སྐུ་ཞབས་ཞོགས་དུང་ཟི་ལིང་ཉེན་རྟོག་པས་བཟུང་འདུག འདོན་སྤེལ། ༢༠༡༠/༠༤/༢༥ ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ཞོགས་དུང་ལགས་ཟི་ལིང་ཉེན་རྟོག་པས་བཟུང་འདུག་ཅེས། ཁོང་གི་གྲོགས་པོའམ་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་གནས་ཚུལ་སྤེལ་འདུག
དེ་རིང་སེང་རྡོར་དྲ་བར་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་ཉེན་རྟོག་ཚན་པའི་ཉེན་རྟོག་པ་ལྔ་དྲུག་ཙམ་གྱིས། ན་གཞོན་རྩོམ་པ་བོ་གྲགས་ཅན་དང་མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་སྐུ་ཞབས་ཞོགས་དུང་ལགས། ལས་ཁུངས་ནས་ཁྲིད་དེ་ཁྱིམ་དུ་ཕྱིན་པ་དང་། ཁྱིམ་གྱི་དཔེ་ཀློག་ཁང་སོགས་སུ་བཤེར་སློག་དང་བརྙན་པར་གང་འཚམ་བརྒྱབ་རྗེས་གཞི་ནས་ཁྲིད་འདུག་ལ། དགོང་མོ་དུས་ཚོད་ ༡༠ ཡས་མས་སུ་ཉེན་རྟོག་པ་སླར་ཡང་ཁྱིམ་ལ་ཡོང་སྟེ་རྩིས་འཁོར་གཉིས་ཀ་དང་གཞན་ཡིག་དཔར་སོགས་ཁྱེར་ཡོད་འདུག
ཞོགས་དུང་གི་ཆུང་མ་ལྷ་འཚོས་བཤད་པ་ལྟར་ན། ཉིན་དེའི་མཚན་གུང་དུས་ཚོད་ ༣ ཡས་མས་སུ་ཉེན་རྟོག་པ་ཡང་བསྐྱར་ཁྱིམ་ལ་ཡོང་སྟེ་ཞོགས་དུང་དངོས་སུ་བཀག་སྐྱིལ་བྱེད་པའི་བརྡ་ཡིག་བྱིན་པ་དང་ཁོ་རང་ལ་མཁོ་བ་ཡིན་ཟེར་ནས་ཉལ་ཆས་སྟབས་བདེ་ཙམ་ཁྱེར་ནས་བུད་སོང་ཟེར། ཕྱི་ཉིན་སྔ་དྲོ་བཀག་སྐྱིལ་ཡི་གེའི་སྟེང་གསལ་བ་ལྟར་ལྷ་འཚོ་དང་བུ་མོ་ཡེ་ཤེས་འཚོ་མོ་སོགས་ཟི་ལིང་གྲོང་ཁྱེར་བཀག་སྐྱིལ་ཁང་དང་པོ་རུ་ཐེངས་འགར་ཕྱིན་ཀྱང་ངོ་ཐུག་མ་ཐུབ་པར་མ་ཟད། ད་ལྟ་དངོས་གནས་དེ་རུ་ཡོད་མེད་ཀྱང་ཤེས་དཀའ་འདུག
རྩོམ་ཡིག་དེའི་ནང་མུ་མཐུད་དེ་གསལ་དོན། ས་ཡོམ་གོད་ཆག་བྱུང་བའི་ཉིན་གསུམ་པར་ཞོགས་དུང་སོགས་ཡུལ་ཤུལ་དུ་ཆས་རྒྱུ་བྱས་ཀྱང་སྒེར་ངོས་ནས་ལམ་ཡིག་མ་ལོན་པས་ཁེགས་པར་གྱུར། དེ་བས་ཟི་ལིང་དུ་བསྡད་དེ་རོགས་སྐྱོར་དངོས་རྫས་དབོར་འདྲེན་ལ་རོགས་འདེགས་དང་སྨན་ཁང་དུ་འབྱོར་བའི་རྨས་མར་སེམས་གསོ་རོགས་རེས་ཀྱི་ལས་སུ་ཞུགས་ཏེ་ཁོ་རང་མ་བཀག་སྔོན་གྱི་ཉིན་དེ་དག་ལ་དབུགས་དལ་བའི་གོ་སྐབས་ཤིག་ཡེ་ནས་བྱུང་ཡོད་པ་མིན།
