མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་འགྲུབ་བྱུང་ཡོད ། འདོན་སྤེལ། ༢༠༠༩/༠༢/༡༢ མདོ་སྨད་སྤྱི་ཟུར་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩམས་པའི་གླེགས་བམ་དྲུག་དང་ཤོག་གྲངས་ལྔ་སྟོང་ལྷག་ཡོད་པའི་མདོ་སྨད་ལོ་རྒྱུས་ཆེན་མོའི་དཔར་ཐེངས་དང་པོ་དངོས་སུ་དཔར་སྐྲུན་ལེགས་འགྲུབ་བྱུང་སྟེ། ཕྱི་ཚེས་ ༧ ཉིན་དེབ་ཕུད་སྤྱི་ནོར་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཆེད་དུ་བཞུགས་སྒར་ཕོ་བྲང་གི་རྩོམ་པ་པོའི་བཞུགས་གནས་སུ་སྐྱོད་དེ། བོད་ཀྱི་ལོ་རྒྱུས་སྤྱིའི་བྱུང་རིམ་དང་འབྲེལ་ཏེ། མདོ་སྨད་ལོ་རྒྱུས་སྐོར་ལ་བཅར་འདྲི་ཞུས་སྐབས། རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས། ལས་གཞི་འདིའི་ཐད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་གཙོས་པའི་མི་སྒེར་དང༌། ཤེས་ཡོན་སྡེ་ཚན་ཧ་ཅང་མང་པོ་ཞིག་གི་རོགས་རམ་རྒྱབ་སྐྱོར་འོག ད་ལྟ་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བའི་ཁུལ་རེད། ཅེས་ཁེངས་སྐྱུང་དང་བཅས་བཅར་འདྲི་དང་ལེན་བྱས་བྱུང༌།
དྲི་བ། ཐོག་མར་སྐུ་ཉིད་འདི་ལྟ་བུའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལས་གཞི་ཆེན་པོ་ཞིག་གི་སྣེ་ལ་འཇུས་པའི་གོ་རིམ་དང༌། མདོ་སྨད་ཡོངས་གཅིག་གྱུར་གྱི་ལོ་རྒྱུས་ཆེན་མོ་ཞིག་འབྲི་དགོས་པའི་རྒྱུ་མཚན་གང་ཡིན་ངོ་སྤྲོད་ཅིག་གནང་རོགས།
ལན། སྤྱི་ལོ་ ༡༩༩༩ ལོའི་ཟླ་ ༡༡ ཚེས་ ༡༡ ཉིན། ང་རང་སྤྱི་ནོར་ ༧ གོང་ས་མཆོག་ལ་མཇལ་ཁ་བྱུང་སྐབས། མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་རྒྱུར་བཀའ་མངགས་བསྩལ་བྱུང༌། སྐབས་དེ་ནས་བཟུང་མགོ་འཛུགས་ཞུས་པ་ཡིན། ཐོག་མར་མདོ་སྨད་ལོ་རྒྱུས་ཆེན་མོའི་སྒྲོམ་གཞི་ཇི་ལྟར་གཏན་འབེབས་དང༌། གླེགས་བམ་ག་ཚོད་བཟོ་རྒྱུ། རྒྱས་བསྡུས་ཅི་ཙམ་འབྲི་རྒྱུ་བཅས་ལ་འཆར་གཞི་གང་ཡང་མེད། སྐུ་སྒེར་ངོས་ནས་ཀྱང་ལོ་རྒྱུས་ཐད་བཀའ་མངགས་གང་ཡང་བསྩལ་མ་སོང༌། ལོ་རྒྱུས་གང་ཞིག་བྲིས་ཀྱང་ས་མཚམས་གསལ་བོ་ཞིག་དགོས་པ་རེད། ཕྱིའི་སྣོད་ཀྱི་ཆགས་སྟངས་དང་ནང་བཅུད་ཀྱི་གནས་བབ། རི་རྒྱུད་ཆུ་རྒྱུད། མིའི་བྱུང་སྟངས་དང་སྤྱི་ཚོགས་གྲུབ་སྟངས། སྲོག་ཆགས་སེམས་ཅན་དང་སྐྱེ་དངོས་རྩི་ཤིང༌། ཐ་ན་ཡུལ་ལུང་རེ་རེའི་དགོན་པ་དང་ལྷ་སྡེ་མི་སྡེ། མཁས་དབང་རེ་རེར་ལོ་རྒྱུས་རིང་པོ་རེ་ཡོད། དེ་དག་ཡོངས་ཞིབ་འབྲི་བྱས་ན། དབྱིན་ཡིག་ནང་གི་encyclopaedia འཛམ་གླིང་ཤེས་བྱ་ཀུན་བསྡུས་ཚིག་མཛོད་ལྟ་བུ་ཆགས་འགྲོ་བ་རེད། ལོ་གསུམ་གྱི་ཚོད་ལྟ་དང་ཉམས་མྱོང་གི་ཁྲོད་ནས། ལོ་རྒྱུས་ཀྱི་སྒྲོམ་གཞི་དང་རྒྱས་བསྡུས། གླེགས་བམ་གྱི་གྲངས་དང་ཤོག་ངོས་གཏན་འབེབས་བྱེད་ཐུབ་ཙམ་བྱུང་སོང༌།
དྲི་བ། ༧གོང་ས་མཆོག་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་རྒྱུའི་བཀའ་མངགས་བསྩལ་སྐབས། སྐུ་ཉིད་ལ་གདེང་སྤོབས་དང༌། ཡང་ན་ཞེད་སྣང་དང་སེམས་ཚོར་གང་འདྲ་བྱུང་སོང་ངམ།
ལན། གདེང་སྤོབས་གང་ཡང་ཡོད་པ་མ་རེད། སྤྱིར་བོད་མི་ཡོངས་དང་སྒོས་མདོ་སྨད་མི་དམངས་ལ་འགན་འཁུར་དགོས། རླབས་ཆེ་བའི་ལོ་རྒྱུས་ཀྱི་གནད་དོན་དངོས་ལ་འགན་འཁུར་དགོས། ངས་ཞབས་འདྲེན་ཞུས་མི་ཡོང་ངམ་སྙམ་པའི་སེམས་འཚབ་ཆེན་པོ་འདུག ཆེ་ས་ནས་བོད་མི་ས་ཡ་དྲུག་དང་༧ཏཱ་ལའི་བླ་མའི་སྙན་ཅོག་ཆུ་ལ་བསྒྱུར་མི་ཡོང་ངམ་སྙམ་པའི་དངངས་སྐྲག་འདུག ཆུང་ས་ནས་མདོ་སྨད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་མཐུན་ཞིང་ཐུགས་འདོད་འཚིམ་པ། རང་ཉིད་ཀྱི་ཧོལ་སྤྱོད་ལ་གྲུབ་འབྲས་ཤིག་འཐོན་ཨེ་ཡོང་ངམ་སྙམ་སོང་ལ། ལྷག་པར་དུ་ལོ་རྒྱུས་དཔེ་དེབ་འགའ་རེ་ཀློག་མྱོང་བ་དང༌། གནད་དོན་བྱེ་བྲག་པའི་ལོ་རྒྱུས་ཞིབ་འཇུག་ཙམ་ལས། ལོ་རྒྱུས་རིགས་གཅིག་རྐང་འཛིན་དང༌། ཆེད་སྦྱོང་དེ་འདྲ་བྱས་མྱོང་མེད་ལ། འདི་ལྟ་བུའི་གཞི་རྒྱ་ཆེ་བའི་ལོ་རྒྱུས་འབྲི་རྩོམ་གྱི་ཉམས་མྱོང་དེ་བས་མེད་སྟབས། དོགས་པ་དང་དངངས་སྐྲག་གི་གསེང་ནས་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་འབྲི་མགོ་བརྩམས་པ་ཡིན།

