ངྷ་རམ་ས་ལར་འབུམ་རམས་པ་བྱེད་མཁན་དཀོན་པོ་འདུག

འདོན་སྤེལ། ༢༠༡༣/༠༥/༢༢

དེ་རིང་རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་ཕྲུག་ཚོར་མ་འོངས་མགོ་ཁྲིད་བྱེད་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་གངས་སྐྱིད་དུ་མགོ་འཛུགས་གནང་ཡོད་ཅིང་། དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་རྒྱུར་འབོད་སྐུལ་ཞུས་སོང་

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ ཐོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱ་གར་གྱི་ས་གནས་དང་གྲོང་ཁྱེར་ཁག་ ཙམ་གྱི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་ ༥༤  ཙམ་ལ། ༼དེང་གི་ན་གཞོན་དང་མ་འོངས་མགོ་ཁྲིད༽ཅེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཐེངས་ ༡༢ པ་དེ་མགོ་འཛུགས་གནང་ཡོད་ཅིང་ དབུ་འཛུགས་མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཐེབས་ཏེ་གསུང་བཤད་གནང་སོང་

མཛད་སྒོའི་ཐོག་མར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འཛིན་སྐྱོང་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས། བོད་ཀྱི་ཆབ་སྲིད་གནད་དོན་རྒྱ་ཁྱབ་གོང་མཐོར་གཏོང་ཆེད་འཇར་མན་གུ་ཡངས་ལྟ་གྲུབ་དར་སྤེལ་ཚོགས་པ་(Friedrich Naumann Foundation) དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཟུང་འབྲེལ་ཐོག་ ༡༩༩༢ ལོར་ཉམས་ཞིབ་ཁང་དེ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཉམས་ཞིབ་ཁང་གིས་བཙན་བྱོལ་བོད་མིའི་དམངས་གཙོ་སྲ་བརྟན་གོང་འཕེལ་དང་ ས་གནས་ཁག་ཏུ་དམངས་གཙོའི་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ལས་དོན་བསྒྲུབས་ཡོད་སྐོར་དང་། ཐེངས་འདིའི་ཟབ་སྦྱོང་གི་རེ་བ་ནི་མ་འོངས་པར་མཐོ་སློབ་ཐོན་རྗེས་ཚང་མ་ཁ་ཚུར་འཁོར་ཏེ་བཙན་བྱོལ་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ནང་ཞུགས་པའི་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན་སྐོར་བརྗོད་བྱུང་  

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་གིས། བཙན་བྱོལ་བོད་མི་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་པ་ཞིག་ཡིན་སྟབས་རང་བཙན་ཡོད་པའི་མི་རིགས་ཚོ་དང་མ་འདྲ་བར་བོད་མི་རེ་རེར་འགན་འཁྲི་གཞན་ལས་ལྷག་ཅིག་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནི་སྒང་ནས་སྡོད་མཁན་རེ་ཟུང་གི་མིན་པར་བོད་མི་ཚང་མའི་ཡིན་སྟབས་སོ་སོའི་གཞུང་ལ་རྒྱུས་ལོན་དང་དོ་སྣང་བྱ་གལ་ཆེ་པ། ཟབ་སྦྱོང་འདི་དུས་རྒྱུན་ངྷ་སར་ཚོགས་པའི་དགོས་དམིགས་ནི་ཐོས་པ་བརྒྱ་ལས་མཐོང་པ་གཅིག་གིས་ལེགས་པའི་དཔེ་ལྟར་དངོས་སུ་མཐོང་མྱོང་རྒྱུས་ལོན་ཡོང་ཆེད་ཡིན་ཞིང་། གོ་སྐབས་འདི་བརྒྱུད་སྒྲིག་འཛུགས་དང་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། རྗེས་ཕྱོགས་བཙན་བྱོལ་སྒྲིག་འཛུགས་ནང་འཛུལ་ན་ག་རེ་བྱ་ཐུབ་མིན་དང་། ཕྱི་ལོགས་ནས་བསྡད་ན་ཅི་ཞིག་བསྒྲུབ་ཐུབ་མིན་ལ་ངེས་པ་རྙེད་ཐུབ་པ་ཞིག་བྱ་དགོས་ཚུལ་གསུངས་སོང་

ཡང་ཁོང་གིས་ལོ་ཉི་ཤུ་སུམ་བཅུར་ཞབས་ཞུ་སྒྲུབ་མཁན་རྒན་རབས་པ་ཚོ་རྫོགས་བཞིན་ཡོད་པ་རེད། དེང་སྐབས་གཞོན་སྐྱེས་མང་པོ་ཞིག་སླེབས་ཡོང་གི་ཡོད་ཀྱང་ཕལ་ཆེ་བ་ཞིག་གོ་སྐབས་འཚོལ་སྡོད་མཁན་ལྟ་བུ་ཆགས་ཡོང་གི་འདུག ངས་མཚམས་རེར་རྩེད་མོ་དང་སྦྲགས་དེང་སྐབས་ངྷ་རམ་ས་ལཱ་མཐོ་སློབ་ནང་བཞིན་ཆགས་ཡོད་པ་དང་ དེར་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་ལས་འབུམ་རམས་པ་བྱེད་མཁན་ཧ་ཅང་དཀོན་པོ་འདུག་ཟེར་གྱི་ཡོད། ལས་བྱེད་ཅིག་ཡར་འཛུལནས་ཉམས་མྱོང་ཏོག་ཙམ་བསགསཏེ ད་མི་འདིར་སློབ་སྦྱོང་དང་རིག་པ་ཡག་པོ་ཡོད་འདུག ཁོས་ཕན་ཐོགས་ས་རེད་བསམ་དུས་རི་དང་ཡུ་རོབ་གང་རུང་ཞིག་ལ་འཐོན་འགྲོ་བཞིན་འདུག ངས་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་ ༢༠༠༥ ནས་ ༢༠༡༠ བར་ཡར་འཛུལ་མཁན་ག་ཚོད་དང་མར་འཐོན་མཁན་ག་ཚོད་བྱུང་ཡོད་མེད་དྲིས་པར་བརྒྱ་ཆ་ ༤༧ རེད་ཟེར། དེས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན། ལོ་གