བོད་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ། འདོན་སྤེལ། ༢༠༡༠/༠༦/༢༨
ཉེ་ཆར་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ལགས་སུ། ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པར་བཙན་བྱོལ་བོད་གཞུང་གིས་སྐྱོན་བརྗོད་དང་། ཁོང་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་རྒྱུར་འབོད་སྐུལ་ཞུ་གིན་ཡོད་ཟེར།
དེ་རིང་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་དོན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་གིས་ཀརྨ་བསམ་འགྲུབ་ལགས་སུ་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པར་ང་ཚོའི་ཕྱོགས་ནས་བློ་ཕམ་ཆེན་པོ་ཡོད། ང་ཚོས་རྒྱ་ནག་ལ་སོ་སོའི་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་སྟེ། བོད་སྤྱིའི་དོན་དུ་སྐད་རྒྱག་པ་དང་ཐོབ་ཐང་དགོས་ཟེར་མཁན་གྱི་ཆབ་སྲིད་བཙོན་པ་ཚང་མ་གློད་དགོས་པ་རེད་ཅེས་འབོད་སྐུལ་ཞུ་གིན་ཡོད།
ཀརྨ་བསམ་འགྲུབ་ལྟ་བུར་མཚོན་ན་ཁོང་གི་སྤུན་མཆེད་གཉིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་སྟབས། ཁོང་གཉིས་གློད་གཏོང་དགོས་གསུངས་པ་རེད་ལ། ཁོང་ལ་བཅད་པའི་ཁྲིམས་ཆད་ནི་ལོ་ ༡༥ རིང་བཙོན་འོག་ཏུ་འདུག་རྒྱུ་དེ་རེད། དེ་བཞིན་ཁོང་ལ་བཀལ་བའི་ནག་ཉེས་ནི་ལོ་ ༡༢ སྔོན་གྱི་གནས་ཚུལ་རྙིང་པ་ཞིག་རེད་འདུག་ལ། དེ་ཡང་ཁོང་རང་ཉིད་ཀྱིས་ནག་ཉེས་བསགས་པ་དེ་འདྲ་གང་ཡང་མ་རེད། དེར་བརྟེན་ཁོང་ལ་ཁྲིམས་ཐོག་ནས་ནག་ཉེས་གང་ཡང་མེད་བཞིན་དུ་མི་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པར་བློ་ཕམ་ཆེན་པོ་བྱུང་།
ལྷག་པར་དུ་ཁོང་ལ་མཚོན་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ནས་རྒྱ་ནག་གཞུང་ངོས་ནས་བྱ་དགའ་རེག་མྱོང་བའི་མི་ཞིག་ཡིན་སྟབས། བོད་གཞུང་གི་ངོས་ནས་རྒྱ་ནག་ལ་ཁོང་གཙོས་པའི་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་གྲོལ་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུ་གིན་ཡོད་ཅེས་གསུངས།
འདི་གའི་གསར་འགོད་པས་ཁོང་ལ་བོད་གཞུང་གི་འབོད་སྐུལ་འདི་ཉིད་གསར་འགྱུར་བརྒྱུད་ལམ་ཁག་ལས་གཞན། རྒྱ་ནག་ལ་དངོས་སུ་ཡིག་འབྲེལ་དང་ཁ་པར་གྱི་ལམ་ནས་འབོད་སྐུལ་ཞུ་གིན་ཡོད་མེད་སྐོར་དྲིས་པར། ཁོང་གིས་ང་ཚོས་འབོད་སྐུལ་དེ་ཁྱེད་ཅག་ལྟ་བུའི་ཀརྨ་བསམ་འགྲུབ་སྐོར་ལ་བཅར་འདྲི་བྱེད་མཁན་གྱི་གསར་འགོད་པ་དང་། གསར་འགྱུར་བརྒྱུད་ལམ་བརྒྱུད་ནས་ཞུ་གིན་ཡོད་པ་ལས། རྒྱ་ནག་གཞུང་ལ་ཐད་ཀར་ཡིག་འབྲེལ་ཐོག་ནས་ཞུ་གི་མེད་ཅེས་གསུངས།
ཁོང་གིས་ཕྱི་ཚེས་ ༢༥ ཉིན་ཧྥ་རན་སིའི་གསར་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས་ཀྱང་། ཀརྨ་བསམ་འགྲུབ་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དང་། ཁོང་ལ་འདྲི་རྩད་སྐབས་གཅར་རྡུང་དྲགས་པོ་བྱས་པར་བློ་ཕམ་བྱུང་ཡོད་ཅེས་དང་། རྒྱ་ནག་གིས་ཆབ་སྲིད་བཙོན་པ་རྣམས་ལ་ཁྲིམས་ཞིབ་བྱེད་དུས་ངེས་པར་དུ་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད།