དྲི་བ། མདོ་སྨད་ལོ་རྒྱུས་ཆེན་མོའི་སྤྱིའི་འབྲི་སྟངས་དང་ས་བཅད་དབྱེ་བ་ཕྱེ་སྟངས། གླེགས་བམ་དྲུག་གི་ནང་དོན་འཆར་འགོད་བྱེད་སྟངས་སོགས་གང་འདྲ་ཡིན་ནམ།
ལན། དེབ་དང་པོའི་མིང་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་ལས་ལོ་རྒྱུས་སྤྱིའི་གཞུང་ཤིང་ཞེས་བཏགས་ཡོད། རྩ་བའི་དོན་ཚན་ ༢ སུ་དབྱེ་ཡོད། བོད་རྒྱལ་ཐོག་མ་གཉའ་ཁྲིའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ནས་བཟུང༌། བོད་སྤྱིའི་གནས་སྟངས་དང༌། བྱེ་བྲག་མདོ་སྨད་ཀྱི་གནས་སྟངས། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་ནས་གླང་དར་མ། ལོ་ངོ་ ༢༡༡ གི་བོད་སུལ་བུའི་དུས་སྐབས། ལོ་ངོ་ ༩༠ རིང་གི་ས་སྐྱའི་སྐབས། དེ་ནས་ཕག་གྲུ་དང་རིན་སྤོང༌། གཙང་བ། ༧རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༧རྒྱལ་དབང་བདུན་པ། ༧རྒྱལ་དབང་བཅུ་བཞི་བ་ཆེན་པོ་བཅས་དུས་མཚམས་རེ་རེའི་བོད་སྤྱིའི་གནས་སྟངས་དང་བྱེ་བྲག་མདོ་སྨད་ཀྱི་གནས་སྟངས་བཅས་བྲིས་ཡོད། རི་རྒྱུད་དང་ཆུ་རྒྱུན། རི་ལག་དང་ཆུ་ཕྲན། མཚོ་དང་མཚེའུ། ཕྱི་ལ་འབབ་པའི་ཆུ་བོ་དང༌། ནང་དུ་འབབ་པའི་ཆུ་བོ་བཅས་ལེའུ་དང་པོར་བཀོད་ཡོད།
རྡོ་ཆས་དང་རུས་ཆས་སོགས་གནའ་རྫས་རིག་དངོས་ལ་ཞིབ་འཇུག་གིས་བོད་སྤྱི་བའི་ལོ་རྒྱུས་ཅི་ཙམ་ཕུ་འདེད་ཐུབ་པ་དང༌། བྱེ་བྲག་མདོ་སྨད་ཀྱི་ལོ་རྒྱུས་ཕུ་འདེད་ཐུབ་པ། དེ་བཞིན། ཙོང་ཁ་རྒྱལ་བོས་མངའ་ཐང་རྒྱ་བསྐྱེད་པ། བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླར་གསོ་སོགས་རང་དབང་གི་ལས་ཚན་འགའ་རེ། མདོ་སྨད་ལོ་རྒྱུས་ཀྱི་སྔོན་འགྲོའི་ཐ་སྙད་གསེད་བཀྲོལ་གྱི་ལས་ཚན། ཨ་ཞ་རྒྱལ་ཕྲན་དང་གྲུ་གུ། འཇང༌། མི་ཉག