༸གོང་ས་མཆོག་གི་གསུངས་པ་ལྟར་བསྒྲུབ་ཐུབ་ཀྱི་མེད་པའི་ཚོར་སྣང་བྱུང་

འདོན་སྤེལ། ༢༠༡༣/༠༥/༡༧

དེ་རིང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཀྱི་མཇུག་བསྡོམས་སྟེང་། དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་བཅས་ཀྱིས་བཀའ་སློབ་གནང་སོང་ 

བརྒྱུད་སྟོད་དུ་འདས་པའི་ཉིན་བཞིའི་རིང་ཚོགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལྷན་ཚོཊ་དེ་རིང་ཉིན་གུང་མཇུག་བསྒྲིལ་ཡོད་པ་དང་། ཉིན་མཐའ་འི་མཇུག་བསྡོམས་མཛད་སྒོའི་སྟེང་དཔལ་རྒྱལ་བ་ཀརྨ་པ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་གནང་སོང་། ཐེངས་འདིའི་ལྷན་ཚོགས་སྟེང་གྲོས་གཞི་དོན་ཚན་ ༨ ཀྱི་སྟེང་གྲོས་ཆོད་སྤྱི་བྱེ་བྲག་མང་པོ་ཞིག་བཞག་ཡོད་པ་ལས། དོན་ཚན་དང་པོར། ཆོས་སྡེ་སོ་སོ་ནས་སློབ་གཉེར་ལ་འགོག་རྐྱེན་འགྲོ་གཞི་ལག་ཐོག་ཁ་པར་སོགས་དེང་དུས་ཀྱི་ཡོ་བྱད་རིགས་བཀག་འགོག་བྱེད་སྲོལ་ཡོད་རིགས་ཀྱིས་རྒྱུན་སྐྱོང་དང་ མེད་རིགས་ཚོས་མ་མཐར་སློབ་གཉེར་གནང་ཡུན་རིང་བཀའ་འགོག་གནང་རྒྱུདང་ དོན་ཚན་གཉིས་པར། བཤད་གྲྭ་སྒྲུབ་གྲྭ་ཡོད་རིགས་ཚོས་ཡར་རྒྱས་ཚགས་ཚུད་གཏོང་རྒྱུ་དང་བཤད་གྲྭ་དང་སྒྲུབ་གྲྭ་ལོགས་སུ་མེད་རིགས་ཚོས་སློབ་གཉེར་བའི་གྲངས་ཚད་ལ་གཞིགས་ཏེ་གསར་འཛུགས་བྱ་རྒྱུ།

དོན་ཚན་གསུམ་པར། མ་འོངས་པར་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱས་ཏེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་མི་ ༢ རེ་དང་། ཇོ་ནང་ལ་མི་ ༡ བཅས་ཁྱོན་མི་ ༡༡ ཙམ་ལ་ཆོས་རིག་ལས་ཁུངས་ཀྱིས་སློབ་ཡོན་སྤྲོད་རྒྱུ་དང་། དེ་ལ་ཆོས་སྡེ་སོ་སོས་ངོས་ལེན་དང་རོགས་འདེགས་བྱེད་རྒྱུ། དོན་ཚན་ལྔ་པར། ཆོས་སྡེ་ཁག་ཏུ་རྒྱུན་ལྡན་སློབ་གཉེར་ནང་ཚན་རིག་སློབ་ཚན་བཞག་ཡོད་པ་རྣམས་ཀྱིས་རྒྱུན་སྐྱོང་དང་ལམ་ལུགས་མེད་ཅིང་དྭང་འདོད་ཡོད་རིགས་ཚོས་ཆོས་བསླབ་པ་མཐར་སོན་ལ་ཉེ་སྐབས་ལོ་ཤས་རིང་ཚན་རིག་གི་སློབ་ཚན་འཇོག་རྒྱུ། དོན་ཚན་བརྒྱད་པར། གྲྭ་བརྫུ་བླ་བརྫུ་རིགས་ཀྱི་གནས་ཚུལ་འབྱུང་བ་རྣམས་ལ་འབྲེལ་ཡོད་ཁག་ནས་རྩད་ཞིབ་ཀྱིས་ར་འཕྲོད་བྱུང་རིགས་ཐེར་འདོན་དང་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱ་རྒྱུསོགས་བཀོད་འདུག