ཏག་ཏག་སྐབས་དེ་ཚོད་ལ་ཁོ་ཁྲིད་སོང་བས་ཁོ་པའི་ཁྱིམ་མི་དང་གྲོགས་པོ་དག་ལ་མཚོན་ན་སྡུག་ཐོག་སྡུག་གིས་མནན་སོང་བ་ནི་སྨོས་མེད་རེད། ཡིན་ཀྱང་ད་ཐེངས་ས་ཡོམ་གོད་ཆག་ཁྲོད་ཀྱི་ཤི་གསོན་སྤུན་ཟླ་དག་ལ་འདང་རེ་བརྒྱབ་ན། ཡང་གཞན་དང་གཞན་ལ་འདང་རེ་བརྒྱབ་ན་དེ་འདྲ་མ་སྡུག་ན་འགྲིག་སྙམ། ཁོ་རང་བཀག་སྐྱིལ་བྱས་པའི་ཉིན་གཅིག་པུ་འདིའི་རིང་ལ་གྲོགས་པོ་དང་ངོ་ཤེས་མིན་གང་མང་ཞིག་གིས་བསྟུད་མར་ཁ་པར་གྱི་ལམ་ནས་དོན་དངོས་འདྲི་རྟོག་དང་སྲིད་གཞུང་གི་བྱ་བྱེད་ལ་ཧང་སང་བའི་རྣམ་འགྱུར་བསྟན་སོང་། ཡིན་ཡང་ང་ཚོས་སེམས་རྣལ་དུ་ཕབ་ནས་ཞིབ་འདང་བརྒྱབ་ན་ཧང་སང་དགོས་དོན་མི་འདུག་སྙམ་སྟེ། ཟླ་གཅིག་ལྷག་གི་སྔོན་དུ་མཛོད་དགེའི་ཀིརྟི་སྐྱབས་སོགས་དགེ་རྒན་གསུམ་འཇུས་སོང་སྟེ་ད་དུང་གློད་མེད་པ་དང་། དེའི་རྗེས་སུ་ནུབ་བྱང་གི་ཐེའུ་རང་དང་ཞོགས་ལྗང་གཉིས་འཇུས་སོང་སྟེ་ད་ལྟའང་གང་དུ་ཡོད་པ་སུས་ཀྱང་ཤེས་ཀྱི་མེད་པ་མ་ཡིན་ནམ། དེ་བཞིན་དུ་སང་གི་ཉིན་ལ་ང་ཚོ་ཡང་སུ་ཡོད་སུ་མེད་ངེས་ཆ་ཡོད་པ་མ་རེད།
ད་ལྟའི་བར་གྱི་གནས་ཚུལ་རགས་ཙམ་ནི་འདི་འདྲ་རེད། རྗེས་སུ་གནད་དོན་འདི་ག་འདྲ་ཞིག་ཏུ་འགྱུར་བར་ང་ཚོས་སེམས་ཁུར་བྱེད་ཀྱིན་ཡོད། ༢༠༡༠.༤.༢༥ ཕྱི་དྲོ། ཞེས་གསལ་འདུག
ཟླ་ཤས་གོང་དུ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་པའི་གནམ་ས་གོ་འབྱེད་དེ། ས་བྱི་ཞི་བའི་གསར་བརྗེ་ལ་བྲིས་པ་ཞེས་པའི་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ལ། དེའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཟི་ལིང་དུ་ཡོད་པའི་སྐུ་ཞབས་ཞོགས་དུང་ཁོང་གི་སྒེར་གཉེར་དཔེ་ཚོང་ཁང་ ༡+༡ དཔེ་ཁང་ཞེས་པའང་སྒོ་བརྒྱབས་ཡོད། ཤོག་ངོས་འདི་ཐེངས་ ༣༡༥༨ ལ་བཀླགས་འདུག
| རིག་པ་འདོན་པ། |
གངས་ལྷ་མེ་ཏོག ༢༠༡༠/༠༥/༡༢ ཉིན་འདོན་སྤེལ་བྱས། |
སྐུ་ཞབས་ཞོགས་དང་ུལགས་་དབང་སྒྱུར་སྲིད་གཞུང་ནས་བཟུབ་དེར་བློ་ཕམ་ཚད་མེད་ཡོད། |
ལུང་རྟོགས། ༢༠༡༠/༠༤/༣༠ ཉིན་འདོན་སྤེལ་བྱས། |
ཞོང་དུང་བཟུང་བར་བློ་ཕམ་ཚད་མེད་བྱུང་། ཁོང་ཆོས་ལ་དགའ་མིན་གང་ལྟར་ཡང་། མི་རིག་གི་ལར་ཞེན་མགྲན་ཟླ་བྲལ་བའི་དཔའ་བོ་ཞིག་རེད། ཁོང་གློད་བསྐྲོལ་ཡོང་ཆད་བོད་གཞུང་དམང་གཉིས་ནས་འབད་པ་གང་ཡོད་བྱེད་དགོས། |
བློ་གྲོས་རྒྱལ་པོ། ༢༠༡༠/༠༤/༢༩ ཉིན་འདོན་སྤེལ་བྱས། |
བཙན་བྱོལ་ཁྲོད་ཀྱི་ཚོགས་སྡེ་དང་ཤེས་ཡོན་ཅན་རྣམས་ནས་ཁོང་ཀློད་བཀྲོལ་ཡོང་བའི་ཞུ་འབོད་དང་སྐད་འབོད་ཙམ་ཡང་བྱེད་མི་ཐུབ་པ་དེ་གང་ཡིན་ནམ། |
