུན་དམར་གསོད་དང་མུ་གེའི་དུས་རབས་ཤིག་ལས་མ་འདས་སྙམ་པ་བྱུང༌།

ངས་ང་རང་ལ་དུས་རྟག་ཏུ་མིས་མི་ལ་བསམ་ཡུལ་ལས་འདས་པའི་མནར་གཅོད་འདི་འདྲ་གཏོང་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་དྲི་བ་ལན་མང་གཏང་དགོས་བྱུང་ཞིང༌། ཡུན་རིང་བོའི་རྗེས་རང་ཉིད་གཅིག་པུའི་ཆེད་དུ་གཞན་བློས་གཏོང་བྱེད་པའི་ཀུན་སློང་ངན་པ་དག་སྲིད་དོན་ལྟ་གྲུབ་ཀྱི་སྲོག་རྩར་བཟུང་བའི་མཇུག་འབྲས་འབའ་ཞིག་ཡིན་པ་བདེ་བླག་ངང་རྟོགས་ཐུབ་པ་བྱུང་བ་མ་ཟད།

དེ་ཡང་གཙོ་བོ་འགྲོ་བ་མི་རྣམས་ཀྱིས་མི་དང་མིའི་བར་འདུ་ཤེས་འཛིན་སྟངས་དང༌། མི་དང་སྲོག་ཆགས་བར་འདུ་ཤེས་འཛིན་སྟངས། མི་དང་རང་བྱུང་ཁམས་བར་འདུ་ཤེས་འཛིན་སྟངས་སོ་སོར་ཚད་བརྒལ་ལྟ་བུའི་སྣང་ཆུང་དང༌། ལྷག་པར་དུ་ལག་ལེན་ངོ་མའི་བྱ་སྤྱོད་ནང་བྱ་བ་ཅི་ཞིག་གི་མཇུག་འབྲས་ལེགས་ཉེས་ལ་རྩད་ཞིབ་བྱེད་པའི་བསམ་བློའི་ཁ་ཕྱོགས་རྦད་དེ་བོར་བརླག་ཏུ་སོང་བ་སོགས་ཀྱིས་ལན་པ་ཞིག་ཡིན་པ་དེ་བས་ཀྱང་ཤེས་རྟོགས་བྱེད་ཐུབ་པ་བྱུང༌།

སྐབས་ཤིག་ནས་ྋགོང་ས་མཆོག་གི་མཛད་རྣམ་དང༌། དགའ་ལྡན་ཕོ་བྲང་བའི་གཞུང་ཞབས་རྙིང་གྲས་གང་མང་ཞིག་གི་མི་སྒེར་པའི་མི་ཚེའི་ལོ་རྒྱུས་འདྲ་མིན། ཕུན་དབང་ལ་རྒྱུས་མངའ་ཟབ་མོ་ཡོད་པའི་བོད་མི་རྒན་གྲས་རེ་ཟུང་གི་ངག་རྒྱུན་སོགས་ནས་ཕུན་དབང་གིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ཆེད་དབང་ནུས་ཡོད་རྒུས་ཕྱག་ལས་སྣ་མང་གནང་མྱོང་ཡོད་པའི་སྐོར་མང་ཙམ་ཤེས་རྟོགས་བྱུང་ཞིང༌།

ལྷག་དོན་ཕུན་དབང་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་བོད་མི་གསར་བརྗེ་བ་ཞིག་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་སྲིད་དོན་མི་ཚེ་དང་དུས་སྐབས། ཅེས་པའི་དཔེ་དེབ་དེ་ཀློག་སྐབས་སྔར་ཁོ་བོའི་སེམས་ནང་གི་རྒྱལ་ཚོང་བ་དང༌། བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཁྲག་ལན་ཁྲག་གིས་འཇལ་རྒྱུར་བསྡད་པའི་ཉེས་ཅན་པ་གཙོ་གྲས་ཤིག་ཏུ་བརྩིས་པ་དེ། བོད་མི་རིགས་ཀྱི་མིག་དཔེར་འོས་པའི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར་པ་དེས་ངས་དེ་སྔོན་ཕུན་དབང་ལ་བཟུང་བའི་ནོར་འཁྲུལ་ཅན་གྱི་ལྟ་སྟངས་དེར་གློ་མཆིན་པའི་སྟེང་འོག་བརྗེས་པ་ལྟ་བུའི་གནོང་འགྱོད་ཆེན་པོ་བྱེད་དགོས་བྱུང༌།

འོན་ཀྱང་ཁོང་གིས་རྒྱ་ནག་གུང་བྲན་ཏང་དང་མཉམ་ལས་ཀྱིས་རྒྱ་དམག་བོད་དུ་ཡོང་བར་ཕྱོགས་ཡོངས་ནས་གལ་ཆེའི་རོགས་འདེགས་བྱས་པ་ནི་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་རེད། དེ་ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་མངོན་གསལ་མེད་པའི་སྲིད་བྱུས་དག་སྐབས་ཐོག་དེར་ཏག་ཏག་ངོས་འཛིན་གསལ་པོ་ཞིག་བྱེད་མ་ཐུབ་པས་ལན་པ་ཞིག་ལས། བོད་མིའི་བདག་དབང་ཡོངས་རྫོགས་རྒྱ་ནག་ཧན་མི་རིགས་ཀྱི་ལག་པར་རྩིས་སྤྲོད་བྱ་རྒྱུར་དམིགས་པ་ཞིག་མིན་པ་བདེ་བླག་ངང་མཁྱེན་རྟོགས་བྱེད་ཐུབ་པ་ཞིག་རེད།

ཁོང་གིས་རྒྱ་ནང་དུ་ཕྱི་ལོ་ ༡༩༣༩ ལོར་ཚོགས་མི་ལྔས་གྲུབ་པའི་བོད་རིགས་གུང་ཁྲན་གསར་བརྗེ་ཚོགས་ཆུང་དང༌། དེ་རྗེས་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་ཉི་ཤུས་གྲུབ་པའི་ས་གནས་ཁག་གི་བོད་པ་གཞོན་ནུ་སི་ཁྲོན་དུ་བསྐྱོད་པའི་སློབ་གྲོགས་ཚོགས་ཆུང་ཟེར་བས་མཚོན་ངོ་བོ་མི་འདྲ་བའི་ཚོགས་པ་འདྲ་མིན་ཞིག་བཙུགས་ཏེ་ཁམས་ཀྱིས་མཚོན་བོད་ས་ཁྱོན་ཡོངས་སུ་གསར་བརྗེའི་ལྟ་བ་དར་སྤེལ་གཏང་ཆེད་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ལ་མཐུན་འགྱུར་དགོས་ཚུལ་བརྗོད་ཀྱང་ཡ་ལན་མ་བྱས་སྟབས། རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་བྱ་རྒྱུར་སེམས་ཐག་བཅད་པ་མ་ཟད། ཅང་ཇེ་ཧྲེའི་མི་གྲངས་བྱེ་བ་གཅིག་ལྷག་དམར་གསོད་བཏང་མྱོང་བའི་ཉེས་ཅན་པ། མི་སེར་རྒྱལ་ཁབ་གུང་ཁྲན་ཏང་གིས་བཤད་ན། སྲིད་གཞུང་འདིས་རྒྱལ་རྒྱུད་ལམ་ལུགས་ཀྱི་སྒེར་འཛིན་སྲིད་དབང་རྩ་མེད་དུ་བཟོ་ཐུབ་ཙམ་མ་གཏོགས། རྒྱལ་ནང་གི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང༌། བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྣམ་པར་འགྱུར་ལྡོག་གང་ཡང་གཏོང་མ་ཐུབ་སྟབས། སྲིད་གཞུང་དེ་ནུས་མེད་དུ་གྱུར་པ་ཞིག་ཡིན་ཚུལ་བརྗོད་བཞིན་ཡོད་ལ་མཐའ་གཅིག་ཏུ་ངོ་རྒོལ་དང༌། རྒྱ་ནག་དམར་ཤོག་ཚོགས་པར་བློ་གཏད་འགྱུར་མེད་ཀྱིས་ཡིད་ཆེས་བྱེད་མགོ་བརྩམས་འདུག་པ་འདིས་ཁོང་གིས་ཁོ་རང་ཉིད་ཀྱི་སྐབས་དེའི་དམིགས་ཡུལ་ཡོད་ཚད་ལ་རྡུང་རྡེག་ཚ་ནན་བྱེད་མགོ་བཙུགས་པ་ལྟ་བུ་ཞིག་ཏུ་གྱུར་འདུག

ཕྱི་ལོ་ ༡༩༤༡ ལོར་ཁོང་གིས་ཁམས་ཕྱོགས་སུ་ཡོད་པའི་གོ་མིན་ཏང་མི་སེར་རྒྱལ་ཁབ་ཀྱི་བཅའ་སྡོད་དམག་དཔུང་ཕྱིར་འཕུད་དང༌། བོད་ས་ཁྱོན་ཡོངས་སུ་གསར་བརྗེའི་ལས་འགུལ་དར་སྤེལ་གཏང་ཆེད་རྒྱ་ནག་ནས་ཕ་ཡུལ་འབའ་ཁུལ་དུ་ཕྱིར་ལོག་བྱས་ཤིང༌། ཚོགས་མི་ཉུང་ཤས་ཀྱིས་གྲུབ་པའི་མེ་སྟག་ཚོགས་པ་ཟེར་བའི་བོད་རིགས་རྐྱང་པས་གྲུབ་པའི་གསར་བརྗེ་ཚོགས་ཆུང་ཞིག་དངོས་སུ་བོད་རང་དུ་བཙུགས་ཤིང༌། ཚོགས་པ་འདི་ནི་འབའ་ཕུན་གྱིས་བོད་ནང་མངོན་གསལ་གྱིས་བཙུགས་པའི་གསར་བརྗེའི་ལས་དོན་ཚོགས་ཆུང་དང་པོ་དེ་ཡིན།

ལས་དོན་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གཞུང་གི་རོགས་འདེགས་བརྒྱུད་ནས་དེ་སྔའི་དགའ་ལྡན་ཕོ་བྲང་གཞུང་འདིས་ཕྱི་ལོ་ ༡༦༤༢ ནས་ ༡༩༥༩ བར་བོད་ཀྱི་སྲིད་དབང་བཟུང༌རིང་གི་མངའ་རིས་དང་མི་འདྲ་བར་ཆོལ་གསུམ་བོད་མི་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་བོད་རིགས་ཡོངས་ལ་ཁྱབ་པའི་དམར་པོའི་སྲིད་གཞུང་ཞིག་འཛུགས་རྒྱུར་སྙིང་རུས་ཆེན་པོས་ཧུར་བརྩོན་གནང་རྒྱུ་དེ་རེད།

རིམ་པས་གོ་མིན་ཏང་གཞུང་གིས་སྐུ་ཞབས་ཁོང་གུང་ཁྲན་ཏང་དང་ཐད་ཀར་འབྲེལ་འདྲིས་ཟབ་མོ་ཡོད་པ་ཤེས་རྟོགས་བྱུང་སྟབས། རེ་ཞིག་གོ་མིན་ཏང་དབང་འཛིན་ཕྱོགས་ཁག་གིས་འཛིན་བཟུང་ལས་གཡོལ་ཆེད་དབུས་ཕྱོགས་སུ་ཆེད་ཕེབས་ཀྱིས་བོད་མི་དམངས་ཆིག་བསྒྲིལ་མནའ་མཐུན་ཚོགས་པ་བཙུགས་ཏེ་ལྷ་སའི་སྐུ་དྲག་འགས་མཚོན་དགའ་ལྡན་ཕོ་བྲང་གཞུང་གི་གནད་ཡོད་མི་སྣ་གང་མང་ཞིག་གུང་ཁྲན་ཏང་གི་ཕྱོགས་སུ་འགུག་ཐབས་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་ཐུབ་མེད། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་གུང་ཁྲན་ཏང་འདི་ནི་རྒྱ་ནག་གཞུང་འཛིན་ཚོགས་པའི་མིང་ཡིན་ཞིང༌། ཚོགས་པ་དེར་ད་ཆར་ཚོགས་མི་ཁྲི་བརྒྱད་སྟོང་ཡོད་ཚུལ་གསལ། དེ་དག་གིས་ཆོས་ལུགས་ཡོད་ཚད་ལ་དུག་ལྟ་བུའི་འདུ་ཤེས་འཛིན་བཞིན་ཡོད་སྟབས། སྐབས་དེའི་དགའ་ལྡན་ཕོ་བྲང་གི་རུལ་སུངས་སུ་གྱུར་པའི་དཔོན་ངན་རང་བབ་ལས་དོན་གང་ཡོད་དུས་ཐོག་སོ་སོར་མི་བྱེད་པར་རང་བབ་ལས་དོན་དང་འབྲེལ་མེད་ཀྱི་བྱ་བས་ཉིན་ཟླ་འཁྱོལ་ཐབས་བྱེད་པའི་དཔོན་ངན་ཚོ། ཚོས་ཆོས་ཁས་མི་ལེན་མཁན་གྱི་མི་ཞིག་ཡིན་ན་དེ་ནི་གསོན་འདྲེ་ངོ་མ་ཞིག་ཏུ་བརྩི་བཞིན་ཡོད་པས་ཡིན། བསམ་ཚུལ་འདིའི་རིགས་ཀྱིས་དགའ་ལྡན་ཕོ་བྲང་གཞུང་གིས་རྒྱལ་ཁབ་གཞན་ལ་ཕྱི་འབྲེལ་སྲིད་ཇུས་འཛིན་ཕྱོགས་ཐད་བསམ་ཡུལ་ལས་འདས་པའི་ཤུགས་རྐྱེན་ངན་པ་ཐེབས་ཡོད།

