གླིང་ཚས་བོད་སྐྱོད་གོམ་བགྲོད་གནང་སྟེ་ཟླ་ངོ་གཉིས་ཕྱིན་ཡོད།

འདོན་སྤེལ། ༢༠༡༣/༠༥/༡༠

ཞི་བའི་འཐབ་རྩོད་པ་གླིངཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་སྐྱོད་གོམ་བགྲོད་གནང་སྟེཟླ་ངོ་གཉིས་ཏག་ཏག་ཕྱིན་ཡོད་པ་དང་ རྒྱ་གར་གྱི་མངའ་སྡེ་ལྔ་ཙམ་བརྒྱུད་དེ་ད་བར་སྤྱི་ལེ་ ༡༣༠༠ ལྷག་ལ་གོམ་བགྲོད་གནང་འདུག

དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་གནང་སྟེ་ཟླ་གཉིས་ཏེ། ཉིན་གྲངས་ ༦༠ ཙམ་ཕྱིན་པའི་ཉིན་མོ་ཡིན། གསར་འགོད་པས་ཁ་པར་བརྒྱུད་ཁོང་གི་གོམ་བགྲོད་གནས་སྟངས་སྐོར་ལ་བཅར་འདྲི་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ཚེས་ ༡༠ ཉིན་བཞུགས་སྒར་ནས་བོད་སྐྱོད་གོམ་བགྲོད་མགོ་འཛུགས་གནང་སྟེ། ད་ཆར་ཡུ་པེ་(UP) མངའ་སྡེའི་རྩ་མཆོག་དྲུང་དུའབྱོར་ཡོད་པ་དང་སང་ཉིན་བྷེ་ཧར་(Bihar) མངའ་སྡེ་ནང་འཛུལ་རྒྱུ་ཡིན་འདུག ཉི་མ་རེར་ག་ཚོད་ལ་སྐྱོད་ཐུབ་ཀྱི་ཡོད་པ་དྲིས་པར། ནམ་རྒྱུན་ཉིན་རེར་སྤྱི་ལེ་ ༣༠ ནས་ ༣༥ བར་སྐྱོད་ཐུབ་ཀྱི་ཡོད་པ་དང་ད་བར་ཁྱོན་སྤྱི་ལེ་ ༡༣༠༠ ལྷག་ལ་གོམ་བགྲོད་གནང་ཡོད་འདུག ཟླ་གཅིག་ཡས་མས་ཤིག་ལ་བོད་ཀྱི་ས་མཚམས་སུ་འབྱོར་རྒྱུར་ཚོད་དཔག་བྱེད་ཀྱིན་འདུག  

ཡང་ཁོང་ལ་གོམ་བགྲོད་གནང་མཉམ་ཞུགས་བྱེད་མཁན་བྱུང་ཡོད་མེད་དྲིས་པར། གོམ་བགྲོད་ཀྱི་ཐོག་མར་ཕ་མ་གཉིས་བདུན་ཕྲག་གཅིག་ལྷག་རིང་མཉམ་ཞུགས་གནང་ཡོད་པ་དང་ དེའི་རྗེས་སུའང་བོད་མི་ཁ་ཤས་ཉི་མ་འགའ་རེར་མཉམ་ཞུགས་གནང་མཁན་བྱུང་ཡོད་ཅིང་ངྷ་སར་གནས་སྡོད་བྱེད་མཁན་བཀྲ་ཤིས་དོན་འགྲུབ་ལགས་ཉིན་ ༡༥ རིང་མཉམ་ཞུགས་གནང་ཡོད་འདུག  

གོམ་བགྲོད་སྐབས་དཀའ་ངལ་ཆེན་པོ་འདྲ་འཕྲད་ཡོད་མེད་དྲིས་པར། གོམ་བགྲོད་སྐབས་རྐང་པ་ན་བ་དང་ ལམ་བར་དུ་མཚམས་རེར་སྡོད་གནས་མ་རག་པ། ཟ་མ་དང་སྐོམ་ཆུ་རག་མིན་སོགས་ཀྱི་དཀའ་ངལ་ཏོག་ཙམ་རེ་མ་གཏོགས་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མེད་པ་དང་དཀའ་ངལ་ཆུང་ཚགས་རིགས་གོམ་བགྲོད་པ་ཞིག་ལ་མཚོན་ན་ཡོད་ཡོད་པ་ཞིག་ཏུ་ངོས་འཛིན་གྱིས་དཀའ་སྣང་ཕྲ་མོ་ཙམ་ཡང་མེད་སྐོར་བརྗོད་བྱུང་

