གྲྭ་པ་མང་པོ་ཞིག་ལ་ཁྲིམས་ཐག་བཅད།

འདོན་སྤེལ། ༢༠༡༢/༡༠/༠༡

རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་མང་པོ་ཞིག་ལ་སྔ་ཕྱིར་ཉེས་འཛུགས་སྣ་ཚོགས་འོག་ལོ་ཚད་འདྲ་མིན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འགྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིསགནས་ཚུལ་བཏང་འབྱོར་ལྟར་ན།  བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཛམ་པ་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༡༩། ཕ་མིང་ལ་བཀྲ་ཁོ་ཡིན་པ་ཁོང་ལ་རྒྱ་གཞུང་གིས་ཉེ་སྔོན་ཕྱི་ཟླ་ ༩ ཚེས་ཤར་ཙམ་ལ་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་རིན་ཆེན་དཔལ་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བྱང་ཆུབ། རང་ལོ་ ༡༧ ། ཕ་མིང་ལ་རིན་ཆེན་དཔལ་ཡིན་པ་ཁོང་ལ་ཡང་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁོང་གཉིས་འདི་ལོའི་ཕྱི་ཟླ་ ༣ ཟླ་མཇུག་ཙམ་ལ་ས་གནས་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་བཟུང་ཟླ་བ་ལྔ་ལྷག་རིང་གར་སོང་ཆ་མེད་དུ་གྱུར་ནས་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་བྱུང་མི་འདུག་པར་མ་ཟད། ཉེ་སྔོན་ཕྱི་ཟླ་ ༩ ཚེས་ཤར་ཙམ་ལ་ཁྲིམས་ཐག་གཅོད་སྐབས་ཀྱང་ནང་མིར་བརྡ་ལན་གང་ཡང་མ་སྤྲད་པར་ཁྲིམས་ཁང་གིས་ཁྲིམས་འགལ་གྱིས་ཐག་གཅོད་བྱས་ཡོད་ལ། དེ་བས་ཀྱང་བློ་བཟང་བྱང་ཆུབ་ཁྲིམས་ཐག་གཅོད་ཆོག་པའི་ལོ་ཚད་མ་ལོན་ནའང་ཉེས་ཆད་ལྕི་མོ་བཅད་ཡོད་འདུག དེ་སྔོན་འཛིན་བཟུང་བྱས་སྐབས་གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན། ཁོང་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་རང་ལུས་མེར་སྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དགེ་བྷེ་ལགས་ཀྱི་གྲོགས་པོ་ཡིན་སྟབས། ཁོང་གི་ལས་འགུལ་ལ་འབྲེལ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་ཚུལ་བརྗོད་ཡོད་ཀྱང་། ཉེ་སྔོན་ཁྲིམས་ཐག་གཅོད་སྐབས་ཉེས་འཛུགས་ག་རེ་བྱས་ཡོད་མེད་དང་། ཁོགཉིས་ལ་ཁྲིམས་ཐག་གཅོད་ས་དང་དེང་སྐབས་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཤེས་རྟོགས་ཐུབ་མི་འདུག

གཞན། རྔ་པ་རྫོང་རོང་མཁར་སར་ཞང་རུ་ཆེན་གཉིས་པའི་ཀུ་ནེ་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བཀྲ་ཤིས། རང་ལོ་ ༢༦། མ་མིང་སྩོགས་ཇོ་མ་ཡིན་པ་ཁོང་ལ་ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནང་འཛིན་བཟུང་བྱས་པའི་རྗེས་ཟླ་བ་དགུ་ལྷག་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་འབྲེལ་ཡོད་ཀྱིས་ཤེས་རྟོགས་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ཁྲིམས་ཐག་བཅད་ཡོད་ལ། ལོ་སྔོན་མར་ཁོང་འཛིན་བྱས་སྐབས་གནས་ཚུལ་འགྲེལ་བརྗོད་པས་ཤེས་རྟོགས་བྱུང་བར་ཁོང་འཛིན་བཟུང་བྱེད་མཁན་ཁྲིན་ཏུའུཡི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཡིན་པ་དང་། རྒྱལ་ཁབ་ཕྱི་ལོགས་ལ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་ཚུལ་བརྗོད་ཡོད་པ་ལྟར་ཉེ་སྔོན་ཁྲིམས་ཐག་གཅོད་སྐབས་ཀྱང་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་མཁོ་གཏོང་བྱས་པ་དང་། ཕྱི་ལོགས་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག

ཡང་རྔ་པ་རྫོང་རོང་ཁོག་པོ་ཤང་གཅའ་མདའ་སྡེ་བའི་འབག་ཆུང་ཚང་གི་བུ་ཐུབ་རྡོར། (མི་སྐྱ་) རང་ལོ་ ༢༥ ། མ་མིང་ལ་ཚེ་རིང་མཚོ་ཡིན་པ་ཁོང་ལ་ཡང་ལོ་ ༧ དང་ཟླ་བ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཁོང་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནང་འཛིན་བཟུང་བྱས་པའི་རྗེས་སུ་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་བྱུང་བར་ཟླ་ ༩ ལྷག་སོང་ཡོད་ལ། ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་ཁྲིམས་ཐག་བཅད་ཡོད་འདུག བློ་བཟང་བཀྲ་ཤིས་དང་ཁོང་གཉིས་ལ་ཁྲིམས་ཐག་མ་བཅད་པའི་ཉིན་གཉིས་ཙམ་གྱི་སྔོན་དུ་ཁོང་གཉིས་ཀྱི་ནང་མིར་འབར་ཁམས་སུ་ཐོན་དགོས་པའི་བརྡ་ལན་འབྱོར་བ་ཙམ་ལས་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དང་ནང་མིའི་ངོས་ནས་ཁྲིམས་རྩོད་པ་གླ་ཐུབ་མིན་སོགས་ཀྱི་ཟུར་ཙམ་ཡང་གླེང་མེད་པར་མ་ཟད། དུས་ཚོད་ཀྱི་ཆ་ནས་ཀྱང་ནང་མིས་ཁྲིམས་རྩོད་པ་གླ་རྒྱུ་སོགས་ཡོང་ཐབས་མེད་པའི་གནས་སྟངས་བཟོས་ཡོད། ཁྲིམས་ཐག་བཅད་ཚར་རྗེས་ནང་མི་དང་འཁྱུག་ཙམ་ཐུག་རྒྱུའི་གོ་སྐབས་སྤྲད་ཡོད་འདུག ལོ་སྔོན་མར་འཛིན་བྱས་སྐབས་གནས་ཚུལ་འགྲེལ་བརྗོད་པས་ཤེས་རྟོགས་བྱུང་བར་ཁོང་གིས་ཀྱང་རྒྱལ་ཁབ་ཕྱི་ལོགས་ལ་འབྲེལ་བ་བྱས་ཏེ་བོད་ནང་གི་གནས་ཚུལ་བཤད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་ཚུལ་བརྗོད་ཡོད་པ་ལྟར་ཉེ་སྔོན་ཁྲིམས་ཐག་གཅོད་སྐབས་ཀྱང་གོང་བཞིན་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་མཁོ་གཏོང་བྱས་པ་དང་། ཕྱི་ལོགས་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག

དེང་སྐབས་ཁོང་གཉིས་སི་ཁྲན་གྱི་མེན་ཡང་ཞེས་པའི་ས་གནས་ཀྱི་བཙོན་ཁང་དུ་བསྐྱལ་ཡོད་པའི་གནས་ཚུལ་འདུག་ཀྱང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།

ཤོག་ངོས་འདི་ཐེངས་ ༡༢༥༩ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།