ཡ་མཚན་སྐྱེ་དགོས་པ་ཞིག་ལ་འབའ་ཕུན་ནི་སྐབས་དེའི་གུང་ཁྲན་ཏང་མི་གཞན་དག་དང་མི་འདྲ་བར་ཁོང་གིས་ཆོས་དང་ལྷའི་རིགས་ལ་མཐོང་ཚུལ་ངན་པ་མི་འཛིན་པ་མ་ཟད། ཆོས་དང་ལྷ་ཡོད་སྨྲ་བའི་ལྟ་བ་དང་དམར་པོའི་ལམ་ལུགས་གཉིས་འགལ་བ་ལྟག་སྤྲོད་ལྟ་བུར་དེ་བས་ཀྱང་འདོད་ཀྱི་མེད་སྟབས། ཁོང་ནི་མར་ཁེ་སིའི་རིང་ལུགས་པ་ཁྱད་མཚར་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད།

ཁོང་གིས་བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ཆོས་རིག་གོམས་གཤིས་སོགས་ཀྱི་ངོ་བོ་རྩ་བརླག་ཏུ་མི་འགྲོ་ཆེད་རྒྱ་ནག་དམར་པོའི་དར་དམར་འོག་ནས་རྒྱ་ནག་ཧན་མི་རིགས་དང་འདྲ་མཉམ་གྱིས་བོད་མི་ཡོངས་རྫོགས་གོང་བུ་གཅིག་ཏུ་བསྒྲིལ་བའི་ས་གནས་མི་རིགས་ལ་བདག་པའི་རང་སྐྱོང་ཚད་ལྡན་དབུ་མའི་ལམ་དང་ཕྱོགས་ཙམ་མཚུངས་པའི་སྲིད་དོན་ལམ་ལུགས། ཞིག་འཛུགས་རྒྱུར་དམིགས་ནས་སྣེ་མང་རང་བཞིན་དང་གཞི་རྒྱ་ཆེ་བའི་ཕྱག་ལས་རྒྱ་ཆེར་མཛད་འདུག་པ་འདིས་ཁོང་གི་མར་ཁེ་སིའི་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་དང་ཆབ་སྲིད་ཀྱི་བློ་སྟོབས་ཕྱོགས་ཡོངས་ནས་གསལ་པོར་མཚོན་ཐུབ་པ་ཞིག་རེད།

ཕྱི་ལོ་ ༡༩༤༥ ལོར་བསྐྱར་དུ་ཆབ་མདོར་ཕེབས་ནས་ཐོག་མའི་དམིགས་ཡུལ་གཞིར་བཟུང་ཐོག་མར་ཁམས་ནས་མགོ་འཛུགས་ཀྱིས་བོད་མི་ཡོངས་རྫོགས་གཅིག་གྱུར་གྱིས་བོད་གསར་པ་ཞིག་བཟོ་ཆེད་བོད་ཤར་རྒྱུད་མི་དམངས་རང་སྐྱོང་མནའ་མཐུན་ཚོགས་པ་དང་འབའ་ཐང་གསང་བའི་ཏང་སོགས་རིམ་པར་བཙུགས་ཏེ། ཚོགས་པ་དེ་དག་གི་ལས་དོན་མངོན་གྱུར་ཡོང་ཆེད་བོད་ཤར་རྒྱུད་དམངས་གཙོ་གཞོན་ནུའི་མནའ་འབྲེལ་ཚོགས་ཆུང་ཞིག་ཀྱང་བཙུགས་ཤིང༌། ཚོགས་ཆུང་དེས་རྒྱ་ནག་དམར་པོའི་གཞུང་གི་སྐར་རྟགས་ཅན་གྱི་དར་ཆ་བོད་ཀྱི་ས་ཐོག་ཏུ་བསྒྲེངས་པ་ནི། རྒྱ་དམག་བོད་དུ་ལྷགས་པའི་སྔ་ལྟས་དང་པོ་དེ་ཡིན།

རྗེས་སུ་རྒྱ་ནག་དབུས་གཞུང་རྒྱ་ནག་དབུས་གཞུང་གི་སྲིད་དབང་ལམ་ལུགས་ནི། སྲིད་དོན་ཚོགས་པ་གཅིག་གིས་རང་ཤེད་ཀྱིས་འཛིན་ཆོག་པའི་སྲིད་དབང་ལམ་ལུགས་ཤིག་ཡིན། རྒྱ་མི་ཚོས་དེ་ལ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཞེས་འབོད། ལམ་ལུགས་འདི་གཙོ་བོ་མའོཡིས་བློ་འདོན་བྱས་པའི་སྲིད་དོན་ལམ་ལུགས་ཤིག་ཡིན། ཁོས་བཀོད་མངགས་གཞིར་བཟུང་ཕུན་དབང་གིས་དམག་སྡེ་ཨང་བཅོ་བརྒྱད་པའི་ཐོག་མའི་སྣེ་ཁྲིད་དུ་ཞུགས་ཏེ་བོད་ཤར་རྒྱུད་ཀྱི་ས་གནས་ཁྱོན་ཡོངས་སུ་ས་གནས་སོ་སོའི་ཡུལ་མི་ཚོས་འདོད་མོས་བྱས་མིན་ལ་མ་ལྟོས་པར་བཙན་གྱིས་དཔུང་འཇུག་བྱས་ཤིང༌། རིམ་པས་འབྲི་ཆུ་འདིའི་ཆུ་གོ་མཚོ་སྔོན་ཞིང་ཆེན་ལྷོ་ནུབ་ཀྱི་རི་བོ་གདང་ལའི་དགེ་ལ་བསྟན་སྟོང་ནས་བྱུང་སྟེ་མཚོ་སྔོན་དང༌། བོད་ལྗོངས། ཟི་ཁྲོན་སོགས་བརྒྱུད་ནས་ཤར་རྒྱ་མཚོར་འབབ་བཞིན་ཡོད། ཆུ་བོ་འདིའི་རིང་ཚད་ལ་སྤྱིའི་ཆ་ནས་སྤྱི་ལེ་དྲུག་སྟོང་སུམ་བརྒྱ་དང༌། རྒྱུགས་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱ་དང་བརྒྱད་ཅུ་ལྷག་ཡིན། བརྒལ་ནས་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་ཡོད་པའི་ཁམས་ཀྱི་ཡུལ་ལུང་མང་ཆེ་བ་བཙན་བཟུང་བྱས་ཟིན་སྟབས། ཕྱི་ལོ་ ༡༩༥༡ ལོར་བོད་མངགས་འཐུས་ཚབ་ཚོགས་ཆུང་གིས་ཚོགས་པའི་དབང་ཚད་ལས་བརྒལ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཡིག་ཆ་དེའི་མིང་ལ་བོད་མི་ཚོས་བཙན་དབང་གིས་མིང་རྟགས་མི་འགོད་ཐབས་མེད་བྱུང་བའི་དོན་ཚན་བཅུ་བདུན་ཅན་གྱི་ཡིག་ཆ་ཞེས་འབོད། ཡིག་ཆ་དེར་མཚན་རྟགས་མི་འགོད་ཐབས་མེད་བྱུང་ཞིང༌། མཚན་རྟགས་འགོད་པའི་ཉིན་དེ་ནི་རྒྱ་ནག་དབུས་གཞུང་གིས་ལོ་མང་རིང་བཏིང་པའི་བོད་འདི་རྦད་དེ་བཙན་བཟུང་བྱེད་ཐུབ་པའི་ཐབས་འབྲས་གལ་ཆེན་ཞིག་མངོན་གྱུར་བྱུང་བའི་ཉིན་མོར་གྱུར་པ་རེད།

བློ་ཕམ་པ་ཞིག་ལ་བོད་ཕྱོགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ཁག་ནི་རྒྱ་ནག་དབུས་གཞུང་གིས་བོད་ཐོག་བཟུང་བའི་ཆེས་མཐའ་མའི་ཐག་གཅོད་ཅིག་ཏུ་རྦད་དེ་འཁྲུལ་ནས་རྒྱ་ནག་དབུས་གཞུང་དང་མཉམ་ལས་ཀྱི་རྩ་འཛུགས་བཙུགས་ཏེ་ཉིན་ཟླ་ལོ་རིམ་གྱིས་མཇུག་འབྲས་མེད་པའི་བྱ་གཞག་ལ་གཡེངས་ནས་བསྡད་པ་རེད།

གང་ལྟར་ཕུན་དབང་གིས་རྒྱ་ནག་དམར་གཞུང་གི་དམག་དཔུང་བེད་སྤྱོད་ཀྱིས་རྒྱ་ནག་ཧན་མི་རིགས་དང་འདྲ་མཉམ་གྱིས་འཛམ་གླིང་འདིར་གཟི་བརྗིད་ཅན་གྱི་བོད་རིགས་ཆོལ་གསུམ་ཡོངས་ལ་ཁྱབ་པའི་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་འཛུགས་རྒྱུར་རེ་བའི་མིག་འབུར་གཏད་ཀྱང༌། དེ་ནི་གཉིད་འོག་གི་རྨི་ལམ་ཡུན་གཅིག་ལྟ་བུར་གྱུར།

བྱེད་སྟངས་འདི་འདྲའི་འོག་ནས་མཐར་རྒྱ་ནག་དམར་གཞུང་གིས་ཐད་ཀའི་མཛུབ་སྟོན་འོག་བོད་མི་ཚོས་མོས་མཐུན་བྱས་མིན་ལ་ལྟོས་མེད་ཀྱིས་བོད་ས་ཁྱོན་ཡོངས་བཙན་བཟུང་བྱས་ཏེ་ད་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ལྷག་ཕྱིན་ཚར་པ་རེད།

གཉིས་པ། གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་དུ་བཏང་བ།

ཕྱི་ལོ་ ༡༩༥༡ ལོའི་ཟླ་བ ༥ བའི་ཚེས་ ༢༣ ཉིན་བོད་མངགས་འཐུས་ཚབ་ཚོགས་ཆུང་ལ་བཙན་གྱིས་མིང་རྟགས་བཀོད་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་རིམ་པས་ལག་བསྟར་གྱིས་ཕྱི་ལོ་ ༡༩༥༦ ལོའི་ཟླ་ ༣ པའི་ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས། ཐོག་མའི་མཛད་སྒོའི་གཙོ་སྐྱོང་དུ་སྲིན་བློན་གཞོན་པ་དྲིན་ཡེ་ལྷ་སར་འབྱོར། ལྷན་ཁང་དེའི་དབུ་བཞུགས་གཙོ་འཛིན་ྋགོང་ས་མཆོག་དང༌། ཕྱག་རོགས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། དྲུང་ཡིག་ང་ཕོད་བཅས་ཡིན།

ལྷན་ཁང་དེའཐུས་མི་ ༥༡ ལས་གྲུབ་ཅིང་དེ་ཡང་བོད་གཞུང་ནས་འཐུས་མི་བཅོ་ལྔ་དང༌། པཎ་ཆེན་ནང་སྒང་ནས་འཐུས་མི་བཅུ། ཆབ་མདོ་བཅིངས་གྲོལ་དམག་སྒར་ནས་འཐུས་མི་བཅུ། དགོན་པ་ཆེ་ཁག་དང༌། ཆོས་ལུགས་འདྲ་མིན། མི་སེར་དཀྱུས་མ། གྲགས་ཆེན་མི་སྣ་སོགས་ཀྱི་ངོ་ཚབ་འཐུས་མི་བཅུ་གཅིག ལྷ་སར་གནས་སྡོད་རྒྱ་མིའི་ལས་བྱེད་ཁོངས་ནས་འཐུས་མི་ལྔ་བཅས་ཀྱིས་གྲུབ།

ལྷན་ཁང་དེའི་སྒྲིག་གཞི་ལྟར་ན། ལྷན་ཁང་དེས་བོད་ཀྱི་ཆབ་དཔལ་རིག་གསུམ་དང༌། དམག་དོན། ཚོང་ལས་སོགས་དང་འབྲེལ་བའི་ལས་དོན་ཆེ་ཕྲ་ཅི་ཞིག་བྱེད་དགོས་ཀྱངྋགོང་ས་མཆོག་གི་བཀའ་འཁྲོལ་ཐོབ་དགོས་ན་ཡང༌། བོད་ལས་དོན་ཨུ་ཡོན་ལྷན་ཁང་ནས་ྋགོང་ས་མཆོག་གི་བཀའ་འཁྲོལ་ཡོད་མེད་ལ་མི་བལྟ་བར་རང་ཤེད་ཀྱིས་བོད་ཀྱི་ཆོས་རིག་གོམས་གཤིས་གང་དང་ཡང་མི་མཐུན་པའི་དགོས་མེད་ཀྱི་ལས་དོན་འདྲ་མིན་བྱེད་རྐྱང་བྱས་སྟབས། ལྷན་ཁང་དེའི་དབུ་བཞུགས་གཙོ་འཛིན་ནི་མིང་ཆེ་དོན་སྟོང་སྟེ་མཆོད་ཁྲིའི་སྟེང་གི་མཛེས་ཉམས་ཆེ་བའི་ལྷ་སྐུ་ལྟ་བུར་གྱུར།

