བསམ་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད།

འདོན་སྤེལ། ༢༠༡༣/༠༥/༡༤

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་༧གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་པོ་ཌི་ལན་ཌིའི་ནུབ་བྱང་བོད་མིའི་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་དང་སྦྲགས། ཁུལ་དེའི་བོད་རིགས་མི་མང་ལ་བཀའ་སློབ་གནང་བ་ཁག་བསྡུ་སྒྲིག་གིས་འདིར་བཀོད་ཡོད།

༧གོང་ས་མཆོག་གིས་བོད་པའི་རིག་གཞུང་གི་གལ་ཆེའི་རང་བཞིན་སྐོར་གསུངས་དོན།དུས་རབས་དགུ་པའི་མཇུག་ནས་བཟུང་བོད་སིལ་བུ་ཆགས་རྗེས་གཅིག་སྒྲིལ་ཞིག་ཧ་ལམ་བྱུང་མྱོང་མེད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ཆོལ་ཁ་གསུམ་སོག་པོའི་རྒྱལ་པོས་ཡར་ཕུལ་བ་ཡིན་ཟེར་རྒྱུ་ཞིག་རྣམ་མཐར་ནང་གསུང་གི་ཡོད། ཆེ་བསྟོད་ལྟ་བུས་དེ་ལྟར་ཕུལ་བ་རེད་བརྗོད་རྒྱུ་མ་གཏོགས་འཛིན་སྐྱོང་དང་བཀོད་སྒྲིག་ཆོལ་ཁ་གསུམ་ནང་གནང་བའི་བཟོ་ཞིག་ཧ་ལམ་མི་འདུག དེ་འདྲ་བྱས་ནས་ཕྱིན་པ་རེད། དེ་ནས་མར་སྣེ་གདོང་དང་རིན་སྤུངས། སྡེ་པ་གཙང་པ་བཅས་པ་དེ་དག་སོ་སོའི་ས་ཁུལ་དུ་མི་ཆེན་དཔོན་ཆེན་བྱས་ཏེ་གནས་པ་ཙམ་ལས་མེད། དེ་ནས་དགའ་ལྡན་ཕོ་བྲང་ཚུགས་པ་རེད། དེ་ཡང་བོད་དབུས་གཙང་ཁུལ་དང་སྟོད་ཁུལ་དེ་འདྲ་བྱས་ནས་རེད། ཇོ་བོ་རྗེ་དུས་རབས་བཅུ་གཅིག་པར་བོད་ལ་ཕེབས་སྐབས་མངའ་རིས་ཆོས་རྒྱལ་ཞེས་བོད་སིལ་བུར་ཆགས་ཟིན་རྗེས་མངའ་རིས་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་མངའ་རིས་ཁུལ་ དུ་ཡོད་པ་ཆུང་ཆུང་ཧ་ཅང་སེམས་སྐྱོ་དགོས་རྒྱུ་ཞིག་འདུགཅེས་གསུངས་ཡོད།