རྟོག་སད་ཀྱི་སྨྱུ་བུ། ༢༠༡༠/༠༤/༢༩ ཉིན་འདོན་སྤེལ་བྱས། |
བོད་ཀྱོི་རྩོམ་པ་པོ་རྣམས་ལ་རང་དབང་གི་གོ་སྐབས་མེད་པ་དེ་ངོ་མ་ཡིད་ཕམ་གི་གནས་སུ་མཆིས་འོན་ཀྱང་སྐུ་ཞབས་ཞོག་དུང་ལ་ཐེང་འདིས་རྒྱ་གཞུང་གི་མ་ཉེས་ཁ་གཡོགས་བྱེད་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་དུས་གཞིས་བྱས་གཉིས་སུ་ཡོད་པའི་བོད་མི་བྱིང་གི་ཁོང་ལ་རྒྱབ་སྐྱོར་དང་སེམས་གསོ་བྱེད་དགོས་པའི་དུས་སྐབས་ཞིག་རེད་ |
རོ་བདག ༢༠༡༠/༠༤/༢༩ ཉིན་འདོན་སྤེལ་བྱས། |
ད་ཚར་ཐལ་ ད་ཚར་ཐལ་ ཚང་མ་ཚར་ཐལ བླ་མའི་བླ་བྲང་ནས་བཞག་ཕེབས་སོང་། མཁས་པའི་གསུང་རྩོམ་བཞག་ནས་བུད་སོང་། སློབ་མའི་རྒྱབ་ཁུག་བཞག་ནས་བུད་ཐ། བླུན་པོ་བྲན་གཡོག་བྱས་ནས་རྒས་ཐ། |
སྤུན་ཟླ། ༢༠༡༠/༠༤/༢༩ ཉིན་འདོན་སྤེལ་བྱས། |
རྩོམ་པ་པོ་སྐུ་ཞབས་ཞོགས་དུང་གི་དཔེ་དེབ་གསར་བ༼གནམ་ས་གོ་འབྱེད༽ཕབ་ལེན་གནང་ས[ PDF] http://www.sangdhor.com/3.pdf |
ཡེ་ཤེས་རྒྱ་མཚོ་ ༢༠༡༠/༠༤/༢༨ ཉིན་འདོན་སྤེལ་བྱས། |
མི་ཕམ་རྡོ་རྗེ།
རྩོམ་པ་པོ་དང་ལ་རྒྱ་ཅན་སྐུ་ཞབས་ཞོགས་དུང་འཛིན་བཟུང་བྱས་པར་བློ་ཕམ་ཚད་མེད་བྱུང་། |
སེར་སྨད་བློ་དགའ། ༢༠༡༠/༠༤/༢༦ ཉིན་འདོན་སྤེལ་བྱས། |
ཨ་ཁ་ཁ་་་་སྤུར་རྒྱལ་བོད་པ་ཚང་གི། ཕོ་གང་དྲག་གི་རིག་རྩལ་རྒོད་པ་རྣམས་གུང་ཁྲན་གྱིས་དམར་འཇུས་བརྒྱབ་ཐལ། རྟ་གང་དྲག་གི་རྣ་ཅོ་རིང་བ་དག་ཇག་པས་དེད་སོང་། ཁྱད་མཚར་་་་ད་ནི་ང་དང་ང་ལྟབུའི་མྱི་ཤི་ཁྱི་ལུས་ཀྱིས་བོད་རྩམ་ཟན་པའི་ལས་དབང་གི་ཆུ་སྣ་ཐུར་དུ་ཁྲིད་ཐལ། འདི་འདྲའི་སྐྱོ་བ་ལ། ཕལ་ཆེར་ཨ་སྔོན་གོ་ལོག་གིས་ཉི་མ་ནུབ་ནས་ཤར་ཏེ། ས་གཞི་གོ་ལོག་གིས་རྡོ་ཐོག་ཏུ་རྩ་སྐྱེ་རན་འདུག གང་ཡིན་ཟེར་ན། ནག་རིས་ཁྱི་ལ་འཛུམ་དྲུག་རྒྱས་པ་དང་དམར་ཡག་སྟག་ལ་ཁྱི་སྤུ་ཟུག་པ་འདིས་ཧ་ལ་ར་སྤྲོད་བྱེད་ཀྱི་འདུག གྲོགས་པོ་ཚོ། ཨ་སྔོན་གཞུང་ནས་ཧྲལ་ཐལ། བསྡུ་ལུགས་ཚེམས་ལུགས་བྱས་ན་ཨེ་དགའ། ཉི་ཟླ་ས་ལ་ཟག་སོང་འཇུ་ལུགས་སྐྱོར་ལུགས་བྱས་ཨེ་བཟང་། |
ཅོ་རི་ཉི་མ། ༢༠༡༠/༠༤/༢༦ ཉིན་འདོན་སྤེལ་བྱས། |
བོད་བཙན་བྱོལ་རྨོངས་དད་སྤྱི་ཚོགས་ནང།
མི་ཉམ་ཆུང་རང་བཙན་རྩོད་དབང་མེད།
རྒྱ་དམར་པོའི་དམག་གི་སྤྱི་ཚོགས་ནང།
མི་ཉམ་ཆུང་སྲོག་ལ་རང་བདག་མེད།
རྒྱ་བོད་གཉིས་འོག་གི་ཉམ་ཆུང་ཚོའི།
སྐྱིད་ཟེར་ལེ་མིག་གི་མཐོང་མ་བར།
སྡུག་ཟེར་ལེ་རང་སྲོག་ཤོར་ནས་ཡོད།
འདི་མི་ཆེན་རྣམས་ཀྱི་ལྟོ་གོས་རེད།
|
བློ་བཟང་། ༢༠༡༠/༠༤/༢༦ ཉིན་འདོན་སྤེལ་བྱས། |
སྐུ་ཞབས་ཞོགས་དུང་་ལགས་ལ་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པ་རྣམས་ཀྱིས་ངེས་པར་དུ་རོགས་པོ་བྱེད་དགོས་སོ།། |
ཅོ་རི་ཉི་མ། ༢༠༡༠/༠༤/༢༦ ཉིན་འདོན་སྤེལ་བྱས། |
2.བཙན་བྱོལ་བོད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཏུ་བོད་རིགས་མི་དམངས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འདོད་དང་འདོད་བཞིན་ཡོད་པར་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱས་ཡོད།
ཞེས་བཅོས་དགོས་ཐུག་སོང་དགོངས་འགལ་མེད་ཞུ། |
ཅོ་རི་ཉི་མ། ༢༠༡༠/༠༤/༢༦ ཉིན་འདོན་སྤེལ་བྱས། |
བོད་མི་རིགས་ཀྱི་ཆབ་སྲིད་བཙོན་པ་པན་ཆེན་ཆུང་སྲིད་དགེ་འདུག་ཆོས་ཀྱི་ཉི་མ་དང་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་པ་གཙོ་བྱས་པའི་བོད་ཀྱི་རྩོམ་པོ་དང་རྒྱལ་ཞེན་པ་མང་པོ་ཞིག་རྒྱ་གཞུང་གི་བཙོན་ཁང་ནང་དུ་ཡོད།
1.རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་བའི་ཐོག་ཏུ་བོད་མི་རྣམས་ལ་ཁྲིམས་ཀྱི་ཆད་པ་བཅད་བཞིན་ཡོད་པར་རེད། རྒྱ་ནག་གཞུང་གི་ངོས་ནས་བོད་མི་འདི་ཚོ་ཁ་བྲལ་དང་ངོ་ལོག་པ་གོང་ཁྲན་ཏང་ལ་དགག་པ་རྒྱག་མཁན་ཡིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་པར་ཡིན་པས་ཁྲིམས་གཅོད་བྱས་ཡོད།
2.བཙན་བྱོལ་བོད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཏུ་བོད་རིགས་མི་དམངས་ཡོངས་རྫོགས་རང་སྲིད་རང་སྐྱོང་འདོད་དང་འདོད་བཞིན་ཡོད་པར་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱས་ཡོད།
3.ཀྲུང་ཧྭ་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་པ་ཡིན་ན་བོད་མི་རྣམས་ལ་ཁྲིམས་ཀྱི་ཆད་པ་གཅོད་པར་འདིར་ཡང་དག་ཞིག་ཡིན་པར་དོན་གྱི་ཁས་ལེན་བྱས་པ་རེད། པན་ཆེན་ཆུང་སྲིད་དང་ལི་ཐང་སྤྲུལ་སྐུ་ཞོགས་དུང་ལ་སོགས་རྒྱ་ཁྲིམས་དང་འགལ་ཡོད་པའི་བཙན་བྱོལ་བོད་གཞུང་དང་བཀའ་ཁྲིའི་ངོས་བོད་མི་འདི་ཚོ་ཁྲིམས་འགལ་བ་རེད། | |