བྱེད་སྟངས་དེར་བོད་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པ་མ་ཟད། བོད་ལས་དོན་ཨུ་ཡོན་ལྷན་ཁང་དེ་མགྱོགས་མྱུར་ངང་ཕྱིར་བསྡུ་དགོས་པའི་སྐྱོན་བརྗོད་རྣམ་པ་འདྲ་མིན་གྱིས་བྱས་ན་ཡང༌། རྒྱ་ནག་དབུས་གཞུང་ལ་མཚོན་ན་དེ་ནི་སྣང་མེད་བྱེད་རྒྱུར་དཀའ་ངལ་གང་ཡང་མེད་པ་ཞིག་རེད།

བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཚོ་དབང་དང་གོ་གནས་ཚ་ཆང་ཡོད་པའི་རྒྱ་ནག་དབུས་གཞུང་གིས་ཐད་ཀར་བཏང་བའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་ཆུང་ཞིག་ཡིན་སྟབས། ཚོགས་པ་དེའི་ཚོགས་མིའི་གྲས་སུ་བོད་རིགས་གཅིག་ཀྱང་ཚུད་མེད་སྟབས། དེ་བས་ཀྱང་བོད་མི་ཚོའི་སེམས་ནང་དོ་ཕོག་ཤུགས་ཆེན་བྱུང༌།

མི་འབོར་ས་ཡ་གཉིས་ལྷག་གིས་གྲུབ་པའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཉིན་རེའི་བོད་ཀྱི་ནོར་སྲིད་དང༌། ཤེས་རིག་སློབ་གསོ། ཆོས་རིག ཚན་རྩལ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་ཐབས་ཆེད་ནུས་ཤུགས་ལྡན་པའི་ལས་དོན་བྱ་རྒྱུའི་དབང་ཚད་དེ་བོད་ལས་དོན་ཨུ་ཡོན་ལྷན་ཁང་ནས་ནུས་མེད་དུ་བཏང་སྟབས། བོད་རིགས་སྤུན་ཟླ་ཚོས་ཕྱོགས་ཡོངས་ནས་རྒྱ་ནག་དམར་པོའི་གཞུང་ལ་སྐྱོན་བརྗོད་བྱེད་པའི་གཞི་རྒྱ་ཇེ་ཆེ་དང་ཇེ་བརྟན་དུ་སོང་འདུག

མ་ཟད་བོད་གཞུང་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ཁག་ལོ་ངོ་ཧྲིལ་པོ་བརྒྱད་ཀྱི་རིང་ལུགས་མཐུན་གྱིས་སྲུང་བརྩི་བྱས་པར་ལྟོས་མེད་ཀྱིས་རྒྱ་ནག་དབུས་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་དེ་རྩིས་མེད་ཐོག་མདོ་སྨད་དང་ཁམས་ཀྱི་ས་གནས་ཁྱོན་ཡོངས་སུ་དྲག་དམག་གིས་དཔུང་འཇུག་བྱས་པ་དང༌། རྒྱ་དམག་ཚོས་ཉེས་མེད་མི་སེར་བརྒྱ་ཕྲག་མང་པོ་རྩེད་མཚར་ལྟ་བུས་དམར་གསོད་དང༌། བཙོན་འཇུག ཚེ་གཡོག ནར་མ་སོན་པའི་མོ་གཞོན་<ཚོར་བཙན་གཡེམ་དང་མཚན་མའི་ནང་འབར་རྫས་བླུགས་ཏེ་གསོད་པ། ཕ་དང་བུ་མོའི་བར། མདང་བུའི་བར་འཁྲིག་སྤྱོད་བཙན་ཤུགས་ཀྱིས་བསྟེན་བཅུག་པ་སོགས་བྱས་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཅོམ་དང༌། རྩ་ཆེའི་དངོས་རྫས་མང་པོ་རྐུ་འཁྱེར་གྱི་བྱ་ངན་གྲངས་ལས་འདས་པ་སྤེལ།

རིམ་པས་བྱེད་སྟངས་དེའི་རིགས་བོད་ས་ཁྱོན་ཡོངས་སུ་ལག་བསྟར་བྱས་པ་མ་ཟད། བོད་མི་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟར་བརྩི་བའི་ྋགོང་ས་མཆོག་གི་སྐུ་སྲོག་ལའང་ངན་སེམས་ཀྱིས་གཡོ་ཐབས་བསྒྲིགས་སྟབས། བོད་མི་རྣམས་ཀྱིས་རང་སྲོག་འབེན་བཙུགས་ཀྱིས་ཕྱི་ལོ་ ༡༩༥༩།༣།༡༠ ཉིན་འདི་ལ་བོད་མི་ཚོས་སུམ་བཅུའི་རང་དབང་སྒེར་ལངས་ཞེས་འབོད། གཟི་བརྗིད་ཅན་གྱི་རང་དབར་སྒེར་ལངས་བྱས་པར་རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བྱས་སྟབས། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གནས་སྐབས་ཡུལ་གྱར་དུ་མི་འགྲོ་ཐབས་མེད་བྱུང་བ་རེད།

གསུམ་པ། དྲག་ཤུགས་ཁོ་ནས་སྤྱི་ཚོགས་ཀྱི་གནས་བབས་བསྒྱུར་བ།

དེ་ཡང་དམངས་གཙོ་འདི་ལ་དམངས་གཙོ་དང་མང་གཙོ་ཞེས་འབྲི་སྟངས་མི་འདྲ་བ་གཉིས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་མང་གཙོ་ཞེས་བྲིས་འདུག དམངས་གཙོ་ཞེས་པའི་དམངས་ནི་རིགས་རུས་དང༌། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ངལ་རྩོལ་ལ་བརྟེན་ཅིང༌། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི་དེ་དག་གཙོ་བོར་འཛིན་པའམ་དེ་རྣམས་ཡུལ་གྱི་བདག་པོར་གྱུར་པའི་དོན་ཡིན་ཞེས་ྋགོང་ས་མཆོག་ནས་བཀའ་གནང་བ་ནང་བཞིན། དོན་གྱི་ཆ་ནས་ཀྱང་དམངས་གཙོའི་སྤྱི་ཚོགས་ཀྱི་གྲུབ་ཆ་དེ་འདྲ་ཞིག་ཡིན་དགོས་མོད་ཀྱང༌།  རྒྱ་ནག་དབུས་གཞུང་གིས་བོད་མི་བྱིངས་ཀྱིས་འདོད་མོས་བྱས་མིན་ལ་ལྟོས་མེད་ཀྱིས་ཐོག་མར་ཤར་དར་རྩེ་མདོ་ནས་གོ་འཛུགས་ཀྱིས་འབྲུ་ཆུའི་ཤར་རྒྱུད་ཡོངས་རྫོགས་ལ་བཙན་ཤུགས་ཀྱིས་ལུགས་མཐུན་མིན་པའི་དམངས་གཙོའི་བཅོས་བསྒྱུར་བྱས་པ་དང༌། དེ་རྗེས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབང་ཤུགས་ཀྱིས་ཁྱབ་ཁོངས་འོག་གི་འབྲུ་ཆུའི་ནུབ་རྒྱུད་ཀྱི་ས་ཁུལ་ཡོངས་ལ་གོང་བཞིན་ལུགས་མཐུན་མིན་པའི་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་མཐར་བོད་ཆོལ་ཁ་ཆོལ་ཁ་ནི། སོག་སྐད་ཡིན་ཞིང༌། འབྱུང་ཁུངས་དང་དར་སའི་དོན། གསུམ་གྱི་ས་ཁུལ་ཡོངས་རྫོགས་ལ་ཁྱབ་པར་བྱས།

ལས་འགུལ་འདིའི་འོག་ནས་མའོ་ཙེ་ཏུང་གིས་བཤད་པའི་མེ་མདའི་ཁ་ནས་སྲིད་དབང་ཐོབ་ཅེས་པའི་རྩ་དོན་གཞི་རྩར་བཟུང་སྟེ། བོད་ཕྱི་ནང་གཉིས་སུ་ངོས་འཛིན་བྱས་པའི་བོད་ནང་མའི་བོད་ནང་མ་ཞེས་པ་ནི། དེ་སྔར་དགའ་ལྡན་ཕོ་བྲང་གཞུང་གིས་དབང་འཛིན་ཁྱབ་ཁོངས་ཀྱིས་མ་ཟིན་པའི་བོད་རིགས་འདུས་སྡོད་བྱས་པའི་ས་ཁུལ་ཁགས་ཁུལ་ཡོངས་སུ་རྒྱ་དམག་གིས་དྲག་གནོན་ཤུགས་ཆེའི་འོག་ཁིས་ཟིན་དམར་གསོད་ཆེན་མོ་དང༌། སྐྱ་མོའི་དམར་གསོད་ཆེན་མོ་སོགས་བྱུང་བ་མ་ཟད། དམར་གསོད་དེ་ཚོའི་སྐབས་རི་ལུང་གང་སར་མི་རོས་ཁེངས་ནས་བྱ་རྒོད་དང་གཅན་གཟན་སོགས་ཀྱིས་ཀྱང་ཟ་མ་ནུས་པར་ལུང་བ་དེ་ཚོར་ཟླ་བ་མང་པོའི་རིང་རོ་ཡི་དྲི་ངན་གྱིས་ཁྱབ་ཚུལ་ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་སོགས་སུ་གསལ།

བོད་ཕྱི་མའི་བོད་ཕྱི་མ་ཞེས་པ་ནི། དེ་སྔར་དགའ་ལྡན་ཕོ་བྲང་གི་དབང་འཛིན་ཁྱབ་ཁོངས་འོག་གནས་པའི་བོད་རིགས་འདུས་སྡོད་ས་ཁུལ་ཁག་ལ་ཟེར། ནང་དུའང་ ༡༩༥༩ ནས་ ༡༩༦༠ ཐམ་པའི་བར་དུས་ཡུན་ལོ་གཅིག་གི་ནང་ཚུད་དུ་རྒྱ་མི་རང་གིས་ཐོ་འགོད་བྱས་པར་བོད་མི་སྟོང་ཕྲག་བརྒྱད་ཅུ་གྱ་མདུན་དམར་གསོད་བཏང་འདུག  དུས་ཐུང་དེ་འདྲའི་ནང་བོད་མིའི་ས་ཁུལ་གྱི་ཆ་ཤས་ཆུང་ཆུང་ཞིག་ནས་དམར་གསོད་དེ་ཙམ་བཏང་ཡོད་། ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་བར་བོད་མི་ཅི་ཙམ་ཞིག་དམར་གསོད་བཏང་ཡོད་མེད་ཧ་ཅང་ཚོད་དཔག་བྱེད་སླ་བ་ཞིག་རེད།

ད་དུང་ཞར་དང་ཞོར་ལ་བོད་ཀྱི་ཤོག་དངུལ་འགྲེམས་སྤེལ་བྱེད་པའི་བརྒྱུད་ལམ་བཀག་འགོག་དང༌།  རྒྱལ་ཁབ་ཀྱི་དར་ཆ་དང༌། དམག་གི་རུ་འདྲེན་དར་ཆ་ཕྱིར་བསྡུ། བོད་དམག་ཡོངས་རྫོགས་རིམ་པས་རྒྱ་དམག་ཅན་དུ་བསྒྱུར་ཐབས་སོགས་བྱས་པས་མ་ཚད། བོད་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་ཀྱི་དབང་ཚད་ཡོངས་རྫོགས་རྩ་མེད་དུ་བཟོས་པ་སོགས་ཕྱོགས་ཡོངས་ནས་བོད་མི་ཚོར་དྲག་གནོན་ཚད་ལས་བརྒལ་བ་བྱས་འདུག

བཞི་པ། ཐུན་མིན་རིག་གཞུང་གི་དཔལ་ཡོན་ཉམས་རྒུད་དུ་བཏང་བ།

རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་འདི་མའོ་ཙེ་ཏུང་གིས་ཐད་ཀར་བློ་འདོན་གནང་བའི་རང་ཤེད་ཀྱི་བསམ་བློ་གཏོང་སྟངས་ཤིག་ཡིན་ལ། ལས་འགུལ་འདིའི་ཐོག་མའི་དམིགས་འབེན་གཙོ་བོ་རྒྱ་ནག་ནང་ཁུལ་གྱི་བཙན་རྒྱལ་རིང་ལུགས་དང༌། བཟོ་བཅོས་རིང་ལུགས། མ་རྩ་རིང་ལུགས་ཀྱི་དབང་འཛིན་པ་ཚོར་མཐའ་གཅིག་ཏུ་རྒོལ་རྡུང་བཏང་སྟེ། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་རིང་ལུགས་ནི། མིས་མི་ལ་བཤུ་གཞོག་བཏང་བའི་ལམ་ལུགས་རྩ་མེད་བྱས་པའི་རྨང་གཞིའི་སྟེང་ནས་བཙུགས་པའི་སྲིད་དོན་ལམ་ལུགས་ཤིག་ཡིན་པར་མ་ཟད། དེ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ངོ་མཚར་བ་ཞིག་ཡིན་ཚུལ་གྱིས་འུད་སྒྲོག་བྱེད། ཀྱི་བསམ་བློའི་མ་ལག་ཁྱོན་ཡོངས་ནས་བརྟན་པོར་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་ཞིང༌། རང་སྣང་གིས་བསྒྱུར་བཀོད་བྱེད་སྟངས་འདིས་རྒྱ་མི་རིགས་ས་ཡ་དྲུག་ཅུ་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་ནུབ་ཕྱོགས་པའི་ཉམས་ཞིབ་པ་ཚོས་གཅིག་མཐུན་གྱིས་ཚོད་དཔག་བྱས་ཡོད།