༧གོང་ས་མཆོག་གིས་སྐུ་ན་གཞོན་དུས་ཀྱི་གནས་ཚུལ་ཞིག་ལ་ཕྱིར་དྲན་གནང་དོན། ངོས་རང་ཆུང་ཆུང་སྐབས་ངོས་ཀྱི་པ་ལགས་དང་ཨ་མ་ལགས་ཁོང་རྣམ་པར་ང་ཚོའི་དཔོན་པོ་སུ་རེད་དམ་བརྗོད་ན། ཟི་ལིང་མཱ་འོ་ཀྲུ་ཞི་རེད་ཅེས་པ་ལས་དགའ་ལྡན་ཕོ་བྲང་རེད་ཅེས་བརྗོད་ཀྱི་མ་རེད། བྱས་གཙང་ཆབ་སྲིད་ཐོག་ནས་བོད་ཁ་ཐོར་ཏེ་དར་རྒུད་སྣ་ཚོགས་བྱུང་བ་རེད། དབུས་གཙང་ཁུལ་ལ་ཆ་བཞག་ནའང་གཅིག་འོག་གཅིག་ལ་མ་བསྡུས་པར་བྱབ་ཆུང་ཤ་སྟག་བྱས་ ཏེ་བསྡད་འདུག དེར་བརྟེན། ཆབ་སྲིད་ཐོག་ནང་བོད་པ་སྐྱོ་པོ་བྱས་ཏེ་གནས་ཡོད་ཀྱང་བོད་རིགས་གཅིག་སྒྲིལ་ཡོང་རྒྱུ་དེ་གང་རེད་དམ་ཞེ་ན། བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་དེས་བཟུང་ཡོད། དེ་འདྲ་ཡིན་པར་སོང་ངོས་ཀྱིས་བོད་ཀྱི་སྐད་ཡིག་དང་སྐད་ཡིག་དེའི་ནང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་ཟབ་པོ་དེ་བོད་ཀྱི་བླ་སྲོག་ལྟ་བུ་རེད་ཅེས་རྗོད་ཀྱི་ཡོདཅེས་བརྗོད་བྱུང་

༧གོང་ས་མཆོག་གིས་བོད་ནང་གི་གནས་སྟངས་སྐོར་གསུངས་དོན། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོར་རང་དབང་ཡོད་པ་དང་ཞེ་སྣང་བྱེད་དགོས་ཀྱི་མེད་སྟབས་སྐད་བརྒྱབ་པ་དེ་འདྲ་བྱས་པའི་རྐྱེན་གྱིས་བོད་ནང་རེ་བ་སྟོང་པ་དེ་འདྲ་བསླེབས་ཏེ། ད་གང་འཚམ་ཞིག་ཡོང་གི་མེད་དམ་སྙམ་པའི་དོགས་པ་ཡོང་གི་འདུག