གཞནངྷ་སའི་ཚོགས་སྐྱིད་ ༡༡ གི་མཉམ་སྦྲེལ་མཐུན་ཚོགས་ཀྱིས་གླིང་ཚ་ཚེ་བརྟན་རྡོ་རྗེལགས་ཀྱི་བློགཏོང་དང་ཆོད་སེམས་ལ་ཡི་རངས་བསྔགས་བརྗོད་དང་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་བཞག་སྟེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་གྲགས་པ་གཉིས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ཁ་སང་ཕྱི་<ཚེས་ ཉིན་ཚེ་བརྟན་རྡོ་རྗེ་ལ་ཐུག་འཕྲད་འཚམས་འདྲིར་སྐྱོད་ཡོད་འདུག

གསར་འགོད་པས་ཁ་པར་བརྒྱུད་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། “ ད་ལྟ་ངེད་གཉིས་རྩ་མཆོག་དྲུང་དུ་ཡོད། ཁ་སང་འདིར་འབྱོར་ཏེ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་ཐུག་འཕྲད་བྱས་ཏེ། ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་ཕུལ་པའི་འཚམས་འདྲིའི་ཡི་གེ་དང་ ལམ་བར་ནས་སྐོམ་ཆུ་ཉོ་བྱེད་ཀྱི་དངུལ་ཅུང་བཅས་ཕུལ་བ་ཡིན། ངེད་གཉིས་ངོས་ནས་སྒང་གི་མངགས་བཀོལ་ལྟར། གླིང་ཚ་ལགས་ཀྱི་བློས་གཏོང་ཆོད་སེམས་བརྟན་པོའི་ལས་འགུལ་ལ་རྒྱབ་སྐྱོར་དང་ མ་འོངས་པར་ས་མཚམས་སོགས་ནས་དཀའ་ངལ་གང་ཞིག་འཕྲད་ཀྱང་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་རོགས་འདེགས་ཞུ་རྒྱུ་ཡིན་པ་སོགས་ཞུས་ཡོད་ཅེས་བརྗོད་བྱུང་

ཁོང་ལ་ཚོགས་སྐྱིད་ ༡༡ གིས་གྲོས་ཆོད་འཇོག་སྟངས་སྐོར་དྲིས་པར་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ཉིན་ངྷ་སར་ཚོགས་སྐྱིད་ ༡༡ གི་ཚོགས་འདུ་ཚོགས་སྐབས། ལོ་སྔོན་མར་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་ཞུས་དོན་ལྟར། འདི་ལོར་སླར་ཡང་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་གྲོས་ཆོད་ནང་དོན་ཚན་གཙོ་བོ་གཉིས་ཡོད་པ་ལས་དང་པོ། གླིང་ཚ་ཚེ་རྟེན་རྡོ་རྗེ་ལགས་ཀྱི་བློས་གཏོང་དང་ཆོད་སེམས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ། གཉིས་པ། ཁོང་གི་གོམ་བགྲོད་སྐབས་འབྱུང་འགྱུར་ས་མཚམས་སོགས་སུ་དཀའ་ངལ་གང་ཞིག་འཕྲད་ཀྱང་ཚོགས་སྐྱིད་མཉམ་སྦྲེལ་གྱིས་ཚོགས་འདུ་བསྐོངས་ཏེ། མཐུན་འགྱུར་རོགས་རམ་ག་རེ་ཞུ་དགོས་ཀྱང་བྱ་རྒྱུ་ཡིན་པ་བཅས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༡༩༥༠ ལ་བཀླགས་འདུག
རིག་པ་འདོན་པ།
ཁམས་པ།
༢༠༡༣/༠༥/༡༡ ཉིན་འདོན་སྤེལ་བྱས།
རྩོམ་སྒྲིག་པ་ལགས། དུས་བབ་དྲྭ་ངོས་སུ་སྔོན་མ་ཟིན་ཐོ་བཅུ་གྲངས་ཤིག་འཆར་ཐུབ། ད་ལྟ་འཆར་མི་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ནམ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།