ཕྱི་ལོ་ ༡༩༦༦ ལོ་ནས་བཟུང་ལས་འགུལ་འདིའི་ཁ་ཕྱོགས་བོད་ཁྱོན་ཡོངས་སུ་བསྒྱུར་གོ་ཚུགས་ཤིང༌། དེ་ཡང་ལས་འགུལ་འདིས་བསམ་བློ་རྙིང་པ་དང༌། རིག་གནས་རྙིང་པ། ལུགས་སྲོལ་རྙིང་པ། གོམས་གཤིས་རྙིང་པ་སོགས་རྙིང་བཞི་རྩ་གཏོར་བྱེད་རྒྱུ་དེ་རྩ་གནད་རང་བཞིན་དུ་བཟུང་ནས་རྒྱུན་འཁྱོངས་བྱས་པ་མ་ཟད། ཆེད་མངགས་རྩ་འཛུགས་བྱས་པའི་དམར་དམག་དང༌། མི་དམངས་ཀྱི་བུ་ཕྲུག་དམག་སོགས་ཀྱིས་དཔུང་ཤུགས་ལ་བརྟེན་ནས་སྤེལ་གོ་བཙུགས་ཤིང༌། ལས་འགུལ་འདིའི་སྔ་གཞུག་བར་གསུམ་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་སྟོང་ཕྲག་དྲུག་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ཆོས་བརྒྱུད་དང་ཆོས་ལུགས་འདྲ་མིན་གྱི་དགོན་སྡེ་ཁག་འདུ། ལྷག་ཙམ་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་ཆིག་འབུམ་ལྷག་དགོན་པའི་ཚོགས་ཟངས་ནང་དུ་བཙོ་སྲེག་དང༌། གསོན་པོར་ས་དུང་དུ་སྦས་པ། རྐང་ལག་ལ་ལྕགས་ཛེར་བརྒྱབས་ནས་གསོན་སྐམ་བྱས་པ། ཁྱི་དང་གཅན་གཟན་གྱི་རིགས་ལ་གསོན་པོར་བཟར་བཅུག་པ། རང་རང་གི་གཉེན་ཉེ་དང་གྲོང་སྡེ་གཅིག་པའི་བུད་མེད་ཚོ་དང་མཉམ་དུ་བཙན་ཤུགས་ཀྱིས་འཁྲིག་སྤྱོད་བསྟེན་བཅུག་པ་སོགས་བསམ་ཡུལ་ལས་འདས་པའི་མནར་གཅོད་ཚད་མེད་བཏང༌།

ལྷག་ལུས་དགེ་འདུན་པ་རྣམས་ལའང་མར་ཁེ་སིའི་ལྟ་བའི་རྨང་གཞི་དྲིལ་བསྒྲགས་བྱས་ཏེ་དངོས་གཙོ་སྨྲ་བའི་བསམ་བློ་རྒྱུན་འཁྱོངས་བྱ་དགོས་པའི་བཙན་བཀའ་བཏང་བ་མ་ཟད། ལྷ་མེད་སྨྲ་བའི་ལྟ་བ་ཡང་དག་པ་ཡིན་པ་མི་མང་ལ་སྐུལ་སློང་བྱེད་དུ་བཅུག་པ་དང༌། ད་དུང་མཆོག་གསུམ་ལ་མཆོད་བཀུར་བསྙེན་གསུམ་དང༌། ཉ་སྟོང་བརྒྱད་གསུམ་སོགས་དུས་ཆེན་ཆེ་ཆུང་གང་ཞིག་ཡིན་རུང་དངོས་ཤུགས་བརྒྱུད་གསུམ་ནས་སྲུང་བརྩི་བྱ་མི་ཆོག་པ་བཟོས་པ་སོགས་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་ཡོད་ཚད་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་གཟབ་ནན་བྱས།

གཞན་ཡང༌། དགེ་འདུན་པ་དང་བླ་སྤྲུལ་གྱི་རིགས་ལ་སྤྱང་གི་དམར་པོ་དང༌། ཇག་པ་སེར་པོ། བཤུ་གཞོག་གྲལ་རིམ་པ། མི་དམངས་བྱིངས་ལ་ཀླ་ཀློ་དང༌། ལོག་སྤྱོད་པ། རྗེས་ལུས་སོགས་ཀྱིས་མཚོན་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་གཡོགས་ཏེ་གསོད་རྡུང་བཀོལ་སྤྱོད་ཡ་ང་བ་བྱས།

ལྷག་དོན་རིག་གསར་ལས་འགུལ་གྱི་སྔ་ཕྱིར་བདེ་འཇགས་ཨུ་ཡོན་ལྷན་ཁང་ཟེར་བ་ཆེད་འཛུགས་ཀྱིས་རིགས་མཐོ་བ་དང༌། ཕྱུག་བདག བླ་དཔོན་སོགས་གྲལ་རིམ་མཐོ་གྲས་སུ་བཞག་སྟེ་གྲལ་རིམ་ལ་འཐབ་རྩོད་དང༌། དངོས་གཙོ་སྨྲ་བའི་ལྟ་བ་(materialism)དར་སྤེལ་དང་སེམས་གཙོ་སྨྲ་བའི་ལྟ་བར་(idealism)སྐྱོན་འཛུགས་བྱེད་ཐབས་ཀྱི་ལས་འགུལ་ཚན་རིག་ཚོད་ལྟ། རྒན་དར་གཞོན་གསུམ་དང་ཡན་ལག་སྐྱོན་ཅན་ཡིན་མིན་ལ་ལྟོས་མེད་ཀྱིས་ཤུགས་ལས་འདྲ་མིན་ཐོག་སྐུལ་འདེད་བྱེད་ཐབས་ཀྱི་ལས་འགུལ་ཐོན་སྐྱེད་འཐབ་རྩོད། གུང་ཁྲན་ཏང་དང་ལྟ་བ་རྒྱབ་འགལ་དུ་འཛིན་མཁན་ཚོ་མི་མང་གི་མདུན་དུ་ཁྲིད་ནས་ཡན་ལག་གཅོད་འབྲེག་དང་དམར་གསོད་སོགས་བཏང་སྟེ་མི་སེར་དཀྱུས་མ་ཚོའི་མགོ་བོ་གནོན་ཐབས་བྱེད་པའི་ལས་འགུལ་གཅིག་རྡུང་གསུམ་རྒོལ། དབུལ་ཕྱུག་ཁྱད་མེད་ལ་ཁྲལ་རིགས་བཙན་བསྡུའི་ལས་འགུལ་རོགས་རེས་ཚོགས་ཆུང། ཉེས་ཅན་ཐེར་འདོན། རང་སྐྱོན་རང་བརྗོད། རྡུང་རྡེག་ཚ་ནན་གཏོང་བ་སོགས་ཆབ་སྲིད་ཀྱི་རྩ་དོན་གསུམ་དུ་བཞག་ནས་སྔར་གྱི་སྐུ་དྲག་རིགས་ལ་ངོ་རྒོལ་བྱེད་ཐབས་ཀྱི་ལས་འགུལ་ཆབ་སྲིད་ཀྱི་རྩ་དོན་གསུམ། སྔར་བོད་གཞུང་གི་གཞུང་ཞབས་པ་དང༌། འབྱོར་ལྡན་པ། དགོན་སྡེ་ཁག་གི་མཁན་བླ་སྤྲུལ་སོགས་མངའ་བདག་ཆེན་པོ་གསུམ་དུ་བརྩིས་ཏེ་ཤིན་ཏུ་ལྕི་བའི་འཐབ་འཛིང་བྱེད་ཐབས་ཀྱི་ལས་འགུལ་མངའ་བདག་ཆེན་པོ་གསུམ། སྒེར་ལ་དབང་བའི་དཔལ་འབྱོར་ལམ་ལུགས་ཤུལ་མེད་དུ་བཟོ་ཆེད་མི་དམངས་སྤྱི་ཁང༌། དེ་བཞིན་ཡར་ལངས་ཞིང་བྲན་རྣམས་འཚོ་གོས་གཅིག་ཏུ་རོལ་བའི་སྲིད་ཇུས་ཞེས་པ་ལག་བསྟར་བྱས་ཏེ་མི་མང་རྣམས་མཉམ་ཟ་མཉམ་འཐུང་བྱེད་དུ་བཅུག་པ། ཕ་མ་རྒན་འཁོགས་དང་བྱིས་པ་སོགས་ལ་ལྟོས་མེད་ཀྱིས་སུས་ངལ་རྩོལ་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ན་དེར་ཁེ་བཟང་མང་བ་ཞེས་པའི་ལས་འགུལ་རྩོལ་བསྟུན་ཐོབ་སྤྲོད། གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་ལ་ལྟོས་མེད་ཀྱིས་དགུན་གྲོ་འདེབས་ལས་བྱེད་དུ་བཅུག་པ་སོགས་གདུག་རྩུབ་ཤིན་ཏུ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྤེལ།

མ་ཟད་བོད་མི་ཚོའི་ཁྱིམ་ཚང་རེ་རེ་བཞིན་སྔོག་གཤེར་བྱས་ཏེ་སྐུ་བརྙན་དང༌། ཐང་ག རྒྱལ་བའི་བཀའ་བསྟན། གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་སོགས་ཀྱིས་མཚོན་སྐུ་གསུང་ཐུགས་རྟེན་གང་ཡོད་བཅོམ་འཕྲོག་དང་རྐུ་འཁྱེར་སོགས་བྱས།

ཕྱི་ལོ་ ༡༩༧༦ ལོར་ཀྲོའུ་ཨེན་དང་མའོ་གཉིས་སྔ་ཕྱིར་ལྔ་ལམ་དུ་ཕྱིན་སྟབས། ཕྱི་ལོ་ ༡༩༧༩ ནས་ ༡༩༩༤ བར་གྱི་མི་ཧྲིལ་པོ་བཅོ་ལྔའི་རིང་ཕྱི་ཚུལ་གྱིས་བོད་ཀྱི་ཆབ་དཔལ་རིག་གསུམ་སོགས་གང་ཐད་ལ་ཅུང་གུ་ཡངས་ཀྱི་རྣམ་པ་བསྟན་ཀྱང༌། ཕྱི་ལོ་ ༡༩༩༤ ནས་ ༢༠༠༡ བར་གྱི་ལོ་ངོ་བརྒྱད་རིང་བོད་ཀྱི་དགོན་སྡེ་ཁག་ལ་བོད་བརྒྱུད་ནང་བསྟན་གྱི་བརྗོད་སྙིང་ཁག་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བའི་དམིགས་ཚད་དང་མཐུན་པའི་བཟོ་བཅོས་བྱ་དགོས་པ་དང༌། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མི་མཐུན་པའི་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་སོགས་ལག་བསྟར་མི་ཆོག་པ། དགོན་སྡེ་གང་བྱུང་བསྐྲུན་པ་དང༌། གྲྭ་བཙུན་ཚོད་མེད་བསྡུ་བ། བླ་སྤྲུལ་འབོར་ཆེན་ངོས་འཛིན་བྱེད་པ་སོགས་གཏན་ནས་མི་ཆོག་པའི་བཙན་བཀའ་བཏང་སྟེ་རིག་གསར་ལས་འགུལ་ཐེངས་གཉིས་པ་སྤེལ།

མདོར་བསྡུས་ནས་བཤད་ན། བོད་ཀྱི་རིག་གཞུང་ཕལ་མོ་ཆེ་བོད་བརྒྱུད་ནང་བསྟན་དང་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་ཤུགས་ཆེ་བའི་རིག་གཞུང་ཤ་སྟག་ཡིན་སྟབས། རིག་གཞུང་དེ་དག་དང༌། དེ་འབྲེལ་གྱི་ཡུལ་གོམས་གཤིས་ལུགས་ཡོད་ཚད་མར་ཁེ་སིའི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་ཡོངས་སུ་རྒྱབ་འགལ་ལྟ་བུར་བརྩིས་ཏེ། ཐབས་དང་ཇུས་གང་ཡོད་ཀྱིས་རྩ་མེད་དུ་གཏོང་ཐབས་བྱས། དེ་དང་ཕྱོགས་མཚུངས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སེམས་གཏིང་ནས་དགའ་ཞེན་མི་བྱེད་མཁན་ཆོས་བྱེད་དགེ་འདུན་པ་དང༌། གོ་གནས་ངེས་ཅན་ཡོད་པའི་བླ་སྤྲུལ། རྩོམ་པ་པོ། སྒྱུ་རྩལ་པ་སོགས་ཀྱིས་མཚོན་ཤེས་ལྡན་མི་སྣ་ཡོད་ཚད་གང་བྱུང་གིས་བཙོན་འཇུག་དང༌། དམར་གསོད་གཏོང་བ་སོགས་ཀྱི་ལས་འགུལ་སྣ་མང་བརྩམས་པ་ལས་འདིར་དཔེ་མཚོན་ཙམ་ཟུར་འདོན་བྱས།