ང་ཚོས་འདི་ཕྱོགས་ནས་གཅིག་བྱས་ཏེ་འཛམ་གླིང་ཕྱི་ལོགས་ནས་གནོན་ཤུགས་ཐོག་རང་དབང་ཐོབ་ཀྱི་མེད་དམ་སྙམ་པའི་རེ་བ་སྟོང་པ་དེ་འདྲ་བྱུང་བ་སོགས་བོད་ནང་གི་མི་རྣམས་ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད། དེ་འདྲ་བྱས་པར་བརྟེན་གྲུབ་འབྲས་ལ་རྒྱ་མིས་དོ་དམ་དང་དྲག་གནོན་ཆེ་རུ་བཏང་བ། སེམས་ཤུགས་ཡོད་མཁན་མང་པོ་ཞིག་འཇུ་བཟུང་དང་གར་སོང་ཆ་མེད་དུ་གྱུར། སྡུག་ཤོས་ཤིག་ལ་བོད་ཀྱི་སྐད་ཡིག་ལ་སོགས་པའི་ཐོག་ལས་འགུལ་སྤེལ་རྒྱུ་དང་ཤུགས་རྒྱག་མཁན་ཚོར་བར་སྐབས་ཤིག་ནས་དམ་བསྒྲགས་བྱེད་ཀྱི་འདུགཅེས་གསུངས།

༧གོང་ས་མཆོག་གིས་བོད་རང་བཙན་སྐོར་ལ་གསུངས་དོན། ང་ཚོར་རང་བཙན་དགོས་ཀྱི་ཡོད་ཅེས་སྐད་འབོད་བྱེད་མཁན་མང་པོ་ཡོད། རང་བཙན་ང་ཚོར་ཐོབ་ཐང་ཡོད་པ་རེད། དཔེར་ན་ངོས་ཀྱིས་སྔོན་དུ་བརྗོད་པ་ལྟར་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དག་བརྩོད་མེད་ཡོངས་གྲགས་རེད། དེར་ང་ཚོས་ཁུངས་སྐྱེལ་རྒྱུ་མཚན་འདྲེན་དགོས་དོན་མེད། རྒྱ་ཡི་ཡིག་ཆའི་ནང་དུ་སྐབས་དེ་དུས་བོད་རང་དབང་ཡིན་པ་དང་རྒྱ་དང་འདྲ་མཉམ་ཡིན་པ་རྒྱ་ཡིག་གི་ཡིག་ཆའི་ནང་དུ་འདུག་སྟབས་རྩོད་མེད་ཡོངས་གྲགས་རེད། དེར་བརྟེན་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ད་ལྟ་ང་ཚོའི་སྲིད་བྱུས་འགྱུར་དགོས་ཀྱི་འདུག་ཟེར་རྒྱུར་ཕྱིན་པ་ཡིན་ན། དེར་བསམ་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད། སྲིད་བྱུས་འགྱུར་ནས་རང་བཙན་ཐབས་རྩོད་བྱས་ཆོག་གི་རེདཅེས་གསུངས་འདུག