ལུ་ཡུལ། སུམ་པ་རྒྱལ་ཕྲན་སོགས་མདོ་སྨད་དང་འབྲེལ་ཡོད་སྟབས། དེ་དག་གི་གནས་ཡུལ་དང་མི་རིགས་གང་ཡིན། ལོ་རྒྱུས་འཕེལ་འགྲིབ་སོགས་གསལ་ཁ་མ་བྱས་ན། མདོ་སྨད་ལོ་རྒྱུས་འབྲི་དཀའ་སྟབས། དེ་དག་སྐོར་གྱི་ལེ་ཚན་ཁ་ཤས། འཛམ་གླིང་དམར་ཤོག་རིང་ལུགས་པ་ཚོས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆགས་རིམ་དུམ་ཚན་ ༤ ལ་དབྱེ་ཡོད། སྐལ་བ་ཡ་ཐོག་གི་སྤྱི་ཚོགས་སམ་གདོད་མིའི་སྤྱི་ཚོགས། བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་བཅས་རེད། དེས་ན་བོད་པའི་སྤྱི་ཚོགས་གྲུབ་སྟངས་གང་དུ་གཏོགས་པ་དང༌། དོན་དངོས་ཐོག་བོད་ལ་བཀས་བཀོད་རྒྱུད་འཛིན་དང་བྲན་གཡོག་ལམ་ལུགས་དར་ཡོད་མེད་སོགས་ཀྱི་ལས་ཚན་བཅས་ཡོད།
གླེགས་བམ་ ༢། ༣། ༤།བཅས་ནི། ལྷོ་རྒྱལ་མོ་ཚ་བ་རོང་ནས། བྱང་མཚོ་སྔོན་གྱི་བྱང་མཐའ། ཤར་ཀ་ཅིའི་མཆོད་རྟེན་དཀར་པོ་ནས། ནུབ་མགོ་ལོག་དང་གསེར་རྟའི་ནུབ་མཐའི་བར་གྱི་དེང་སང་གི་དབང་དུ་བྱས་ན། རྫོང་ཁག་ ༦༠ མ་ཟིན་ཙམ་གྱི་ཡུལ་ཁམས་སྡེ་བ་ཚོ་བ་ཡོངས་གླེགས་བམ་གསུམ་གྱི་ནང་བསྡུས་ཡོད། དེ་དག་དོན་ཚན་གསུམ་ཚན་དུ་བྱས་ཏེ། དང་པོ། ཡུལ་ཁམས་རེ་རེའི་མི་རྒྱུད་ལོ་རྒྱུས་ཀྱི་ཡ་མཐའ་སྤྱི་ལོ་མ་ཚུགས་གོང་ནས། མ་མཐའ་སྤྱི་ལོ་ ༡༩༥༩ བར། གཉིས་པ། ས་ཕྱོགས་རེ་རེའི་དགོན་པ་གལ་ཆེན་དང༌། མཁས་ཆེན་དང་སྐྱེས་བུ་དམ་པ་དག་གི་ལོ་རྒྱུས། གསུམ་པ། སྡེ་བ་ཚོ་བ་རེ་རེའི་དུད་ཁྱིམ་དང་མི་འབོར་བཅས་ཡིན་མོད། ས་གནས་རེ་ཟུང་གི་གྲངས་ཐོ་མ་རག་པའང་ཡོད། གླེགས་བམ་ལྔ་བ། མདོ་སྨད་ཕྱོགས་ཀྱི་དགོན་པ་དང་རི་ཁྲོད། སྔགས་སྡེ། ཆོས་ཀྱི་བསྟི་གནས་ ༡༤༦༠ ལྷག་གི་མཚན་དང་ཆགས་ཡུལ། འདེབས་མཁན་དང་བཏབས་ལོ། ཆོས་བརྒྱུད་གང་ཡིན། ཟུར་བརྗོད་ནང༌། ཆག་འཇིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་གནད་བསྡུས་བཅས་བཀོད་ཡོད། གླེགས་བམ་དྲུག་པ། མདོ་སྨད་ལོ་རྒྱུས་ཐོག་བྱོན་མྱོང་བའི་མཁས་དབང་དང་སྐྱེས་ཆེན་དམ་པ་བདུན་བརྒྱ་སུམ་ཅུ་སོ་བརྒྱད་ ༧༣༨ ཙམ་གྱི་མཚན་དང་འཁྲུངས་ལོ་དང་འདས་ལོ། འཁྲུངས་ཡུལ། ཆོས་བརྒྱུད་གྲུབ་མཐའ་གང་དུ་གཏོགས་པ། ཟུར་བརྗོད་ནང༌། མཛད་རྗེས་སྙིང་བསྡུས་བཅས་བཀོད་ཡོད། དེའི་ནང་སྒྱུ་རྩལ་པ་དང་རི་མོ་བ། འཁྲབ་སྟོན་པ། གཞས་པ་གྲགས་ཆེན་སོགས་ཀྱང་ཚུད་ཡོད།
