པ་ཀི་སི་ཐན་གྱི་ཛ་དྲག་འོས་བསྡུའི་ཁྲོད་ཀྱི་སྲིད་བློན་གསར་པ།

འདོན་སྤེལ། ༢༠༡༣/༠༥/༡༥

གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྲོས་ཚོགས་འོག་མའི་ནང་སྲིད་བློན་འོས་བསྡུ་གནང་སྟེ་ཁ་ཆེ་མཐུན་ཚོགས་ཀྱི་དེ་སྔའི་སྲིད་བློན་ཟུར་བ་ནཱ་ཝ་རྫི་ཞཱར་ཧྥི་མཆོག་ལ་འོས་གྲངས་མང་ཤོས་ཐོབ་སྟེ། ད་ཆར་ཁོང་གིས་སྲིད་གཞུང་འཛིན་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་པ་ཀི་སི་ཐན་གྱི་སྲིད་བློན་བསྐོ་བཞག་གི་འོས་བསྡུའི་ཁྲོད། པ་ཀི་སི་ཐན་ཁ་ཆེ་མཐུན་ཚོགས་ (PML-N) ཀྱི་ཚོགས་གཙོ་སྐུ་ཞབས་ནཱ་ཝ་རྫི་ཞཱར་ཧྥི་ (Nawaz Sharif) མཆོག་ལ་འོས་གྲངས་ ༡༢༥ ཐོབ་སྟེ་ཨང་དང་པོ་དང་། མི་མང་ཚོགས་ (PPP) ཡི་ཚོགས་གཙོ་རྫཱ་ཌ་རེ་ (Zardari) མཆོག་ལ་འོས་གྲངས་ ༣༤ ཐོབ་སྟེ་ཨང་གཉིས་པ། དྲང་བདེན་ལས་འགུལ་ཚོགས་པ་ (PTI) ཡི་ཚོགས་གཙོ་ཨེམ་རན་ཁིན་ (Imran Khan) ལགས་སུ་འོས་གྲངས་ ༣༢ ཐོབ་སྟེ་ཨང་གསུམ་པ་བཅས་ཐོབ་ཡོད་ཅིང་། དེ་སྔའི་དམག་མིའི་གཞུང་འཛིན་སྐབས་ཀྱི་སྲིད་འཛིན་མཱའུ་ཞཱ་ར་ཧྥི་ (Musharraf) ལ་ཐེངས་འདིར་འོས་གྲངས་ ༢ ལས་མ་ཐོབ་པར་ཕམ་ཉེས་ཆེན་པོ་བྱུང་ཡོད།  

ཐེངས་འདིའི་གྲོས་ཚོགས་འོག་མའི་སྲིད་བློན་འོས་བསྡུའི་ཁྲོད། ནཱ་ཝ་རྫི་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། པ་ཀི་སི་ཐན་གྱི་རྩ་ཁྲིམས་ཀྱི་འགྲོ་སྟངས་ལྟར་ན། གྲོས་ཚོགས་འོག་མར་ཁྱོན་འཐུས་མི་ ༣༤༢ ཙམ་ཡོད་ལས། བུད་མེད་དང་ཆོས་ལུགས་ཀྱི་འཐུས་མི་ ༧༠ འཕུད། དེའི་འཕྲོས་འཐུས་མི་ ༢༧༢  ཡོད་པ་ལས། འཐུས་མི་ ༡༧༢ ཀྱིས་རྒྱབ་སྐྱོར་འཐོབ་དགོས་ཀྱང་། ཐེངས་འདིར་ནཱ་བ་རྫི་ལ་འཐུས་མི་ ༡༢༥ ཡི་འོས་ཤོག་ལས་ཐོབ་མེད་སྟབས། ཚོགས་པ་གཞན་ཞིག་དང་མཉམ་འབྲེལ་ཐོག་གཞུང་གསར་པ་འཛུགས་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོའི་ངོས་འཛིན་ལྟར་ན། ད་ཐེངས་སྲིད་བློན་ཟུར་བ་ནཱ་ཝ་རྫི་སྲིད་བློན་ལ་བསྐྱར་དུ་འོས་ཤོག་ཐོབ་པའི་རྒྱུ་མཚན་གཙོ་བོ་ཁག་ནི། ནཱ་ཝ་རྫི་ཡིས་པ་ཀི་སི་ཐན་གྱི་དཔལ་འབྱོར་ཉམས་རྒུད་སླར་གསོ་གཏོང་ཐུབ་པར་མི་མང་གིས་ཡིད་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་འོག་མིའི་འཐུས་མི་ཕྱེད་ཙམ་ཁོང་གི་ཕྱོགས་གཏོགས་ཡིན་པ། ད་ལྟའི་གཞུང་འཛིན་ཚོགས་པའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་སོགས་ལ་བརྟེན། ཁོང་ལ་ཐེངས་འདིའི་འོས་བསྡུར་རྒྱལ་ཁ་ཐོབ་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག

ནཱ་ཝ་རྫི་ལགས་སུ་སྲིད་བློན་འོས་ཤོག་ཐོབ་པ་ཁྱབ་བསྒྲགས་བྱས་མ་ཐག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། རྒྱ་གར་གྱི་སྲིད་བློན་མཱན་མོང་སེན། དེ་བཞིན། ཨ་རི་དང་རྒྱ་ནག ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བཅས་ཀྱི་སྲིད་བློན་དང་སྲིད་འཛིན་དག་གིས་འཚམས་འདྲིའི་ཞུ་ཡིག་ཕུལ་ཡོད་པ་དང་། ཁོང་གིས་ཀྱང་དེ་དག་གི་ལན་དུ། རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཡར་རྒྱས་གཏོང་འཆར་ཡོད་པ་དང་། ལྷག་པར་ཀ་ཤི་མི་རི་ ( Kashmiri) ཡི་རྩོད་རྙོག་སེལ་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་གྷི་ལཱ་ནེ་ (Gilani) ལགས་ཀྱི་བུ་འཇིགས་སྐུལ་བས་བཙན་འཁྲིད་བྱས་ཡོད་པ་དང་། དེ་སྔའི་སྲིད་འཛིན་རྫ་ཌ་རེ་ཡི་བུ་འཇིགས་སྐུལ་བའི་ལག་ཏུ་ཤོར་རྒྱུར་དོགས་ཏེ་ཕྱི་རྒྱལ་དུ་བཏང་ཡོད་འདུག ཐེངས་འདིའི་སྲིད་བློན་འོས་བསྡུའི་སྐབས་འགད་གཏོར་དོན་རྐྱེན་དང་། ལྐོག་གསོད་བཙན་འཁྲིད་སོགས་སྔ་རྗེས་སུ་བྱུང་སྟེ་མི་ ༡༡༥ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། དེ་ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག

 ཨ་རིའི་ (༩་༡༡) གི་དོན་རྐྱེན་བྱུང་རྗེས་པ་ཀི་སི་ཐན་གྱི་ཕྱི་འབྲེལ་སྲིད་བྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། དེ་ནི་ཨ་རིས་ཨབ་གྷན་ཌ་ལི་པེན་ ( Taliban) གཞུང་འཛིན་ཚོགས་པས་བྷིན་ལཱ་ཊིན་ (Osama Bin laden) ལྐོག་ཉར་སྲུང་སྐྱོབ་བྱས་པར། ཨ་རི་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཨབ་གྷ་ལ་འཇིགས་སྐུལ་དམག་འཁྲུག་རྒྱག་རྒྱུར། པ་ཀི་སི་ཐན་གཞུང་གིས་མངའ་སྡེ་བྷ་ལོད་ཆི་སི་ཐན་གྱི་ཞམ་སེ་ (Shamsi) གནམ་ཐང་ཨ་རིར་གཡར་བར། འཇིགས་སྐུལ་ཚོགས་པ་ (AL-Qaeda ) གཙོས་པ་ཀི་སི་ཐན་ནང་གི་ཁ་ཆེ་ཆོས་ལུགས་མཁྲེགས་བཟུང་མཁན་ཚོས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གཏོར་སྐྱོན་ཐེངས་མང་བྱས་ཏེ་མི་མང་པོ་བསད་རྨས་བྱས་ཡོད།