༧གོང་ས་མཆོག་གིས་བོད་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་རག་ཐབས་མེད་སྐོར་གསུངས་དོན། རང་བཙན་ཐབས་རྩོད་བྱས་ན་ཇི་ལྟར་བྱེད་རྒྱུ་ཡིན་ནམ། སྔོན་ལ་ཨ་རི་དང་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད། རྒྱབ་ནས་སེམས་གསོ་བཏང་ན་འགྲིག་གི་མེད། བོད་རང་བཙན་རེད། རྒྱ་མི་བོད་ནང་བསྡད་ན་འགྲིག་གི་མ་རེད་ཅེས་ཐོན་དགོས་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ནས་བྱེད་ཀྱི་རེད་དམ། རྒྱལ་ཚོགས་ལ་ཆ་བཞག་ན་ཁྱེད་ཚོ་མ་སྐྱེས་གོང་ནས་ངོས་དང་འབྲེལ་བ་བྱུང་ཡོད། ཕྱི་ལོ་ ༡༩༥༠ ལོར་ཐོག་མར་ཆབ་མདོར་རྒྱ་དམག་འབྱོར་སྐབས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་ཡོད། དེ་དུས་རྒྱལ་ཚོགས་སུ་ཞུ་ཡིག་དབྱིན་ཡིག་ཐོག་འབྲི་མཁན་ང་ཚོའི་ནང་ནས་ཚད་ལོང་བ་ཞིག་འབྲི་ཐུབ་མཁན་དཀོན་པོ་ཡིན་དུས་བདེ་སྐྱིད་གླིང་ཁར་རྒྱ་གར་བ་སྐུ་ཞབས་སི་ན་ཞུ་བ་ཞིག་ཡོད་པ་ཁོང་བོད་པར་ཧ་ཅང་ཞེན་ཁོག་ཡོད་པ་ཞིག་ཡོད་པ་ཁོང་གི་ཟིན་བྲིས་བརྒྱབ་པ་རེད། དེ་ནས་ངོས་རང་གྲོ་མོར་ཕྱིན་པ་རེད། ཁོང་གིས་ད་ཆ་༸རྒྱལ་བ་རིན་པོ་ཆེ་ལྷ་སར་བཞུགས་ནས་དགོས་པ་མེད། ཕེབས་དགོས་རེད། ང་ཡང་ལྷན་དུ་ཡོང་གི་ཡིན་ཞེས་བརྗོད་བྱུང་། རྗེས་སུ་དངོས་གཞི་ངོས་རང་རྩེ་ནས་བྲོས་ཡོང་སྐབས་ཁོང་རང་འཇམ་ཐིང་ངེར་བསྡད་སོང་མ་གཏོགས་མཉམ་དུ་ཡོང་རྒྱུའི་སྐད་ཆ་གང་ཡང་མི་འདུག དེ་ནི་རྒྱ་གར་གཞུང་གི་བཀའ་འཁྲོལ་མ་རག་པ་གསལ་པོ་རེད། རྒྱལ་ཚོགས་སུ་འབུལ་རྒྱུའི་སྙན་ཞུ་བཟོ་སྐབས་ཁོ་རང་ང་ཚོའི་མཉམ་དུ་ཡོང་རྒྱུའི་བསམ་བློ་དེ་འདྲ་ཡོད་པ་རེད། གཞུང་ལ་ཐུག་དུས་ངོས་རང་འགྲོ་སྐབས་ཡོད་པ་མ་རེད། དེ་ཙམ་དུ་མ་ཟད་ངོས་གྲོ་མོར་འབྱོར་སྐབས་ཕར་ཕྱོགས་ཀྱི་ལ་དེའི་རྒྱབ་འབྲས་ལྗོངས་རེད། འབྲས་སྤྱི་བློན་ཆེན་ནམ་རྒྱུན་ལྷ་སར་ཡང་དུས་དུས་ལ་ཡོང་གི་ཡོད། ངོས་གྲོ་མོར་སླེབས་སྐབས་ལ་ཕར་རྒྱབ་ཚུར་རྒྱབ་ཡིན་དུས་འབྲས་སྤྱི་བློན་ཆེན་ཡོང་དགོས་རྒྱུའི་བཟོ་ལྟ་བུ་རེད་དེ་བསླེབས་ཡོད་པ་མ་རེད། སངས་རྒྱས་ཀྱི་རིང་བསྲེལ་གྲོ་མོར་གདན་འདྲེན་ཞུས་པ་དེའི་ལྷན་དུ་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་དགེ་སློང་ཁག་གཅིག་ཕེབས་ཡོད། འོན་ཀྱང་འབྲས་སྤྱི་བློན་ཆེན་ངོས་གྲོ་མོར་གང་ཙམ་བསྡད་ཀྱང་རྡོག་ཙམ་ཡང་བྱས་མེད། དེ་ཚོའི་གྲས་ནི་བཟོན་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ལ་བོད་པའི་གནས་ཚུལ་ཞུས་ཟིན་རྗེས་དབྱིན་ཇིའི་སྐུ་ཚབ་ནས་རྒྱ་བོད་གཉིས་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་པས་རྒྱལ་ཚོགས་ནང་གོ་སྡུར་བྱེད་དགོས་ཀྱི་མེད། ཅེས་དང་དེར་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱས་པ་བཅས་གྲོས་ཆོད་དང་གོ་སྡུར་བྱེད་རྒྱུ་བྱུང་མེདཅེས་གསུངས་འདུག