དེའི་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཐེངས་འདིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོཊ་ཚོགས་ཐུབ་པ་དེ་རླབས་ཆེན་གྱི་བྱ་བཞག་ཅིག་དང་ཚོཊ་བཅར་བ་རྣམ་པས་བརྗོད་གཞིའི་ཐོགབཀའ་བསྡུར་ལྷུག་པོ་གནང་སྟེ་གྲོས་ཆོད་གཏན་འབེབས་གནང་བར་དམིགས་བསལ་དགའ་སྣང་ཆེན་པོ་བྱུང་བ། ཕྱི་ལོ་ ༡༩༦༠ དང་ ༡༩༦༡ ལོར་ཁོང་ངྷ་རམ་ས་ལར་ཡོད་སྐབས་ཚོཊ་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་ མཁན་པོ་དང་སློབ་དཔོན་རྣམ་པའི་ཚོགས་འདུབཅར་བའི་ཉམས་མྱོང་ལས། སྐབས་དེའི་མཁན་པོ་སློབ་དཔོན་རྣམ་པའི་དགོངས་པ་བཞེས་ཕྱོཊ་དང་བཀའ་མོལ་གནང་ཕྱོཊ། ད་ལྟ་བཙན་བྱོལ་དུ་བསླེབས་ནས་ལོ་ ༥༣ འདས་པའི་རྗེས་སུ་མཁན་པོ་སློབ་དཔོན་རྣམ་པའི་རྣམ་པའི་བཀའ་མོལ་གནང་ཕྱོཊ་ལ་འགྱུར་བ་དང་མདུན་བསྐྱོད་ཆེན་པོ་བྱུང་བའི་ཚོར་སྣང་བྱུང་བ་མ་ཟད། གྲོས་གཞི་གྲོས་ཆོད་ཁག་ཀྱང་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པ་བཅས ཐེངས་འདིའི་ཚོགས་འདུ་དེ་གཟི་བརྗིད་དང་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་ མ་འོངས་པར་ཆོས་རིག་ལས་ཁུངས་ཙམ་མིན་པར། ས་གནས་སོ་སོའི་བཤད་གྲྭ་དང་སྒྲུབ་གྲྭ་ཁག་གིས་ཚོགས་ཆེན་ཐོག་ཐག་གཅོད་བྱུང་བའི་གྲོས་ཆོད་དེ་དག་ཕྱག་ལེན་ཁེལ་ཐུབ་པ་གནང་རྒྱུའི་འབོད་སྐུལ་བཅས་གནང་སོང་ 

དེའི་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས། ད་ལྟའི་བར་ཆོས་རིག་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུཊ་ཀྱི་བཅའ་ཁྲིམས་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་འདུའི་སྐབས་ཀྱི་ཐག་གཅོད་ལྟར་ལག་བསྟར་བྱེད་ཀྱི་ཡོད་པ་དང་ ༢༠༡༡ ལོའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་འདུའི་སྐབས་ཇོ་ནང་ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཐོག་ནས་རང་སྐྱ་ཐུབ་པའི་ཆོས་བརྒྱུད་ཡིན་པའི་གཏན་འབེབས་གནང་བ་ལས། ཆོས་བརྒྱུད་ཁག་གི་ཚོཊ་འདུའི་ནང་གདན་ཞུ་གནང་དགོས་པའི་གཏན་འབེབས་གནང་མེད་སྟབས། ཐེངས་འདིའི་ཚོཊ་འདུར་གདན་ཞུ་གནང་མེད་ཀྱང་ ཕྱིས་སུ་བཀའ་བསྡུར་གནང་སྟེ་གདན་འདྲེན་ཞུས་ཡོད་པ་དང་ མ་འོངས་པར་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོགས་འདུ་ཚོགས་སྐབས་ལམ་སྟོན་གསལ་བོ་ཡོང་བའི་རེ་བ་ཡོད་སྐོར། དེ་བཞིན། ཐེངས་འདིར་བཤད་གྲྭ་དང་སྒྲུབ་གྲྭ་ཁག་ཅིག་ལྷག་པ་དང་ཚོཊ་ཞུགས་པའི་བཞུགས་གནས་ཀྱི་བང་རིམ་བཅས་གནད་དོན་ཁག་ཅིག་ཐོག་གླེང་སློང་ཡོང་གི་ཡོད་པ་དེ་དག་མ་འོངས་པར་དེའི་ཐད་ཚོགས་ཞུགས་པ་ཚོས་དགོངས་བཞེས་དང་ ཆོས་རིག་ལས་ཁུངས་ནས་ཀྱང་དེའི་རིགས་མི་འབྱུང་བར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་ 

མཇུག་ཏུ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིསགསུང་བཤད་གནང་དོནང་རང་ཐེངས་འདིའི་ཚོགས་འདུར་བཅར་ཐུབ་མེད་ཀྱང་ ཚོགས་འདུའི་ནང་བགྲོ་གླེང་གང་བྱུང་ཡོད་མེད་ཐད་སྐད་ཆ་དྲིས་པ་ཡིན། ཚང་མས་རངརངསོ་སོའི་བསམ་བློའི་ནང་དྲན་པ་དེ་གཡོལ་ཟོལ་མེད་པར་བགྲོ་གླེང་ལྷུག་པོ་གནང་ཐུབ་པ་དེ་ཡག་པོ་རེད། གལ་ཆེ་ཤོས་༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང་ བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པའི་ཐུགས་བཞད། གཞིས་ལུས་རྒྱ་ཆེ་མི་མང་གི་རེ་འདུན་བཅས་ང་ཚོ་ཚང་མ་ཆོས་ལུཊ་དང་ཆོལ་ཁའི་དབྱེ་བ་མེད་པར་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྐད་ཆ་དྲང་པོ་ཞུས་ན། ང་སྔོན་མ་བོད་ནང་སྡོད་སྐབས་རྒྱ་གར་གྱི་གནས་ཚུལ་ཏོག་ཙམ་མ་གཏོགས་གོ་རྒྱུ་ཡོད་པ་མ་རེད། ངྷ་རམ་ས་ལ་ཞེས་ལབ་དུས་ཐང་ཆེན་པོ་ཞིག་ཏུ་ཡོད་པ་དང་རྒྱ་ཆེན་པོ་ཞིག་ཡོད་རྒྱུ་རེད་བསམ་བསྡད་པ་ཡིིན། རྒྱ་གར་ཞེས་ལབ་དུས་འཕགས་པའི་ཞིང་དང་ དེར་ཡོད་པའི་བོད་པ་ཚོ་ཡང་བོད་རང་བཙན་དང་བོད་རང་དབང་དེ་ཕལ་ཆེར་སང་ཉིན་གནངས་ཉིན་བླངས་ཡོང་གི་ཡོད་རྒྱུ་རེད་བསམ་པ་དང་ སང་གནངས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་ཀྱི་རེད་བསམ་པའི་ཚོར་སྣང་ཡོང་བསྡད་ཡོད། རྒྱ་གར་ནང་བསླེབས་ཏེ་ལོ་ ༡༢ ལྷག་ཕྱིན་ཏེཉམས་མྱོང་མ་བྱུང་ཟེར་ཡང་གང་འཚམ་བྱུང་ཡོད། དེ་བཞིན། ཆོས་ལུགས་ཆོས་བརྒྱུད་ཁག་དང་ཆོལ་ཁའི་བར་དུ་ཏོག་ཙམ་འཐེན་འཁྱེར་དང་ཕྱོགས་ཞེན་སོགས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོ་བོད་ནང་ལས་ཤུགས་ཆེ་བ་འདུག་བསམ་པ་ཡོང་བསྡད་ཀྱི་འདུག རྒྱབ་ལྗོངས་ལོ་རྒྱུས་བཤད་ཚེ་མང་པོ་བཤད་རྒྱུ་ཡོད་ངེས་པ་རེད། གང་ལྟར། དངོས་ཡོད་གནས་ཚུལ་ཐོག་འདས་པའི་ལོ་རྒྱུས་ཐོག་ཕྱིར་མིག་བལྟས་ ཕྱོཊ་གཅིག་ནས་ང་ཚོས་སངས་རྒྱས་ཀྱི་བསྟན་པར་བཤད་སྒྲུབ་གང་ཐད་ནས་གཞན་དང་མི་འདྲ་བའི་ལོ་རྒྱུས་ཀྱི་རི་མོ་བཟང་པོ་ཞིག་འབྲི་ཐུབ་ཡོད་པ་རེད། ཕྱོཊ་གཞན་ཞིགནས་ང་ཚོ་བོད་ལ་ཆོས་ལུགས་ཀྱི་ཕྱོཊ་རིས་དང་ཆབསྲིད་ཀྱི་བེད་སྤྱོད་བཅས་སྐྱུག་བྲོ་བའི་གནས་ཚུལ་མང་པོ་ཡོད་པ་རེད། མཚམས་རེར་དེ་དག་ལ་བལྟས་ཡོང་དུས་སེམས་སྐྱོ་དགོས་པ་དེ་འདྲ་རེད། དེར་བརྟེན། ཚང་མས་འཇིག་རྟེན་པའི་ཆགས་སྡང་གི་དབང་དུ་སོང་ནསབསྟན་པ་ལ་ཕྱོགས་རིས་བྱས་པ་དེ་འདྲ་མ་ཡིན་པར། ཚང་མས་སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་པའི་གནས་སྟངས་མཁྱེན་པར་བྱས་ཏེ། ཐུགས་དགོངས་པའི་དཀྱིལ་ལ་འཇོག་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག

ཚོགས་འདུའི་ནང་རིས་མེད་ཀྱི་སྐོར་ལ་བཀའ་མོལ་མང་པོ་བྱུང་ཡོད་ས་རེད། ང་རང་གི་ངོས་ནས་སྔོན་མ་རིས་མེད་ཅེས་པ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་པ་དྲན་བསྡད་ཡོད་ཀྱང་ ད་ལྟ་ང་རང་ཡང་འཁྲུག་སོང་ མཁས་པའི་བཤད་ན་ཅི་ཡང་བདེན་ཞེས་པ་ལྟར་ཕར་ཚུར་ཚང་མ་འདྲ་ཆགས་པོའདུག་བསམ་པ་དྲན་བསྡད་ཀྱི་འདུག མ་གཞི་ངྷ་རམ་ས་ལར་མཚན་ཉིད་སློབ་གྲྭ་དང་སྒྲོལ་མ་གླིང་བཅས་ང་ཚོ་ཁ་ཤས་ཤིག་ཡོད་པ་རེད། ཁོ་རང་ཚོའི་སློབ་གཉེར་གནང་སྟངས་དེ་ཆོས་ལུཊ་རིས་མེད་ཡིན་ཞེས་ཚང་མས་གཞུང་ལ་སློབ་གཉེར་གནང་སྟེ་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད། གང་ལྟར། ཆོས་ལུགས་རིས་མེད་དེ་ཁ་ཙམ་མིན་པར་སེམས་བསམ་པའི་གཏིང་ནས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡིན་པའི་རྒྱུ་མཚན་སངས་རྒྱས་འོད་སྲུང་གི་བདེན་པ་དེ་རྗེས་འཇུག་རྣམ་པའི་ལེ་ལོའི་དབང་གིས་ཉམས་པ་རེད་ཅེས་པའི་སྐད་ཆ་འདུག སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དེ་རྩོད་པས་ཉམས་པ་རེད་ཅེས་སྐད་ཆ་འདུག དེར་བརྟེན། དེ་འགན་ལྕི་མོ་པོ་ཞིག་རེད། ང་ཚོས་ནམ་རྒྱུན་ཚོར་བ་དང་མ་ཚོར་བའི་དབང་གིས་སངས་རྒྱས་བསྟན་པ་ཡིན་མིན་དང་བཟང་ངན། ང་ཚོའི་ཕྱོཊ་དང་ཁོང་ཚོའི་ཕྱོགས་བཅས་མང་པོ་ཞིག་ལབ་བསྡད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་བསྟན་པ་བཤིག་མཁན་གྱི་གང་ཟག་ཅིག་ལ་འགྱུར་བའི་ཉེན་ཁ་ཡོད་པ་རེད་ཅེས་ལབ་ན་ཕལ་ཆེར་མ་འགྲིག་པ་མེད་པ་རེད། སངས་རྒྱས་ཀྱི་བསྟན་པ་བསྒྲུབ་པའི་གང་ཟག་ཅིག་ཏུ་མི་འགྱུར་ཡང་ བསྟན་པ་བཤིག་པའི་གང་ཟག་ཅིག་ཏུ་མི་འགྱུར་བར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་བརྒྱུད་ཆེན་པོ་བཞི་གཙོས་ཚང་མས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་རེད། ཆོས་བརྒྱུད་གཅིག་ཉམས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཉམས་ཀྱི་ཡོད་སྟབས། ཚང་མས་ཐུགས་འཁུར་བཞེས་རྒྱུ་དང་ 