ལྔ་པ། གཞི་རྒྱ་ཆེ་བའི་རྒྱ་རྒོལ་ལས་འགུལ་སྤེལ་བའི་ཐོག་མའི་རྒྱུ་རྐྱེན།

དེ་ཡང་བོད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད། ཐོག་མཐའ་བར་གསུམ་དུ་རང་བཙན་གཙང་མར་གནས་པའི་རྒྱལ་ཁབ་ཅིག་ཀྱང་རེད། འོན་ཀྱང་རྒྱ་ནག་ཆིང་རྒྱལ་རྒྱུད་སྐབས་ནས་བཟུང་བོད་ཀྱི་སྲིད་དབང་ཐོག་འདྲེ་ལག་དངོས་སུ་བསྲིང་རྒྱུའི་བསམ་ངན་བཟུང་ནའང༌། མཇུག་ཏུ་ཆིང་སྲིད་གཞུང་གིས་ཐང་གི་རྡོ་ལེན་ས་ནས་རུམ་གྱི་བྲོ་བོར་ཞེས་པའི་རྒོད་བྲོ་བའི་གཏམ་རྒྱུད་དེ་མྱོང་དགོས་བྱུང་ཡོད།

དེ་རྗེས་རྒྱ་ནག་མི་སེར་རྒྱལ་ཁབ་རྒྱ་ནག་མི་སེར་རྒྱལ་ཁབ་ནི། ཡུལ་དེའི་རྒྱལ་རྒྱུད་ལམ་ལུགས་ཀྱི་སྲིད་དབང་རྩ་མེད་དུ་བཏང་བའི་རྗེས་སུ་བྱུང་བའི་སྲིད་གཞུང་ཐོག་མ་དེ་ཡིན།ནས་ཀྱང་དེ་སྔོན་ཆིང་སྲིད་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ཇི་བཞིན་ལག་བསྟར་གྱིས་བོད་འདི་རྒྱ་ནག་གི་ཆ་ཤས་སྐབས་འདིའི་ཆ་ཤས་ཞེས་པ་གྲུབ་ཆར་གོ་བ་བླང་དགོས།ཤིག་ཡིན་ཚུལ་འུད་སྒྲོག་བྱེད་འགོ་ཚུགས་ཤིང༌། འདི་ནི་རྒྱ་ནག་གིས་བོད་འདི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་འཇིག་རྟེན་ཐོག་བསྒྲགས་པའི་ཆེས་ཐོག་མ་དེ་ཡིན།

དེ་རྗེས་རྒྱ་དམར་སྲིད་གཞུང་གིས་ཀྱང་རྒྱ་ནག་མི་སེར་རྒྱལ་ཁབ་དུས་བོད་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ནང་བཙན་འཛུལ་གྱིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཙམ་དམར་གསོད་དང༌། བོད་ཀྱི་ཆོས་དང༌། རིག་གཞུང༌། ཆབ་སྲིད། དམག་དོན། ཁྲིམས་ལུགས་སོགས་ཀྱི་ཐད་གོད་ཆག་ཤུགས་ཆེན་བཏང་བ་མ་ཟད། ཐ་ན་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་དང་འབུ་སྲིན་ཚུན་ལའང་དངོས་ཤུགས་བརྒྱུད་གསུམ་ནས་གནོད་འཚེ་ཚབས་ཆེན་བཟོས་ཡོད།

ལྷག་པར་དུ་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་མན་ཇུ་དང༌། ཤར་ཏུར་ཀི་སི་ཐན། ནང་སོག་བཅས་སུ་མི་སེར་སྤེལ་བའི་སྲིད་བྱུས་འོག་རྒྱ་མི་ས་ཡ་བརྒྱད་བརྒྱ་ལྷག་ཙམ་ཡོད་པའི་ནང་ནས་ས་ཡ་བརྒྱ་དང་ཉི་ཤུ་ལྷག་ཙམ་གནས་སྤོར་གྱིས་མན་ཇུའི་མི་རིགས་རྩ་མེད་དང༌། ཤར་ཏུར་ཀི་སི་ཐན་དང༌། ནང་སོག་བཅས་ཀྱི་ས་གནས་སོ་སོའི་མི་རིགས་ཁག་ཆེས་གྲངས་ཉུང་ཅན་དུ་བསྒྱུར།

ཕྱི་ལོ་ ༡༩༥༢ ལོར་མའོ་ཙེ་ཏུང་གིས་བོད་ནང་རྒྱའི་མི་སེར་ས་ཡ་བཅུ་ཙམ་གནས་སྤོར་བྱ་དགོས་པའི་སྲིད་བྱུས་བཏོན། དེ་རྗེས་སྲིན་བློན་ཀྲོའུ་ཨན་ལེ་དང༌། ལྷག་པར་དུ་ཏིང་ཞའོ་ཕིང་གིས་སི་ཁྲོན་དུ་གསང་བའི་ཚོགས་འདུ་ལྔ་གཅིག་གཉིས་བསྡུ་སྐོང་ཐོག་བོད་ཀྱི་ས་གནས་སོ་སོའི་བོད་མི་ཚོ་གྲགས་འགུལ་ཅུང་ཙམ་ཡང་མེད་པར་བཟོ་ཆེད་བོད་ཀྱི་ས་གནས་སོ་སོར་རྒྱ་མི་རིགས་འབོར་ཆེན་གནས་སྤོར་བྱ་དགོས་པའི་བཀོད་ཁྱབ་བཏང་སྟབས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་རོགས་སྐྱོར་ན་གཞོན་ཚོགས་པ་ཟེར་བའི་མིང་ཐོག་ནས་ད་བར་བོད་རང་སྐྱོང་ལྗོངས་དང༌། འབྲུ་ཆུའི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་དང༌། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་རྒྱ་མི་སེར་ས་ཡ་བཅུ་ལ་ཉེ་བ་ཞིག་གནས་སྤོར་བྱས་དང་བྱེད་བཞིན་པ་དང༌།  རྒྱ་རིགས་དེ་ཚོས་ས་གནས་སོ་སོའི་བོད་མི་ཚོའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་ལ་བརྩི་མཐོང་གཏན་ནས་བྱེད་ཀྱི་མེད་པ་མ་ཟད། ས་གནས་བོད་མི་ཚོར་མཐོང་ཆུང་དང་ཁྱད་གསོད་ཚད་ལས་བརྒལ་བ་བྱས་དང་བྱེད་མོས་སུ་ཡོད།

མ་ཟད་ཚོང་དང་ཞིང་ལས་གཉེར་སའི་ས་ཆ་ཡག་ཤོས་ཡོད་ཚད་བོད་སྡོད་རྒྱ་མི་ཚོས་བཙན་ཤུགས་ཀྱིས་བཟུང་སྟབས། ས་གནས་སོ་སོའི་བོད་མི་ཚོར་འཚོ་གོས་གནས་མལ་ཐོག་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པའི་ཐོག རྒྱ་མི་ཚོས་གཉེར་བཞིན་པའི་ཚོང་ཁང་མང་ཆེ་བས་ཟས་རིགས་རྙིང་པ་དང༌། ཨ་རག་དང༌། ཐ་མག སྨན་རྫས་བརྫུན་མ་སོགས་ཀྱིས་ཚོང་བསྒྱུར། ཐ་ན་རྒྱ་དང་ཁ་ཆེའི་ཟ་ཁང་ལས་བྱེད་ཚོས་ཀྱང་རང་རང་གི་མགོ་སྐེ་དང་རྐང་ལག་གི་ཚི་དྲེག་བཀྲུས་པའི་ཁུ་བས་ཕྱེ་རྫི་བ་དང༌། དེ་འཐེན་ཐུག་གི་ཁུ་བར་སྤྱོད་བཞིན་པ་མ་ཟད། གཡག་དང་ལུག་གི་མགོ་མཐོང་སར་བཞག་ནས་ཁྱི་དང་བོང་ཤའི་རིགས་བེད་སྤྱོད་དང༌། འབྲོག་པ་མང་ཚོགས་སར་ཤོག་དངུལ་བརྫུན་མ་འགྲེམས་གཏོང་སོགས་བྱེད་བཞིན་ཡོད།

ད་དུང་ལོ་རབས་དྲུག་ཅུ་པ་ནས་བཟུང་བོད་དུ་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གསོག་འགོ་བཙུགས་པས་མ་ཚད། ཕྱི་ལོ་ ༡༩༩༥ ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་ཤིག་ཏུ་འོད་རླབས་འཚེར་བའི་རྡུལ་ཕྲན་འདྲ་མིན་གྱི་སྙིགས་རོ་ས་ཁྱོན་མི་ཊར་གྲུ་བཞི་མ་ཉི་ཤུའི་སར་སྤུངས་པ་རྒྱ་གཞུང་རང་གིས་ངོས་ལེན་བྱས་པ་ལྟ་བུ་རེད།

ཕྱི་ལོ་ ༡༩༨༦ ལོར་རྒྱ་གཞུང་གིས་བོད་ཀྱི་ས་ཆ་སོ་སོར་ས་གཏེར་རུ་ཁག་སྔ་ཕྱིར་ཐེངས་མང་བཏང་སྟེ་གཏེར་ས་ ༩༥༠ ལྷག་རྙེད་སོན་བྱུང་བ་དག་ཡོངས་སུ་སྔོག་འདོན་གྱིས་གསེར་དངུལ། ཟངས། ལྕགས། ཞ་ཉེ། ཚ། རྡོ་སོལ། ཅོང་ཞི། རྡོ་དཀར། ཤེལ་རྡོ། རྡོ་སྣུམ་ལྡན། གཟི། གཡུ། མུ་ཟི། མེ་རྡོ། འབྲུག་རུས་སོགས་རིན་ཐང་ཤིན་ཏུ་ཆེ་བའི་གཏེར་དངོས་ཇི་སྙེད་ཅིག་རྒྱ་ནང་དུ་རྐུ་འཁྱེར་དང༌། ས་གཏེར་འདོན་ལས་དང༌། མདོ་སྨད་ཀྱི་ས་ཕྱོགས་ཕལ་མོ་ཆེར་ཤིང་ནགས་གཅོད་འབྲེག་ཚད་ལས་བརྒལ་བ་བྱས་སྟབས། ས་བཅུད་ཤོར་བ་དང༌། སྔོ་ལྗངས་ཡིད་དུ་འོང་བའི་ས་ཆ་མང་ཆེ་བ་ཕྱེ་ཐང་དུ་གྱུར་རྐྱེན་སྒོ་ཕྱུགས་ས་ཡ་བཅུ་གཅིག་ཙམ་དང་རི་སྐྱེས་སྲོག་ཆགས་འབུམ་གཏེར་མང་པོར་གནོད་སྐྱོན་ཤུགས་ཆེན་ཐེབས་ཡོད་པ་མ་ཟད། སྔོ་ལྫངས་ཞིང་སར་དང༌། ཞིང་ས་གསར་སྤོ། འབྲོག་ལས་གྲོང་སྡེ་ཅན་དུ་བཙན་གྱིས་སྒྱུར་བཞིན་པ་འདི་རིགས་ཀྱིས་བོད་མིའི་འཚོ་བ་དང་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་མུས་སུ་ཡོད།

གཞན་ཡང༌། མའོ་ཙེ་ཏུང་གིས་དམག་ཤུགས་ལ་བརྟེན་ནས་བོད་མི་ཁྲི་བརྒྱ་དང་ཉི་ཤུ་ལྷག་དམར་གསོད་བཏང་རྗེས། ཏིང་ཞའོ་ཕིང་གིས་བོད་རིགས་བུད་མེད་ཚོའི་སྐྱེ་སྒོ་གཅོད་པ་དང་མངལ་འདོན་པའི་སྲིད་བྱུས་ལག་བསྟར་གྱིས། ས་གནས་ཆེ་ཁག་རེ་རེ་ནས་བུད་མེད་ལྔ་བརྒྱ་རེར་ཉིན་གཅིག་དུས་གཅིག་ལ་མངལ་འདོན་བྱས། ཕྱི་ལོ་ ༡༩༨༥ ནས་ ༡༩༨༧ བར་དུས་ཡུན་ལོ་གསུམ་གྱི་ནང་ཚུན་ལ་བུད་མེད་སྟོང་ཕྲག་ལྔ་བཅུ་ལྷག་གི་སྐྱེ་སྒོ་བཀག