ཎཱ་བཱ་ཤད་རི་ཧྥུ་མཆོག་ནི་ཕྱི་ལོ་ ༡༩༤༩ ལོར་ལཱ་ཧོར་ (Lahore) ཞེས་པར་ཚོང་པ་ཕྱུག་པོ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཁོང་སློབ་གྲྭ་རིམ་བཞིན་བརྒྱུད་དེ་གཞུང་གི་གཙུག་ལག་མཐོ་སློབ་ཏུ་ཚོང་ལས་སློབ་གཉེར་བྱས་ཡོད་པ་དང་། དེའི་རྗེས་ཁྲིམས་ལུགས་ཐོག་སློབ་ཐོན་བྱུང་ཡོད་འདུག ཕྱི་ལོ་ ༡༩༨༥ ནས་ ༡༩༩༠ ལོའི་བར་པ་ཀི་སི་ཐན་གྱི་པན་ཇབ་ (Punjab) མངའ་སྡེའི་བློན་ཆེན་གནང་ཡོད་པ་དང་། དེའི་རྗེས་ཕྱི་ལོ་  ༡༩༩༠ ནས་ ༡༩༩༣ དང་། ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ ལོའི་བར་བཅས་སྔ་ཕྱི་ཐེངས་གཉིས་ལ་སྲིད་བློན་གནང་ཡོད་འདུག  

ཁོང་གིས་པ་ཀི་སི་ཐན་གྱི་གཞུང་བཟུང་པའི་རིང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ལེགས་འགྲུབ་དང་རྒྱ་གར་དང་ཕྱི་འབྲེལ་ཡར་རྒྱས་བཏང་བ་སོགས་ལས་དོན་མང་པོ་ཞིག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཡོད་ཀྱང་། དམག་སྤྱི་མུ་ཤཱོ་རཱ་ཧྥི་ཡིས་ཁོང་གི་གཞུང་མགོ་རྟིང་བསློགས་རྗེས། ཁོ་རང་བཙོན་འཇུག་དང་སྐྱབས་བཅོལ་ནང་ལོ་ ༨ ཙམ་རིང་སྡོད་དགོས་བྱུང་ཡོད། ༢༠༠༧ ལོར་སླར་ཡང་རྒྱལ་ཁོངས་སུ་ལོག་སྟེ། གྲོས་ཚོགས་ནང་རྒྱལ་ཁབ་ཀྱི་དམག་སྤྱིའི་དབང་ཚད་ཁག་སྲིད་བློན་གྱི་སྟངས་འཛིན་འོག་ཡོང་དགོས་བའི་དགོས་འདུན་བཏོན་ཏེ་རྩ་ཁྲིམས་ལ་འགྱུར་བ་གཏོང་ཐབས་གནང་ཡོད།

པ་ཀི་སི་ཐན་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པའི་ལོ་རྒྱུས་ནས་བཟུང་ཀི་སི་ཐན་མི་མང་ཚོགས་པས (PPP) མ་གཏོགས་གཞན་ཆབ་སྲིད་ཚོགས་གང་གིས་ཀྱང་གཞུང་འཛིན་དུས་ཡུན་ལོ་ལྔ་པ་ཧྲིལ་བོ་བཟུང་མྱོང་མི་འདུག

ཤོག་ངོས་འདི་ཐེངས་ ༡༣༧༦ ལ་བཀླགས་འདུག
རིག་པ་འདོན་པ།
བཀྲ་ཤིས་ཉི་མ།
༢༠༡༣/༠༥/༡༦ ཉིན་འདོན་སྤེལ་བྱས།
མ་གཞི་གནས་ཚུལ་ཡག་པོ་འདུག ད་<དུང་ཞིབ་འབྲི་བྱེད་དགོས་ཀྱི་འདུག པ་ཀི་སི་ཐན་འདི་རྒྱལ་སྤྱིའི་ཐོག་གི་འཇིགས་སྐུལ་དྲག་སྤྱོད་པའི་ལྟེ་གནས་ཤིག་ཆགས་ཡོད་པ་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།