མཇུག་ཏུ་༧གོང་ས་མཆོག་གིས་དབུ་མིའི་ལམ་གྱི་སྐོར་རོབ་ཙམ་གསུངས་དོན། ཕྱི་ལོ་ ༡༩༥༩ ལོར་ངོས་རང་རྒྱ་གར་ནང་སླེབས་རྗེས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་སྐབས་ནེ་རུས་རྒྱལ་ཚོགས་ལ་ཞུས་ནས་དགོས་པ་དང་ཕན་ཐོགས་ཡོད་པ་མ་རེད་བརྗོད་བྱུང་། ནེ་རུ་མཆོག་བོད་པར་ཤ་ཚ་ཧ་ཅང་ཆེན་པོ་ཡོད་པ་རེད། ཁོང་གིས་བོད་ཀྱི་བདེན་དོན་ཐབས་རྩོད་དེ་མ་ཡལ་བར་གནས་ཐུབ་རྒྱུའི་ཐབས་ཤེས་ཡག་ཤོས་དེ་བོད་མི་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་ཞིག་སྤྲོད་དགོས་པ་རེད། ཅེས་སྐབས་དེ་དུས་རྒྱ་གར་གཞུང་ཕྱོགས་ནས་བོད་མིའི་ཤེས་ཡོན་གྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་དབུས་གཞུང་གིས་འགན་བཞེས་ཏེ་གནང་ཡོད། དེ་ལྟར་ང་ཚོས་ཚད་ཚད་ཐུག་ཐུག་ཧ་ཅང་མང་པོ་བྱས་ཡོད། དེ་ནས་ ༡༩༦༥ ལོར་རྒྱལ་ཚོགས་ལ་ཐེངས་གཅིག་ཞུས་ཡོད་པའི་གྲོས་ཆོད་གསུམ་པ་དེ་ཆགས་ཡོད། དེ་ནས་མཐའ་ཡོང་རྒྱུ་གང་ཡང་མི་འདུག་དེ་ལས་རྒྱ་མི་རང་ལ་མེས་འཚིག་མེས་གཏུག་བྱས་ན་ཡག་པ་ལས་ཕྱི་ལོགས་ནས་ཁག་པོ་འདུག་ཅེས་མཐར་ཕྱི་ལོ་ ༡༩༧༤ ལོར་ངྷ་སར་བཀའ་སྤྱི་ལྷན་རྒྱས་སུ་ང་ཚོས་སྔ་ཕྱིར་མ་གཏོགས་རྒྱ་ནག་གཞུང་དང་ཐད་ཀར་སྐད་ཆ་ཤོད་རྒྱུ་རེད། དེར་བརྟེན་རང་བཙན་སྐད་ཆ་ཤོད་ས་ཡོད་པ་མ་རེད། ད་ཆ་ང་ཚོར་རང་སྐྱོང་མིང་དོན་མཚུངས་པ་ཞིག དེ་ཡང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་ཞིག་གི་ཐོག་ང་ཚོས་བསམ་བློ་བཏང་ན་ཞེས་ང་ཚོས་དེ་ལྟར་ཐག་གཅོད་ བྱས་པ་རེད། དེ་ནས་ ༡༩༧༨ ལོའི་མཇུག་དེར་ཏིན་ཞའོ་ཕིན་གྱིས་རྒྱལ་ལོ་དོན་གྲུབ་ལ་ཐུག་འཕྲད་བྱེད་ཀྱི་ཡིན་ཞེས་ འབྲེལ་བ་ཞིག་བྱུང་བ་རེད། དེ་ཡིན་དུས་ང་ཚོའི་ངོས་ནས་དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་སྦྱར་མེད་ཀྱང་ནང་དོན་ང་ཚོས་གྲལ་བསྒྲིགས་ཚར་བ་ཡིན་དུས་ད་ཡག་པོ་འདུག་འགྲོ་རྐྱང་བྱེད་དགོས། ང་ཚོའི་ངོས་ནས་ཆོལ་ཁ་གསུམ་འདྲ་མཉམ་དང་ཆིག་སྒྲིལ་ཐོག་རང་སྐྱོང་ཞིག་བྱུང་ན་ང་ཚོས་རང་བཙན་རྩོད་རྒྱུ་མིན། ཞེས་བརྗོད་ཡོད་པ་རེད། དེ་ནས་རིམ་པས་མུ་མཐུད་དེ་འབྲེལ་བ་བྱེད་རྒྱུ་ཞིག་བྱུང་བ་རེདཅེས་སོགས་གསུངས་འདུག

ཐེངས་འདིའི་མཛད་སྒོའི་ཐོག་བོད་རིགས་ཚོགས་པའི་ཚོགས་གཙོ་ལགས་ཀྱིས། དེ་སྔོན་ཨ་རིའི་ནུབ་བྱང་བོད་མི་ཚོས་ཚུལ་མིན་སྣ་ཚོགས་བྱས་ཏེ་༧གོང་ས་མཆོག་གི་ཐུགས་དགོངས་དཀྲོག་རྐྱེན་བཟོས་པར་དགོངས་སེལ་འགྱོད་བཤད་ཞུས་ཤིང་། ད་ཆར་བོད་རིགས་རྣམས་མ་གྲོས་བསམ་པ་གཅིག་མཐུན་བྱུང་ཡོད་སྟབས། མ་འོངས་པར་བོད་སྤྱི་དོན་ལ་འཁུར་མཉམ་ལེན་དང་༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཞུ་རྒྱུའི་དམ་བཅའ་ཕུལ་ཡོད་འདུག

ཤོག་ངོས་འདི་ཐེངས་ ༡༧༣༡ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།