ང་རང་ལ་མཚོན་ནའང་ བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་མཐའ་དག་ལ་ཆོས་འབྲེལ་བཞག་སྟེ སྔོན་གྱི་ལས་དང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་གང་ཡིན་ཡང་ མི་ལུས་བཟང་པོ་ཐོབ་པ་དང་རང་ཉིད་ཀྱིས་འཇོན་པ་ཡིན་ན་བསྟན་པ་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་ཉམས་ལེན་གྱི་གོ་སྐབས་ཡོད་སྟབས། མི་ཚེ་ཆུད་བཟོས་སུ་མ་བཏང་བར་ཚང་མར་ཕན་པ་བསྒྲུབ་ན་བསམ་སྟེ་སློབ་སྦྱོང་བྱེད་ཀྱི་ཡོད། སངས་རྒྱས་ཀྱི་བསྟན་པ་དེ་ཟབ་ཅིང་རྒྱ་ཆེ་བ་ཡིན་སྟབས། ང་ཚོ་ཆོས་བརྒྱུད་སོ་སོས་བཤད་ཚུལ་མི་འདྲ་བ་ཡོད་བསྡད་པ་ཚང་མ་ཧ་གོ་ཐུབ་ན། སངས་རྒྱས་བསྟན་པའི་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་ཐུབ་པ་ལས། ཆོས་བརྒྱུད་གཅིག་གི་བཤད་ཚུལ་རྟོགས་པ་ཙམ་གྱིས་སངས་རྒྱས་བསྟན་པའི་དགོངས་དོན་ཆ་ཚང་རྟོགས་ཐུབ་ཀྱི་ཨེ་ཡོད་ན་བསམ་གྱི་འདུག གང་ལྟར། གསུངས་ཚུལ་མི་འདྲ་བ་དེས་བློ་སྐྱེད་དང་གོ་བ་གསར་བ་ཡོང་བ་དེས་མཚམས་རེར་ཁྱད་པར་ཆེན་པོ་འདུག་བསམ་པ་དེ་གནས་སྐབས་ཙམ་ལས་མཐར་ཐུག་འབབ་ས་གཅིག་ལ་འགྲོ་གི་མེད་ན་བསམ་གྱི་འདུག བླ་མ་གོང་མ་རྣམ་པའི་གསུང་དང་ང་རང་གི་ཚོད་དཔག་འབྲེལ་ཆགས་ཀྱི་མེད་ན་བསམ་གྱི་འདུག ང་ཚོས་ནམ་རྒྱུན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་བཅས་གསུང་སྟངས་མི་འདྲ་བ་ལས་བཤད་རྒྱུ་གཅིག་བཤད་ཀྱི་ཡོད་པ་རེད། གཙོ་བོ། སྟོན་པ་གཅིག་དང་བསྟན་པ་གཅིག་གི་གནས་སྟངས་དེ་ཐུགས་ལ་ཆུད་པ་བྱས་ཏེ། རིས་མེད་ཡིན་མིན་དེ་སོ་སོའི་རང་ལ་སྐད་ཆ་འདྲི་རྒྱུ་ཞིག་རེད། ལུས་ངག་གི་རྣམ་འགྱུར་ལ་རིས་མེད་ཀྱི་རྣམ་འགྱུར་བསྟན་ཡང་ སེམས་ནང་སྙིང་ཐག་པ་ནས་བསྟན་པ་ལ་ཕྱོགས་རིས་མ་བྱས་པ་དེ་འདྲ་མེད་ན་ཚིག་དང་རྣམ་འགྱུར་ཙམ་ཆགས་པའི་ཉེན་ཁ་ཡོད་པ་རེད། གང་ལྟར། ད་ལྟའི་དུས་ཚོད་ལ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་ ཕྱོགས་རིས་ཆགས་སྡང་ཇེ་ཉུང་དུ་གཏོང་དགོས་པའི་དུས་ལ་བསླེབས་འདུག་བསམ་གྱི་ཡོད། མཚམས་རེར་ངས་ང་རང་ཚོས་༸གོང་ས་མཆོག་གི་བཀའ་སློབ་མང་པོ་ཞིག་ཕེབས་ཀྱི་ཡོད་ཀྱང་ ཁོང་གི་གསུངས་པ་ལྟར་བྱེད་ཐུབ་ཀྱི་མེད་པའི་ཚོར་སྣང་ཡོང་གི་འདུག མ་གཞི་ངྷ་རམ་ས་ལ་རྣམ་རྟོག་མང་པོ་ཡོད་ས་ཞིག་ཆགས་འདུག ཚོགས་འདུ་ཚོགས་པ་ཡིན་ནའང་ ལམ་སེང་སོ་སོའི་རྣམ་རྟོག་སྒྲོ་བཏགས་ཏེ་ཚོགས་འདུར་བསླེབས་པ་ཡིན་ན། ཚོགས་འདུར་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བ་དང་ཕན་རླབས་ཆེན་པོ་ཡོང་བར་དཀའ་ལས་ཁག་པ་མེད་ན་བསམ་གྱི་འདུག ང་ངྷ་རམ་ས་ལར་རྒྱུན་རིང་པོ་བསྡད་པ་རེད། འདྲ་མི་འདྲ་སྣ་ཚོགས་གོ་ཡོང་གི་འདུག ཡིན་ནའང་ འདྲ་མི་འདྲ་གོ་བ་དང་སོ་སོའི་རྣམ་རྟོགས་ཀྱི་སྒྲོ་བཏགས་པ་མ་བྱས་པར། དངོས་ཡོད་གནས་ཚུལ་ཐོག་བརྟག་དཔྱད་བྱེད་སྐབས་དེ་འདྲ་རང་མེད་པའི་གནས་ཚུལ་མང་པོ་ཡོང་གི་འདུག ཚང་མས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེར་ཐུགས་འཁུར་བཞེས་རྒྱུ་གལ་ཆེན་པོ་རེད། ད་རེ་ཚང་མའི་ངོས་ནས་བསྟན་པ་སྤྱི་དོན་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་རིས་མེད་པར་དར་རྒྱས་གོང་སྤེལ་ཆེད་ཕེབས་པ་རེད། མཚམས་རེར་སོ་སོའི་སེམས་ནང་གང་ཡོད་པ་དེ་སྤ་གསང་མེད་པར་བཤད་བཞག་ན་ཡག་པོ་ཡོད་པ་རེད།ཅེས་གསུངས་བྱུང་

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༣༩༡༠ ལ་བཀླགས་འདུག
རིག་པ་འདོན་པ།
འབྲོང་བུ་སོག་ཚ།
༢༠༡༣/༠༥/༢༢ ཉིན་འདོན་སྤེལ་བྱས།
དུས་བབས་གསར་འགོད་པ་དོན་གོ་ལགས། གོང་གསལ་གྲོས་ཆོད་ཁག་ལས། དོན་ཚན་བཞི་པ་དང་། དྲུག་པ། བདུན་པ་གསུམ་བཀོད་གནང་མི་འདུག་པས་དེའི་སྐོར་གསལ་བཤད་ཞིག་གནང་རོགས།
ཅང་མེད།
༢༠༡༣/༠༥/༢༠ ཉིན་འདོན་སྤེལ་བྱས།
གནས་ལུགལ་ལ་འོད་སྟོང་འཚེར།

ཟམ་དོང་བླ་མ་good bye.
ཤེལ་དཀར་བློ་བཟང་
༢༠༡༣/༠༥/༡༩ ཉིན་འདོན་སྤེལ་བྱས།
དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་འདུག དེ་བཞིན་ལྷན་ཚོགས་ཐོག་གྲོས་ཆོད་བྱུང་བ་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་བསྟར་རྒྱུ་ཤིན་ཏུ་གལ་ཆེན་པོར་མངོན། དེ་ལས་གཞན་དུ་ཚོགས་འདུའི་ཐོག་གཏམ་བཤད་འཛིག་པོ་གནང་བ་དེ་དག་ཡིག་ཐོག་ཏུ་ལུས་ཏེ་ཤོག་སྙིགས་ཆགས་ན་སྙིང་པོ་ཅི་ཡང་མེད་དོ། །
འཇམ་གཅེས །
༢༠༡༣/༠༥/༡༩ ཉིན་འདོན་སྤེལ་བྱས།
དགོངས་སེལ་ཞུ་རྒྱུར་གོང་གསལ་ཡིག་ནོར་ཁག་བཅོས་གནང་རོགས། བཀའ་པོད་བཀོད་འདོམས་སློབ་གསོལ་ལེགས་ཆ་
འཇམ་གཅེས །
༢༠༡༣/༠༥/༡༩ ཉིན་འདོན་སྤེལ་བྱས།