མ་ཟད་ཕྱི་ལོ་ ༡༩༩༤ ལོར་སྤེལ་བའི་འཇར་མན་གྱི་གསར་ཤོག་ཅིག་ཏུ་ཕོ་བྲང་པོ་ཏ་ལའི་མཐར་གཞང་ཁང་བརྒྱ་ལྷག་ཡོད་ཚུལ་གསལ་བ་དང༌།  བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༡༩༩༩ ལོའི་གསལ་བསྒྲགས་ཤིག་གི་ནང་ལྷ་ས་རུ་གཞང་ཁང་ཆིག་སྟོང་ལྔ་བརྒྱ་དང༌། རྒྱ་རིགས་གཞང་འཚོང་མ་སྟོང་ཕྲག་བཅུ་ལྷག་ཡོད་ཚུལ་འཁོད་འདུག གཞང་འཚང་མ་དེ་ཚོར་ཆབ་སྲིད་ཐོག་གསང་ཉུལ་ལས་རིགས་ཀྱི་སྦྱོར་བརྡར་ཐོབ་ཡོད་སྟབས། ཁོང་ཚོས་བོད་མི་རྣམས་འདོད་བརྩེའི་གཡོ་འོག་ཏུ་བསྡུས་ཏེ་བོད་རང་དབང་གི་ལས་དོན་ཐོག་ཐེ་ཇུས་ཡོད་མེད་འཚོལ་ཞིབ་ཀྱིས་རྒྱ་གཞུང་ལ་གསང་སྐྱེལ་གྱི་བྱ་བ་གཉེར་བཞིན་ཡོད།

དེ་མིན་བོད་ཀྱི་ས་གནས་གང་སར་རྒྱ་མི་དཔུང་སྡེ་འགས་བོད་རིགས་ཕྲུ་གུ་མང་པོ་གསོན་བཟུང་བྱས་ཏེ་སྙིང་བཏོན་ནས་རྒྱ་ནག་ནང་སའི་ས་གནས་ཁག་ཏུ་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་མིའི་ལས་བྱེད་དང་འགོ་ཁྲིད་ཚོས་ཀྱང་སྲོག་ཁྲིམས་བཅད་པའི་བོད་མི་བཙོན་པ་གང་མང་ཞིག་དུས་ཐོག་མི་འཆི་བའི་གསོད་ཐབས་སྤྱད་དེ་མཁལ་མ་དང་མིག་འབྲས་བཏོན་ནས་ཕྱི་ཕྱོགས་སུ་ཚོང་ལས་གཉེར་བཞིན་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་འགོ་སྟོད་ནས་བཟུང་ཏ་ལའི་ནི་གྲྭ་ཆས་གྱོན་པའི་སྤྱང་ཀི་དང༌། མི་གསོད་ལག་དམར་པ། མེས་རྒྱལ་ཁ་བྲལ་དུ་གཏོང་མཁན། འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ་ཡིན་ཚུལ་སོགས་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང༌།

དགོན་སྡེ་ཁག་ཏུ་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་དང༌། རྒྱལ་གཅེས་སློབ་གསོའི་ལས་དོན་རུ་ཁག་སོགས་བཙུགས་ཏེ་དབང་ཤུགས་ཀྱིས་ྋགོང་ས་མཆོག་ལ་ངོ་རྒོལ་བྱེད་དགོས་པ་དང༌། ྋགོང་ས་མཆོག་གི་སྐུ་པར་མཐེ་བོང་ཙམ་ཡང་སྒྲིག་གཤོམ་མི་ཆོག་པ་དང༌། ྋགོང་ས་མཆོག་བོད་ནང་ཕེབས་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་སོགས་བྱས་སྟབས། གཞིས་སྡོད་བོད་མི་ཚོས་མི་ལོ་ཧྲིལ་པོ་དྲུག་ཅུའི་རིང་གི་བྲལ་གདུང་གི་མིག་ཆུ་བོད་ཀྱི་རི་ལུང་ཐང་གསུམ་དུ་གཏོར་བཞིན་ཧི་མ་ལ་ཡི་རི་རྩེར་ཡང་ཡང་གཅེར་དགོས་བྱུང་བ་རེད།

ལྷག་དོན་ཀུན་གཟིགས་པཎ་སྐུ་ཕྲེང་བཅུ་པ་མི་ལོ་དགུའི་རིང་བཙོན་འཇུག་དང༌། གློད་གྲོལ་ཐོབ་རྗེས་དུག་བརྒྱབས་ནས་སྐུ་སྲོག་བཀྲོངས། ཁོང་གི་ཡང་སྲིད་སྐུ་གཞོན་དུས་ནས་བཙན་ཁྲིད་ཀྱིས་ད་ཆ་གར་སོང་ཆ་མེད་དུ་གྱུར། རྗེ་གུང་ཐང་རིན་པོ་ཆེ་དང༌། མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་བོད་མི་རིགས་ཙམ་མ་ཟད་ནང་པ་ཡོངས་ཀྱིས་མིག་དཔེར་འོས་པའི་སྐྱེས་བུ་དམ་པ་འདི་ཚོ་ཡང་ཐབས་སྣ་ཚོགས་ལ་བརྟེན་ནས་བཀྲོངས། མ་ཟད་རྒྱལ་བ་ཀརྨ་པ་དང༌། ཨ་གྱ་རིན་པོ་སོགས་ཀྱི་མཛད་འཕྲིན་ལའང་ཕྱོགས་ཡོངས་ནས་བཀག་འགོག་རིམ་པར་བྱས་སྟབས། ཁོང་ཅག་རྣམས་ཀྱང་བཙན་བྱོལ་དུ་མི་ཕེབས་ཐབས་མེད་བྱུང་བས། མིག་སྐྲང་ཐོག་ཏུ་ཁུ་ཚུར་གྱི་དཔེ་བཞིན་རང་རེའི་བོད་མི་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་སྐྱོ་སྡུག་མྱངས་དགོས་བྱུང་བ་མ་ཟད། སྐྱབས་དང་མགོན་དང་དཔུང་གཉེན་གང་ཡང་མེད་པའི་མུན་ནག་གི་ལོ་ཟླ་རིང་མོ་དེ་ཉིན་མཚན་བར་མེད་དུ་བསྐྱེལ་དགོས་བྱུང་དང་འབྱུང་བཞིན་ཡོད་སྟབས། བོད་མི་ཚོས་ནུས་ཤུགས་ཡོད་རྒུས་རྒྱའི་དྲག་རྩུབ་ཆེ་བའི་སྲིད་དབང་འོག་ནས་གྱེན་ལངས་མི་བྱེད་ཐབས་མེད་བྱུང༌།

དྲུག་པ། ལས་འགུལ་སྔ་ཕྱིའི་བརྒྱུད་རིམ་དངོས།

ཕྱི་ལོ་ ༡༩༥༩ ལོའི་ལོ་སྟོད་དུ་བོད་མི་འབུམ་ཕྲག་མང་པོས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་དབང་འོག་བོད་རང་བཙན་བསྐྱར་གསོའི་ལས་འགུལ་ཐོག་མར་སྤེལ་ཞིང༌། འདི་ནི་རྒྱ་ནག་གཞུང་གིས་བོད་ཆོལ་ཁ་གསུམ་ཡོངས་སུ་བཙན་བཟུང་བྱས་རྗེས་སུ་བྱུང་བའི་རྒྱ་རྒོལ་ལས་འགུལ་ཤུགས་ཆེ་ཤོས་དེ་ཆགས་ཡོད། ལས་འགུལ་འདིའི་བརྒྱུད་རིམ་ནང་རྒྱ་གཞུང་གིས་བོད་མི་སྟོང་ཕྲག་བརྒྱད་ཅུ་གྱ་བདུན་དམར་གསོད་བཏང་བ་ཐོ་འགོད་བྱས་ཡོད་ཀྱང༌། བོད་གནས་ཉམས་ཞིབ་པ་ཚོས་སྐབས་དེར་ཉུང་མཐར་བོད་མི་སྟོང་ཕྲག་ཉིས་བརྒྱ་ལྷག་དམར་གསོད་བཏང་ཡོད་ཚུལ་བརྗོད་འདུག  ཕྱི་ལོ་ ༡༩༧༠ ལོའི་ཟླ་ ༢ པའི་ནང་དུ་བོད་ཀྱི་རྩ་དོན་ཆེད་བོད་མི་ཚོས་བོད་ཀྱི་ས་ཕྱོགས་གང་སར་རྒྱ་རྒོལ་ལས་འགུལ་ཤུགས་ཆེན་བསྟུན་མར་སྤེལ་སྟབས། མང་ཚོགས་ཀྱི་མདུན་སར་བོད་མི་ང་བརྒྱད་ཙམ་སྡེབ་གསོད་དང༌། དེ་རྗེས་བོད་ཀྱི་ལྷོ་ནུབ་ས་ཁུལ་ཞིག་ཏུ་ཡང་བསྐྱར་བོད་མི་བརྒྱ་དང་ཉེར་བརྒྱད་ལྷག་དུས་གཅིག་ལ་སྡེབ་གསོད་དང༌། ལྔ་བརྒྱ་ཙམ་བཙོན་འཇུག་དང་ཆབ་སྲིད་ཀྱི་ཁེ་དབང་ཡོངས་རྫོགས་བཙན་འཕྲོག་བྱས།

ཕྱི་ལོ་ ༡༩༨༩ ལོར་ཆོལ་ཁ་གསུམ་གྱི་བོད་རིགས་འདུས་པའི་བོད་མི་འབོར་ཆེན་ཞིག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཞི་བའི་སྐད་འབོད་བྱས་པར་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་བོད་མི་ལྔ་བརྒྱ་ལྷག་དམར་གསོད་དང༌། སྟོང་ཕྲག་མང་པོ་བཙོན་འཇུག་བྱས།

རྒྱལ་སྤྱིའི་དམིགས་བསལ་བཙོན་གྲོལ་ཚོགས་པའི་ཡིག་ཆ་གཞིར་བཟུང་ན། ཕྱི་ལོ་ ༡༩༨༧ ནས་ ༡༩༩༢ བར་ལོ་ངོ་ཧྲིལ་པོ་དྲུག་གི་རིང་ལྷ་ས་གཅིག་པུར་བོད་མི་ཚོས་བོད་མིའི་རང་དབང་རང་བཙན་དང༌། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཆེད་དུ་རྒྱ་རྒོལ་ལས་འགུལ་ཐེངས་ ༡༥༠ ལྷག་སྤེལ་བར་རྒྱ་གཞུང་གིས་ཡོངས་སུ་ཚད་ལས་བརྒལ་བའི་དྲག་གནོན་བྱས་སྟབས། བརྗོད་དཀའ་བའི་ཤི་རྨས་ཚབས་ཆེན་ཐེབས་ཚུལ་རྒྱའི་རྩོམ་པ་པོ་ཚའོ་ཁྲང་ཆིང་གིས་བརྩམས་པའི་རང་བཙན་ནི་བོད་མི་མང་གི་ཐོབ་ཐང་རེད་ཅེས་པའི་རྩོམ་ཡིག་ནང་བཀོད་འདུག

གཞན་ཡང༌། ཕྱི་ལོ་ ༢༠༠༨།༣།༣ ཉིན་མོར་བོད་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ཧྲིལ་པོ་ཞེ་དགུ་ཏག་ཏག་ཕྱིན་པའི་དུས་དྲན་དང་སྟབས་བསྟུན་བོད་ཆོལ་ཁ་གསུམ་གྱི་ས་གནས་ཁག་བརྒྱད་ཅུ་ལྷག་ནས་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་རྒོལ་ལས་འགུལ་སྔར་བྱུང་མ་མྱོང་བ་ཞིག་སྤེལ་ཡོད་ལ། ལས་འགུལ་འདིའི་འགོ་བརྩམས་ནས་ད་ལྟའི་བར་ལོ་ངོ་ཧྲིལ་པོ་དྲུག་སོང་སྟབས། ལས་འགུལ་འདི་དེ་སྔའི་ལས་འགུལ་སྤེལ་ཚད་ཀྱི་ནང་ནས་དུས་ཡུན་རིང་ཤོས་དང་རྒྱ་ཆེ་ཤོས་ཙམ་མ་ཟད། བཙན་བྱོལ་གཞུང་གིས་མི་ལོ་ཧྲིལ་པོ་ལྔ་བཅུའི་རིང་བོད་ཀྱི་དཀའ་རྙོག་སེལ་ཐབས་ཐད་སྤེལ་བའི་ལས་འགུལ་འདྲ་མིན་དང༌། དེ་སྔ་བོད་ནང་དུ་རྒྱ་རྒོལ་ལས་འགུལ་ཐེངས་ཉིས་བརྒྱ་ལྷག་སྤེལ་བ་གཉིས་ཕྱོགས་སྡོམ་གྱི་གྲུབ་འབྲས་ལས་ཀྱང་ཆེས་ཆེར་བརྒལ་ཡོད་སྟབས། ལས་འགུལ་འདི་དག་རྒྱལ་སྤྱིའི་སྟེང་ནུས་པ་ཐོན་ཤོས་ཀྱི་ལས་འགུལ་ཞིག་ཏུ་གྱུར།

མ་ཟད་ཆབ་སྲིད་ཀྱི་དམ་དྲག་དང༌། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་གཏང་རྒྱུ་ཙམ་མིན་པར། རིག་གཞུང་རྩ་མེད་དང༌། ཆོས་དད་རང་དབང་བཙན་འཕྲོག་སོགས་བྱས་པར་སྙིང་ནས་མ་བཟོད་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་གཅིག་པུར་བོད་མི་བརྒྱ་དང་ཉི་ཤུས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་ཤུལ་ལུས་ནང་མི་ཉེ་འབྲེལ་དང་བཅས་པར་ཚབས་ཆེས་དྲག་གནོན་བྱས་སྟབས། བོད་མི་ཚོ་ཕྱི་ཕྱོགས་སུ་བྲོས་བྱོལ་གྱིས་རང་སྲེག་བྱས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་སྟེང་གསལ་འདོན་བྱ་རྒྱུའི་འགོ་འཛུགས་བྱས་ཟིན་ཡོད།