དྲི་བ། བོད་ཀྱི་རྒྱལ་རབས་རིམ་བྱུང་དང་ལྷག་པར་དུ་གཞུང་ས་དགའ་ལྡན་ཕོ་བྲང་བས་བོད་ལ་དབང་སྒྱུར་བྱས་སྐབས། མདོ་སྨད་ཕྱོགས་སུ་སྲིད་དབང་གིས་ཁྱབ་ཡོད་མེད་ཐད། གླེང་སློང་དང་དོགས་གཞི་འདྲ་མིན་ཡོད་སྟབས། སྐུ་ཉིད་ལ་གནད་དོན་དེའི་ཐད་དགོངས་ཚུལ་གང་འདྲ་བྱུང་སོང་ངམ།
ལན། མདོ་སྨད་ལོ་རྒྱུས་ཆེན་མོའི་གླེགས་བམ་དང་པོའི་ནང་བོད་ཀྱི་ལྷ་ཁང་དང་གསེར་ཁང༌། མཆོད་རྟེན་སོགས་ཀྱི་ཐོག་ནས་བོད་ཀྱི་སྲིད་དོན་དང་རིག་གཞུང་གི་ཁྱབ་ཤུགས་ལ་ལྟ་བ་ཟེར་བའི་ལེ་ཚན་ཞིག་ཡོད། དེ་དག་གནད་དོན་གལ་ཆེན་རེད། སྲོང་བཙན་སྒམ་པོའི་སྐབས་སུ་གཙུག་ལག་ཁང་གཉིས་དང༌། དམར་པོ་རིའི་ཕོ་བྲང༌། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་བཞེངས་བའི་བརྒྱུད་རིམ་ལ་བལྟས་ན། བོད་བཙན་པོའི་སྲིད་དབང་གི་ཁྱབ་ཤུགས་མདོ་སྨད་དུ་སླེབས་ཡོད་མེད་ལ་དོགས་པ་མེད་ཀྱང༌། བསྟན་པ་ཕྱི་དར་སྐབས་ནས་སྲིད་དོན་གྱི་ཁྱབ་ཤུགས་མ་སྙོམ་ཡང༌། དགོན་པ་དང་ལྷ་ཁང་གསེར་ཁང༌། མཆོད་རྟེན་སོགས་ལས་བོད་ཡུལ་ཧྲིལ་བོར་རིག་གཞུང་གི་རྒྱུད་པ་ཡུག་གཅིག་གིས་ཁྱབ་ཡོད་པ་གསལ་བོ་རེད། དཔེར་ན། བོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་གང་ནས་ས་མཚམས་བརྒལ་ཏེ་བོད་ནང་དུ་འཛུལ་མ་ཐག ལྷ་ཁང་གསེར་ཁང་དང་མཆོད་རྟེན། མི་ཁྱིམ་རེ་རེའི་སྒོ་འགྲམ་དང༌། ཁང་སྟེང་གི་དར་ལྕོགས་སོགས་ཀྱིས་ཐུན་མིན་གྱི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་བསྟེར། དེ་ནི་མི་རིགས་གཞན་སུ་ལའང་མེད་པའི་བོད་པའི་ཐུན་མིན་གྱི་རིག་གཞུང་རེད། རིག་གཞུང་དེས་ནུབ་བལ་ཡུལ་གྱི་ཤར་པ་དང་དོལ་བོ། ལ་དྭགས་ཀྱི་ཟངས་དཀར་དང་ཁུ་ནུ། འབྲུག་ཡུལ། འབྲས་ལྗོངས། བྷེལ་རྡེ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཁག་ལ་ཁྱབ་ཡོད། དེ་དག་སྲིད་དོན་ཁྱབ་ཤུགས་ཀྱི་མཚོན་རྟགས་མིན་ཡང༌། རིག་གཞུང་གི་རྒྱུད་པ་ |