དུས་དང་མི་མཚམས་པའི་གྲོས་གཞིར་དང་གྲོས་ཆོད་གང་ཡིན་ཡང་སྤྱིར་ཚོགས་ནང་དུ་འུར་ཟིང་སློང་བྱེད་ཙམ་ལས་ལེགས་ཆར་གང་ཡང་མཐོང་གྱི་མེད། ལྷག་པར་དུ་ཆེས་དགོས་མཁོ་ཆེ་བའི་དེང་དུས་ཀྱིས་ཚན་རྩལ་རིག་པའི་གནས་ལས་བྱུང་བས་འཕྲུལ་ཆས་ཀྱི་རིགས་ནི་དགེ་སྐྱོན་གཉིས་ལས་དགེ་མཚན་ཆེ་བར་མིག་མཐོང་ལག་ཟིན་ཡིན་བཞིན་དུ་དེར་འགོག་ཐབས་སུ་ཨུ་ཚུགས་དགོས་དོན་གང་ཡིན་ནམ། སྐྱེ་བོ་རེ་ཟུང་གིས་བྱ་སྤྱོད་ལ་བརྟེན་ནས་དམངས་ཁྲོད་དུ་སྒྲིག་གཞི་འམ་གྲོས་ཆོད་འདྲ་མིན་བཞག་བསྡད་པ་ཡིན་ན་དེ་ནི་རྣམ་དཔྱོད་ལྡན་པའི་ཁྱད་མཁས་མི་སྣ་དག་ལས་གྲུབ་པའི་ཚོགས་ཞུགས་པ་ཚོས་གཟི་བརྗིད་ལྡན་པའི་གནང་སྟངས་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ། ད་དུང་དོན་ཚན་གསུམ་པར། མ་འོངས་པར་གཞུང་ཆེན་རིགས་གཅིག་རྐང་འཛིན་ཞེས་པ་འདི་ལ་ཡང་དེ་ཙམ་དགེ་མཚན་ལྡན་པ་ཞིག་ལ་ངོས་འཛིན་ཞུ་ཁག་པོ་རེད། གཞུང་ཆེན་སློབ་གསོལ་ཡི་ལམ་ལུགས་ནི་སྔོན་གྱིས་སྐྱེས་ཆེན་ཚོས་ལམ་ལུགས་འདི་ལས་ལྷག་པར་ཞིག་ངས་ངོ་ནས་མཐོང་གྱི་མེད། ད་ལྟའི་དུས་འདིར་ཆོས་སྡེ་ཁག་སོ་སོས་ནང་དུ་ཕྱག་ལན་ལ་ཡོད་བཞིན་པའི་བཀའ་སྤོད་ལྔ་དང་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོ་དག་གི་སློབ་གསོའི་ཐབས་ལམ་འདི་ནི་ཆེས་རླབས་ཆེན་དང་གཟིག་བརྗིད་ལྡན་པ་ཞིག་རེད་འདོད། གང་ཡིན་ཞེ་ན། ལམ་ལུགས་འདི་ཡི་ནང་ནས་སློབ་མཐར་ཕྱིན་པའི་སྐྱེ་བོ་ཞིག་ཡིན་ན་གཡག་ཞར་ཡིས་རྩྭ་ཟ་བ་ལྟར་བུ་མ་ཡིན་པར་ཕྱོགས་གང་སར་མཐོང་རྒྱ་དང་ཐོས་རྒྱ་ཡོད་པ་ཞིག་རེད། གཞུན་མཚན་གཅིག་རང་ལ་མགོ་བོ་འཁོར་ནས་བསྡད་པ་ཡིན་ན་མདོ་སྔགས་ཀྱི་ལམ་ལུགས་ཡོངས་སུ་རྫོགས་པའམ་ཆ་མི་ཚང་བས་མཁས་པའི་མཚན་སྙན་ཐོབས་པ་ཞིག་གི་གནས་བབ་ལས་ནམ་ཡང་རྒལ་མི་ཐུབ་པར་རིག་པའི་དཔོག་ནུས་པ་མ་ཡིན་ནམ། མདོར་ན་སྒྲིག་གཞི་གང་འདྲ་ཞིག་ཡིན་ཡང་བཀོད་འདམས་དང་ལག་བསྟར་གནང་མཁན་ཚོས་ངོས་ནས་ཀྱང་བྱེད་བདེ་བ་དང་། དམངས་ཁྲོད་དུ་ཡང་འོས་འཚམས་ཡོད་པ་ཞིག་དགོས་པ་ལས་དབང་ལྡན་པ་ཉུང་ཤས་ཀྱིས་རལ་གྲི་གནམ་གཡུག་བྱས་ནས་བསྡད་པ་ཡིན་ན་གྲུབ་འབྲས་ལྡོག་ཕྱོགས་ནས་འབྱུང་མི་སྲིད་པ་གང་ཡང་མིན། ད་དུང་དུས་ཀྱི་འཁོར་ཕྱོགས་དང་བསམ་པའི་དཔལ་ཡོན་ཀྱིས་གནས་བབ་སོགས་ཕྱོགས་གང་སར་ནས་འགྱུར་ལྡོག་ཆེན་པོའི་ཞིག་གི་སྒོང་ནས་སྤྱོད་བཞིན་པས་དུས་རབས་འདི་ཡི་ནང་དུ་ཐབས་ལ་མཁས་པའི་ལམ་སྟོན་དང་སྣེ་འཁྲིད་དགོས་པ་ལས། ཕྱོགས་ཉུང་ཤས་ཅིག་གི་སྐྱོན་ལ་གཟིགས་ནས་མཛད་ཇུས་མང་མི་རུང་བ་སེམས། མདོར་བསྡུས་བཤད་ན་འདི་ལོར་༸གོང་ས་མཆོག་གི་ལམ་རིམ་གསུང་ཆོས་སྐབས་སུ་གང་གསུངས་ཡོད་མིན་ངས་གསལ་བཤད་མི་དགོས་པར་ཀུན་གྱི་མཁྱེན་ངེས་ཡིན་པས་དེ་དོན་གོ་བ་གནང་རོགས་ཞུ་རྒྱུ་ཡིན་ནོ།།