ཕྱི་ལོ་ ༡༩༥༩ ལོ་ནས་ད་ལྟའི་བར་དུ་བོད་ཀྱི་རྩ་དོན་ཆེད་རྒྱ་རྒོལ་ལས་འགུལ་ཐེངས་མང་སྤེལ་བའི་ནང༌། བོད་མི་ཚོས་རྒྱ་ནག་གཞུང་ལ་དགོས་འདུན་འདོན་སྟངས་ཐད་འགྱུར་བ་གཅིག་ཀྱང་ཕྱིན་མེད་པ་ནི་རྒྱ་གཞུང་གིས་ྋགོང་ས་མཆོག་བོད་ནང་མྱུར་དུ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་སྤྲོད་དགོས་ཞེས་པའི་འབོད་ཚིག་དག་ཡིན་ལ། མ་ཟད་བོད་ལ་རང་བཙན་གཙང་མ་དགོས། རྒྱ་མི་བོད་ནས་ཕར་རྒྱུགས། བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་ཚད་མཐོའི་རང་སྲིད་རང་སྐྱོང་ཞེས་པའི་སྲིད་དོན་ལམ་ལུགས་འདི་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཡོངས་སུ་མཐུན་པ་ཞིག་ཡིན། རྒྱ་ནག་གཞུང་གིས་ད་བར་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་དེ་ལག་ལེན་དོན་འཁྱོལ་བྱས་ཡོད་མེད་ནི། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ། རང་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་ཀྱི་ལས་དོན་ཡོངས་སུ་དོ་དམ་བྱེད་འཇུག་གི་ཡོད་མེད་བལྟ་རྒྱུ་དེ་ཡིན།དགོས་སོགས་མངོན་འདོད་འདྲ་མིན་གསལ་འདོན་བྱས་ཡོད།

དེ་ཡང་ཕྱི་ལོ་ ༡༩༥༩ ལོ་ནས་མི་ལོ་ཧྲིལ་པོ་སུམ་ཅུ་ལྷག་གི་རིང་ལ་བོད་མི་ཚོས་མགྲིན་དབྱངས་གཅིག་གྱུར་ངང་བོད་ལ་རང་བཙན་གཙང་མ་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས་ཞེས་པའི་འབོད་ཚིག་གཉིས་བསྒྲགས་ཡོད་ལ། ཕྱི་ལོ་ ༡༩༧༩ ཡས་མས་ཤིག་ནས་རིམ་པས་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་རང་བཙན་བློས་གཏོང་བྱས་པའི་རྒྱུ་མཚན་ཡོངས་ཁྱབ་ཏུ་ཁ་གསལ་བྱས་པ་དང༌། བོད་ཕྱི་ནང་དུ་ཕན་ཚུན་གཉེན་འཕྲད་ཆེད་འགྲོ་འོང་ཅུང་མང་དུ་ཕྱིན་སྟབས། བོད་མི་ཚོས་རྒྱ་ནག་གཞུང་ལ་དགོས་འདུན་འཐོན་སྟངས་ཐད་ཁག་གཉིས་སུ་གྱེས་ཡོད། དེ་ཡང་ཁག་ཅིག་གིས་ཕྱི་སྡོད་བོད་གཞུང་གི་ལངས་ཕྱོགས་ལ་མོས་མཐུན་མེད་པའི་རྣམ་འགྱུར་གྱིས་མཐའ་གཅིག་ཏུ་བོད་ལ་རང་བཙན་གཙང་མ་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས་ཞེས་པའི་འབོད་ཚིག་གཉིས་བསྒྲགས་ཡོད་ལ།  ཡང་ཁག་ཅིག་གིས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་དགོས་ཞེས་ཁ་གསལ་གྱིས་བསྒྲགས་ཡོད།

གང་ལྟར་ལས་འགུལ་འདི་ཚོའི་སྔ་གཞུག་བར་གསུམ་དུ་བོད་རིགས་སྤུན་ཟླ་ཚོས་སེམས་གཏིང་ནས་རྒྱ་ནག་གཞུང་ལ་འཁོན་འཛིན་ཡོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པ་མ་ཟད། ྋགོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང༌། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གློད་གྲོལ་གཏང་དགོས་པ། བོད་ལ་རང་བཙན་བོད་རང་བཙན་ནི་ལོ་རྒྱུས་ཐོག་ནས་བོད་མི་ཚོར་བདག་པའི་ཁེ་དབང་ཞིག་ཡིན།དང་ཚད་མཐོའི་རང་སྲིད་རང་སྐྱོང་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་འདྲ་མིན་བཏོན།

རང་རེའི་འཐབ་རྩོད་ཀྱི་ངོ་བོ་མདོར་བསྡུས་ནས་བཤད་ན། བདེན་པ་དང་རྫུན་པ་རྣམ་དབྱེ་འབྱེད་པའི་འཐབ་རྩོད་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པའི་རྣམ་དབྱེ་འབྱེད་པའི་འཐབ་རྩོད། འཚེ་བ་དང་འཚེ་བ་མེད་པའི་བར་གྱི་རྣམ་དབྱེ་འབྱེད་པའི་འཐབ་རྩོད་ཅིག་ཡིན་ཚུལ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་དང་སྲིད་བྱུས་ལས་རིམ་བཅས་ཀྱི་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་རྒྱས་བཤད་ཅེས་པར་བཀོད་པ་གཞིར་བཟུང་བོད་ནང་གི་བོད་རིགས་སྤུན་ཟླ་ཚོས་འདས་པའི་ལོ་ངོ་ཧྲིལ་པོ་དྲུག་ཅུའི་རིང་མངོན་གསལ་དང་མངོན་གསལ་མ་ཡིན་པའི་བྱེད་ཐབས་འདྲ་མིན་བརྒྱུད་དེ་རྒྱ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ།

ལས་འགུལ་འདི་ཚོའི་ཁྲོད་བོད་མི་ཚོས་ལས་འགུལ་སྤེལ་སྟངས་ཀྱི་སྦྱོར་བ་འཇམ་རྩུབ་ལ་ལྟོས་མེད་ཀྱིས་རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་གྱི་ས་གནས་སོ་སོར་དྲག་པོའི་དམག་དཔུང་ཁྲི་བདུན་ཅུ་ནས་བརྒྱད་ཅུའི་བར་བཏང་སྟེ་རྐུ་འཕྲོག་བཅོམ་གསུམ་དང་གསོད་གཏུབ་ལྟ་བུའི་འཚེ་བའི་བྱ་ངན་ཤུགས་ཆེན་སྤེལ་བཞིན་ཡོད་སྟབས། ད་བར་བོད་མི་བཙོན་འཇུག་དང༌། དམར་གསོད། གར་སོང་ཆ་མེད་དུ་གྱུར་པ་སོགས་བསྡོམས་ས་ཡ་གཉིས་ལས་བརྒལ་འདུག ད་དུང་དམར་གསོད་དང༌། མུག་ཤི། རྨས་སྐྱོན་ཕོག་པའི་མིའི་གྲངས་འབོར་ཉིན་རེ་ནས་ཉིན་རེར་མ་བསྡད་པར་འཕར་གྱིན་ཡོད།

མ་ཟད་ྋགོང་ས་མཆོག་གི་སྐུ་པར་སྟེང་རྡོག་རྫིས་དང་མེར་བསྲེགས་པ་སོགས་མ་བྱས་ཚེ་བཙོན་འཇུག་དང༌། རྡུང་རྡེག དམར་གསོད་སོགས་བྱས་དང་བྱེད་བཞིན་ཡོད་པའི་ཐོག བོད་མི་ཚོ་རང་ཁྱིམ་ནས་ཕན་ཚུན་འགྲོ་བསྐྱོད་དང༌། ཚོང་དང་ས་ཞིང་འདེབས་ལས་ཀྱི་རིགས་ཀྱང་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད་པ་མ་ཟད། ཁྱིམ་ཚང་རེ་རེ་བཞིན་སྔོག་གཤེར་བྱས་ཏེ་བོད་དོན་དང་འབྲེལ་བའི་ཡིག་ཆ་དང༌། ྋགོང་ས་མཆོག་གི་སྐུ་པར། བོད་ཀྱི་རྒྱལ་དར་སོགས་ཡོད་མེད། ནང་མི་ཆ་ཚང་མེད་ཚེ་འདྲི་རྩད་ཀྱིས་བུད་མེད་དང་ཕྲུ་གུ་ཚུན་གཅར་རྡུང་བྱེད་ཀྱི་ཡོད་སྟབས། འདས་པའི་མི་ལོ་དྲུག་ཅུ་ཧྲིལ་པོར་རང་རེའི་བོད་མི་རྣམས་ཐང་བསྐྱུར་གྱི་བྱེའུ་བཞིན་ཅི་བྱ་འདི་ལས་མེད་པའི་གནས་སུ་ལྷུང་ཡོད།

བདུན་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྨང་གཞིའི་རྩ་དོན།

བོད་ཀྱི་བདེན་དོན་འཐབ་རྩོད་འདི་སྲིད་དབང་བོད་མིས་འཛིན་དང༌། རྒྱ་གཞུང་གིས་འཛིན་ཞེས་སྲིད་དབང་དང་འབྲེལ་བའི་འཐབ་རྩོད་ཅིག་དང༌། སྲིད་དོན་གྱི་ལྟ་གྲུབ་མ་མཐུན་པའི་འཐབ་རྩོད་ཅིག་དང༌། མི་རིགས་གཉིས་མ་མཐུན་པའི་འཐབ་རྩོད་ཅིག་གཏན་ནས་མིན་པར་ཆབ་སྲིད་དབང་བསྒྱུར་བྱེད་སྟངས་ཀྱི་ལམ་སྲོལ་བཟང་ཞན་ཐོག་གི་རྩོད་པ་ཞིག་ཡིན་ཚུལ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་དང་སྲིད་བྱུས་ལས་རིམ་བཅས་ཀྱི་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་རྒྱས་བཤད་ཅེས་པར་གསལ་བོར་བཀོད་པ་ལྟར་ཡིན་ལ། དེ་འདྲའི་འཐབ་རྩོད་ནི་གཞི་རྒྱ་ཆེ་ལ་དཀའ་རྙོག་གི་གཞི་རྩ་ཧ་ཅང་མང་པའི་འཐབ་རྩོད་ཅིག་ཡིན་སྟབས། དུས་ཡུན་ཐུང་ངུ་ཞིག་གི་ནང་སེལ་མི་ཐུབ་པ་བོད་མི་ཚོས་ངེས་པར་དུ་ཤེས་དགོས།

རྒྱ་གཞུང་དང་ད་ལྟའི་ཆར་བོད་སྡོད་རྒྱ་རིགས་ཚོས་ས་བཤིག་གི་ཨ་བྲ་དང༌། སྡེ་བཤིག་གི་ཇག་པའི་བྱེད་ཐབས་སྤྱད་དེ་བོད་ཀྱི་ཆོས་དང༌། རིག་གནས། ཡུལ་གོམས་གཤིས་ལུགས་སོགས་ལ་བརྩི་མཐོང་དང་ཆ་འཇོག་གཏན་ནས་མི་བྱེད་པའི་རྣམ་པ་དེ་མུ་མཐུད་རྒྱུན་འཁྱོངས་བྱས་ན། བོད་རྒྱའི་འཐབ་རྩོད་དེ་ཆབ་སྲིད་དབང་བསྒྱུར་བྱེད་སྟངས་ཀྱི་ལམ་སྲོལ་བཟང་ཞན་གྱི་རྩོད་པར་མི་ཆགས་པར་མི་རིགས་གཉིས་གཏན་དུ་མཐུན་ཐབས་དཀའ་བའི་འཐབ་རྩོད་ཅིག་ཏུ་འགྱུར་ངེས་ཡིན་ལ།

ཉིན་དེ་ནས་བཟུང་བོད་རྒྱའི་དཀའ་རྙོག་དེ་རྒྱ་གཞུང་གིས་གདུང་ལེན་ཚབས་ཆེན་བྱེད་དགོས་པའི་དཀའ་རྙོག་ཅིག་ཏུ་ཆགས་རྒྱུ་ཙམ་མ་ཟད། འཚེ་བ་མེད་པའི་རྒྱ་རྒོལ་ལས་འགུལ་གྱི་འཐབ་རྩོད་དེ་ཡང་འཚེ་བ་ཅན་གྱི་རྒྱ་རྒོལ་ལས་འགུལ་གྱི་འཐབ་རྩོད་དང༌། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་དེ་ཡང་རང་དབང་རང་བཙན་འཐབ་རྩོད་ཀྱི་རྣམ་པར་མི་འགྱུར་བའི་ངེས་པ་གང་ཡང་མེད།

དེར་བརྟེན་སྣ་གཅིག་ལས་གཞན་དག་མི་གཉེར་བའི་ལྟ་ཚུལ་དང་ལས་དོན་བྱེད་སྟངས་དེ་རིགས་ཡོངས་སུ་སྤངས་ནས་ཕྱོགས་གཉི་གས་ཕྱོགས་གཉི་གའི་བར་ལྷགས་པའི་འགལ་བའི་གཙོ་གནད་ངོས་ཟིན་པའི་ཐོག་ཕན་ཚུན་གདོང་གཏུགས་ཞིབ་བསྡུར་གྱི་ལམ་ནས་གང་མགྱོགས་བོད་རྒྱའི་གནད་དོན་ལེགས་ཕྱོགས་སུ་ཐག་གཅོད་བྱ་དགོས་ངེས་ཤིག་རེད་སྙམ།

ཕྱོགས་གཉི་གའི་དབར་སེལ་དཀའ་བའི་གནད་དོན་ཆེ་ཕྲ་ཅི་ཞིག་བྱུང་ཡང༌། དགྲ་དང་རང་ཕྱོགས་བར་གྱི་འདུ་ཤེས་དང༌། ཁྱོད་ཤི་ང་གསོན་ལྟ་བུའི་ཆོ་མེད་པའི་འདུ་ཤེས་ཀྱི་རིགས་མི་འཛིན་པར། ཕྱོགས་གཉི་གའི་ཕན་ཚུན་བར་གྱི་ཁེ་ཕན་སྙོམས་སྒྲིག་གི་བསམ་བློའི་རྨང་གཞིའི་སྟེང་ཡིན་ལུགས་ཚུལ་མཐུན་གྱིས་ཕན་ཚུན་འབྲེལ་མོལ་བྱེད་སྟངས་ཀྱི་ཐབས་ལམ་འདི་ནི་ཡང་དག་པའི་ཐབས་ལམ་དང་ནུས་པ་ཐོན་མགྱོགས་ཤོས་ཀྱི་ཐབས་ལམ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་སྟབས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེར་བསྐྱེད་ཀྱིས་ཏིང་ཕིང་གི་དགོངས་གཞི་དང་མཐུན་པར་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་དོན་ཕན་ལྡན་པའི་གྲོས་གྲོལ་བྱེད་ཐུབ་པ་བྱུང་ན་རྒྱ་ནག་ནང་ཁུལ་གྱི་ཞི་བདེ་དང་བརྟན་བརླང་ཙམ་མིན་པར་ཨེ་ཤུ་ཡ་དང་རྒྱ་ཆེ་ས་ནས་བཤད་ན་འཛམ་གླིང་ཧྲིལ་པོའི་ཞི་བདེ་དང་བརྟན་བརླང་ལ་ཕན་ཐོགས་ཆེན་པོ་ཡོད།

དེ་སྔར་ྋགོང་ས་མཆོག་ནས་དུས་ནས་དུས་སུ་ཏིང་ཕིང་གི་དགོངས་གཞི་དང་ཕྱོགས་གཉི་གའི་ཁེ་ཕན་ལ་དགོངས་བཞེད་ཟབ་མོས་ལོ་རྒྱུས་ཐོག་གི་བོད་རང་བཙན་རྦད་དེ་བློས་གཏོང་གིས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ལ་ཁྱབ་པའི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་ལེན་མཐའ་གཅིག་ཏུ་གནང་རྒྱུའི་བརྡ་ལན་ཕུལ་ཡོད།

གཞི་རྩ་དེའི་ཐོག་ནས་ད་ལྟའི་བར་བོད་རྒྱའི་རྩ་དོན་ཐོག་འབྲེལ་མོལ་ཐེངས་བཅུ་གྲངས་ཤིག་བྱས་ཀྱང་རྩ་དོན་རང་གི་ཐོག་མིག་མཐོང་ལག་ཟིན་ལྟ་བུའི་གྲུབ་འབྲས་གང་ཡང་སོན་མེད་པའི་ཐོག རྒྱ་གཞུང་གིས་ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་གྱི་འཐབ་རྩོད་ནི་སྒམ་བརླིང་ལྡན་པའི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་དང༌། ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་གྱི་འཐབ་རྩོད་ནི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པ་དང༌། བཙན་རྒྱལ་རིང་ལུགས་པས་བོད་ལ་བཙན་འཛུལ་བྱས་ཚུན་ཡུན་རིང་གནས་པའི་གཅིག་གྱུར་དང་ཁ་ཕྲལ་གྱི་འཐབ་རྩོད་ཀྱི་རྒྱུན་མཐུད་པ་ཞིག་ཡིན་ཞེས་གཡོ་མཆུ་བསྲིངས་ནས་འཛམ་གླིང་གི་ཕྱི་ནང་གང་སར་བསྒྲགས།

མ་ཟད་འདས་དང་ད་ལྟའི་བོད་མིའི་ཞི་རྒོལ་ལས་<འགུལ་དེ་དག་ཏཱ་ལའི་རུ་ཚོགས་ཀྱི་རྒྱུགས་ཁྱི་རེ་ཟུང་ཞིག་གིས་སྐུལ་འདེད་བྱས་ཚུལ་རྒྱ་ནག་ནང་ཁུལ་གྱི་གཞུང་འབྲེལ་གྱི་གསར་ཤོག་ཉིས་སྟོང་ལྷག་གི་ནང་བཤད་དེ་དོན་དངོས་སྦས་ཐབས་བྱས་ཀྱང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་སྟངས་དེར་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་དབུ་ཁྲིད་དང་གནད་ཡོད་མི་སྣ་ཆེས་མང་པོས་ཤུགས་ཆེན་པོས་སྐྱོན་བརྗོད་བྱས་ཡོད།

ལྷག་དོན་ཡོ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ས་ཡ་མང་པོས་ཅི་ཞིག་མཐོང་བ་ལྟ་བུའི་རྣམ་འགྱུར་ཞིག་གིས་དམར་མདངས་འཕྲོ་བའི་རས་རྐྱང་གི་ན་བཟའ་དཀྱུས་མ་གྱོན་ཞིང༌། དགྱེས་ཉམས་དོད་པའི་ྋགོང་ས་མཆོག་གི་ལྷད་མེད་པའི་ཞལ་རས་ལ་ཕྱོགས་ནས་ཟབ་གསལ་གསུང་གི་བདུད་རྩི་ལ་རོལ་བཞིན་པ་འདི་ནི་ཇི་འདྲའི་སྤྲོ་ནང་ཆེ་བ་ཞིག་རེད་ཨང༌།

རྒྱ་དམར་གཞུང་གིས་ནམ་ཡང་མཐོང་ན་མི་འདོད་པའི་གནས་ཚུལ་འདི་རིགས་ཀྱིས་རྒྱལ་སྤྱིའི་སྟེང་གི་གལ་ཆེའི་གསར་འགྱུར་བརྒྱུད་ལམ་ཡོད་ཚད་ལ་ཁྱབ་སྟངས་འདིས་རྒྱ་དམར་གྱི་དཔོན་ངན་ཚོའི་ཤ་ལྕིའི་བར་ན་ཧ་ཅང་བཟོད་པར་དཀའ་བའི་ཟུག་གཟེར་ཞིག་གིས་མནར་བཞིན་ཡོད་ཀྱང༌། ད་དུང་ཅང་མིན་མདོག་མདོག་གི་རྣམ་འགྱུར་འདིས་རྡོ་སྤིས་དགེ་བཤེས་ཤེར་རྒྱམ་གྱིས་ངས་སྔོན་མ་རྒྱ་དམར་ཚོ་མི་རེད་བསམས་ནས་ཁ་བརྡ་བྱས་པ་ཡིན། ད་ལྟའི་ཆར་བལྟས་ན་མི་མ་རེད་ཅེས་གསུངས་མྱོང་བའི་སྡོམ་ཚིག་དེ་སླར་ཡང་དྲན་དུ་བཅུག་གོ།།

 

ཤོག་ངོས་འདི་ཐེངས་ ༢༣༨༦ ལ་བཀླགས་འདུག
རིག་པ་འདོན་པ།
བདེན་སྐྱོང་
༢༠༡༣/༠༨/༢༨ ཉིན་འདོན་སྤེལ་བྱས།
འཇམ་དཔལ་ལགས་ནས་དཔྱད་རྩོམ་སྤུས་དག་ཞིག་བྲིས་འདུག མུ་མཐུད་ནས་འདི་ལྟར་འབྲི་རོགས་གནང་། ཐུགས་རྗེ་ཆེ།
བཙན་ནག་པས།
༢༠༡༣/༠༨/༢༥ ཉིན་འདོན་སྤེལ་བྱས།
སྤྱིར་དཔྱད་རྩོམ་ཡག་པོ་ཞིག་བྲིས་གནང་འདུག་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འོན་ཀྱང་འབའ་བ་ཕུན་དབང་བར་སྣང་ལ་བསྐྱགས་འདུག་དེར་མོས་མཐུན་མེད་། ཕུན་དབང་གི་ཀུན་སློང་དག་མིན་གང་ཡིན་ཀྱང་<། རྒྱ་དམག་བོད་དུ་འཁྲིད་ཡོངས་ནས་རང་གི་ཤ་ཁྲག་གཅིག་པའི་བོད་མིའི་མགོ་བོ་རྡུང་དུ་བཅུག་པ་དང་བོད་སར་ཁྲག་གི་ཡོལ་བུ་རྒྱུགས་པ་དང་མི་རོའི་རྩིགས་པ་རྩིགས་པ་སོགས་ཆེད་རྩོམ་ནང་གསལ་བ་ལྟར་ལུས་པོ་དུམ་པོར་བཏང་ཀྱང་དག་ཐབས་མེད་པ་ཞིག་ཡིན། རྒྱ་དམར་ལ་བློ་གཏད་བཅོལ་བ་ནི་ཕུན་དབང་གི་རྩིས་ནོར་ཆེན་པོ་ཞིག་ཐེབས་པ་རེད་བསམ།
བྱེ་མ་ཁང་གསར།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
བཙན་བྱོལ་ནང་ན་རང་གིས་ཡིག་ཕྲེང་ཁ་ཤས་ཀྱང་འོས་འཚམས་ཤིག་མི་འཁྱོང་བ་ཕར་བཞག་ནས། མིས་བྲིས་པ་དེར་ཅིག་ཅིག་མིག་མིག་ཟེར་མཁན་ཤེས་ཡོན་པ་ཚོའི་གྲལ་དུ་འཚང་མཁན་གོང་གི་ཞེ་དྲག་མང་པོ་ཡོད་ས་རེད། ཧཧཧཧཧ
རྨེའུ་དཀོན་རྒྱམ།
༢༠༡༣/༠༨/༢༢ ཉིན་འདོན་སྤེལ་བྱས།
རྩོམ་པ་པོ་ཆབ་ཚང་འཇམ་དཔལ་ལགས་ཀྱིས། དངོས་གནས་གནད་ལ་འཁེལ་བའི་ཕྱོགས་སྡོམ་རང་བཞིན་གྱི་ཆེད་རྩོམ་ཞིག་བྲིས་པར་དགའ་སྤོབས་ཆེན་པོ་བསྐྱེད་སོང་། ངོ་མ་བཀའ་དྲིན་ཆེ། མུ་མཐུད་ནས་ཐུགས་བརྩོན་གནང་རོགས་ཞུ།

ཕལ་ཆེར་ང་ནོར་མེད་ན། རྩོམ་ཡིག་ཁ་ཡིག་ལ་ཡིག་ནོར་ཆེན་པོ་ཞིག་ཤོར་འདུག་པས། རྩོམ་པ་པོ་ཡིན་ནམ། རྩོམ་འཇུག་པ་ཡིན། གང་ལྟར། ཆེད་རྩོམ་གྱི་ཁ་ཡིག་དེ་མིག་ལ་མཛའ་མ་སོང་

ང་ནི་ཆབ་སྲིད་ལ་དོ་སྣང་དང་དབྱངས་ཡོད་མཁན་ཞིག་གི་རྣམ་འགྱུར་བཟུང་ཡོད། རེད་དེ། བཙན་བྱོལ་ནང་གི་ཆབ་སྲིད་དཔྱད་བརྗོད་པ་དང་སྣེ་ཁྲིད་པ་རྣམས་ཀྱི་རྣམ་དཔྱོད་དང་ཐབས་བྱུས་ལ་ཨ་ཆད་ཨུ་ཐུག་གི་སྐྱ་མདོག་ཅིག་ཤར་འདུག

འདས་པའི་འཐབ་རྩོད་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་འཐུས་སྒོ་ཚང་བ་ཞིག་བྱས་ནས། ད་ལྟའི་ལག་ལེན་ལ་བསྟར་བཞིན་པའི་སྲིད་བྱུས་ཀྱི་ཁ་ཕྱོགས་དང་ནུས་པ། དམིགས་འབེན་ལ་སོགས་པའི་སྟོབས་ཤུགས་ཀྱིས། མ་འོངས་པའི་མདུན་ལྗོངས་རིང་མོར་ཕན་ཤུགས་གང་འདྲ་ཐེབས་ཀྱིན་ཡོད་དམ།

མདོར་ན། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་རིགས་ཞེན། ལྷག་བསམ། ཆོད་སེམས། བློས་གཏོང་བཅས་ནི་བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་དཔལ་ཡོན་ལ་གཟི་བརྗིད་བསྐྲུན་སྤྱད་ཀྱི་སྟོབས་ཤུགས་དང་འབྱུང་ཁུངས་ཉག་ཅིག་ཡིན་དུས། ཁོང་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་རིགས་ཞེན་གཙང་མ་དེ་མི་རབས་གསར་བའི་འཐབ་རྩོད་ལ་ཁ་ཕྱོགས་སྟོན་པའི་སྐྱ་རེངས་དང་པོ་དེ་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།