ཀརྨ་བསམ་འགྲུབ་ལགས་སུ་རྒྱ་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་ཨ་རིའི་ཕོ་བྲང་དཀར་བོའི་མགྲིན་ཚབ་པས་ཀྱང་། རྒྱ་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་དང་བློ་ཕམ་བྱུང་སྐོར་བརྗོད་ཡོད་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
ཤོག་ངོས་འདི་ཐེངས་ ༧༠༣ ལ་བཀླགས་འདུག
| རིག་པ་འདོན་པ། |
ལྷ་མོ་དོན་གྲུབ། ༢༠༡༠/༠༦/༢༩ ཉིན་འདོན་སྤེལ་བྱས། |
བོད་གཞུང་ཟེར་ལོས་ཆོག འོན་ཀྱང་རྒྱལ་ཁབ་གཞན་གྱིས་ངོས་ལེན་མ་བྱས་པས་མིང་སྟོང་བ་འདྲ་བོ་ཞིག་རེད། གཞུང་ཞིག་གི་མིང་ཡོད་ན་མེད་ན་དོན་ལ་༸གོང་ས་མཆོག་དང་གཞིས་ལུས་མི་དམངས་ཀྱི་སྙིང་སྟོབས་དང་མཐུན་སྒྲིལ་ལ་ཐུག་ཡོད་པ་རེད། བྱེས་ཀྱི་བོད་གཞུང་དམངས་ཀྱིས་འདི་ལྟར་གཞིས་ལུས་མི་དམངས་ཀྱི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིར་གཏུགས་བཤེར་སོགས་བྱ་རྒྱུ་ཧ་ཅང་གལ་ཆེ། |
ཀརྨ་རྡོ་རྗེ། ༢༠༡༠/༠༦/༢༩ ཉིན་འདོན་སྤེལ་བྱས། |
བོད་གཞུང་དང་རྒྱ་གཞུང་ཞེས་གཞུང་གཉིས་ཡོད་ན་རང་བཞིན་གྱིས་གདོང་ཐུག་བརྒྱབ་ཡའི་གཞི་ཅིག་མིན་ནམ།
|
གསེར་རྟ་ཚུལ་ཁྲིམས་འོད་ཟེར། ༢༠༡༠/༠༦/༢༨ ཉིན་འདོན་སྤེལ་བྱས། |
ཐེངས་འདིར་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་པ་དང། ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་མཆོག་ལ་ལོ་༡༢ཡར་སྔོན་ནས་ཁོང་གཙང་དག་བྱུང་ཚར་བའི་གྱོད་དོན་ཞིག་ཆེད་དུ་བསྐྱར་གླེང་གིས་བཙན་འགེལ་བྱེད་དགོས་བྱུང་བ་རེད།
རྒྱ་གཞུང་གིས་བྱེད་སྟངས་འདིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་པ་དང། ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་མཆོག་ནི་རྒྱ་ནག་གཞུང་ཞེད་སྣང་དགོས་སའི་རླབས་ཆེན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པར་གསལ་སྟོན་བྱས་ཡོད་ཅིང།
དེ་བཞིན་ཁོང་ནི་སྐྱོན་བཙལ་ཀྱང་མི་རྙེད་སའི་མི་དཀར་གཙང་ཞིག་ཡིན་པར་ཡང་བསྟན་ཡོད།
དངོས་གནས་བྱས་ན་རྒྱ་གཞུང་གིས་བྱེད་སྟངས་འདི་ནི་ཀྲུང་ཧ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད།
ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་༣༨་པར།
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཀྱི་ངོ་སོ་དང་ལ་རྒྱལ་བཙན་གནོད་བྱས་མི་ཆོག བྱེད་ཐབས་གང་དང་གང་གི་ཐོག་ནས་སྤྱི་འབངས་ལ་བརྙས་བཅོས་དམའ་འབེབས་དང། སྙོན་འཛུགས་སྙན་འབུལ་དང། མ་ཉེས་ཁག་གཡོག་བྱེད་རིགས་བཀག་བསྡོམས་བྱ་རྒྱུ།
ཅེས་དང།
དོན་ཚན་༤༡པར།
རྒྱལ་ཁབ་གཞུང་གི་ལས་ཁུངས་དང། རྒྱལ་ཁབ་གཞུང་གི་ལས་བྱེད་པས་སྤྱི་འབངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་རྐྱེན་གྱིས་གྱོང་གུན་ཕོགས་ཚེ་དེར་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་གུན་གསབ་ཐོབ་ལེན་གྱི་ཁེ་དབང་ཡོད།
ཅེས་བཤད་ཡོད་པ་ལྟ་བུ་རེད།
གོང་གསལ་ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་འདི་ | |