མེ་རླབས།
༢༠༡༣/༠༥/༡༩ ཉིན་འདོན་སྤེལ་བྱས།
དོན་ཚན་བརྒྱད་པར། གྲྭ་བརྫུ་བླ་བརྫུ་རིགས་ཀྱི་གནས་ཚུལ་འབྱུང་བ་རྣམས་ལ་འབྲེལ་ཡོད་ཁག་ནས་རྩད་ཞིབ་ཀྱིས་ར་འཕྲོད་བྱུང་རིགས་ཐེར་འདོན་དང་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱ་རྒྱུ་སོགས་བཀོད་འདུག་པར་རྒྱབ་བསྐྱོར་གཙང་མ་ཡོད། དེའི་རིགས་ལ་དོག་ཟབ་བྱ་གལ་ཆེ་བ་མཐོང་
ཀརྨ་རྡོ་རྗེ།
༢༠༡༣/༠༥/༡༩ ཉིན་འདོན་སྤེལ་བྱས།
རྒྱལ་དབང་ཀརྨ་པ་མཆོག་གིས།
མ་གཞི་ངྷ་རམ་ས་ལར་མཚན་ཉིད་སློབ་གྲྭ་དང་སྒྲོལ་མ་གླིང་བཅས་ང་ཚོ་ཁ་ཤས་ཤིག་ཡོད་པ་རེད། ཁོ་རང་ཚོའི་སློབ་གཉེར་གནང་སྟངས་དེ་ཆོས་ལུཊ་རིས་མེད་ཡིན་ཞེས་ཚང་མས་གཞུང་ལ་སློབ་གཉེར་གནང་སྟེ་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད། གང་ལྟར། ཆོས་ལུགས་རིས་མེད་དེ་ཁ་ཙམ་མིན་པར་སེམས་བསམ་པའི་གཏིང་ནས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ་ཅེས་གསུངས།
འབྲོང་སར་ཚེ་ཉི།
༢༠༡༣/༠༥/༡༨ ཉིན་འདོན་སྤེལ་བྱས།
བོད་ཀྱི་ཆོས་བརྒྱུད་ལྷན་ཚོགས་ད་ཐེངས་བསྐྱར་དུ་འཚོགས་ཐུབ་པར་དགའ་བསུ་ཞུ། ཟམ་གདོང་བླ་མས་སྔོན་མ་ལས་ད་ལྟར་དགོན་སྡེ་ཁག་གི་མདུན་སྤྱོད་ཀྱི་བྱ་བར་འགྱུར་བ་ཆེན་པོ་ཕྱིན་འདུག་གསུངས། ལག་ཐོག་ཁ་དཔར་གྱིས་མཚོན་དེང་དུས་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་ཡོ་བྱད་བཀག་འགོག་བྱས་འདུག །ད་མདུན་སྤྱོད་ཀྱི་བསམ་མནོ་གསར་པ་གང་རེད། འགྱུར་བ་གང་
འབྲོང་སར་ཚེ་ཉི།
༢༠༡༣/༠༥/༡༨ ཉིན་འདོན་སྤེལ་བྱས།
༧རྒྱལ་བ་ཀརྨ་པས་གསུངས་པ་ལྟར་རིས་མེད་ཟེར་དེབ་འདྲ་མིན་འདྲ་ཀློག་པ་ཙམ་མིན་པར་སེམས་གཏིང་ནས་ཚོས་བརྒྱུད་ཁག་གི་སྐྱེས་ཆེན་བླ་མ་རྣམ་པར་དག་སྣང་འོ་ཆུ་གཅིག་ཏུ་འདྲེས་དགོས་པ་རྒྱུ་གལ་ཆེན་པོ་རེད། རྟག་པར་ཁ་ནས་སྙན་མོ་དག་དག་བཤད་བསྡད་པ་ཡིན་ན་རྣ་བ་སུན་པའི་རྒྱུ་མ་གཏོགས་མི་འདུག རྒྱལ་བ་ཀརྨ་པ་མཆོག་ཁྱེད་ཀྱི་ཐུགས་ལ་མངའ་བའི་ལྷག་བསམ་དེ་གཏན་དུ་གནས་པར་ཤོག །
ཀརྨ་རྡོ་རྗེ།
༢༠༡༣/༠༥/༡༨ ཉིན་འདོན་སྤེལ་བྱས།

དོན་ཚན་བརྒྱད་པར། གྲྭ་བརྫུ་བླ་བརྫུ་རིགས་ཀྱི་གནས་ཚུལ་འབྱུང་བ་རྣམས་ལ་འབྲེལ་ཡོད་ཁག་ནས་རྩད་ཞིབ་ཀྱིས་ར་འཕྲོད་བྱུང་རིགས་ཐེར་འདོན་དང་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱ་རྒྱུ་སོགས་བཀོད་འདུག ་ཟེར།

རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།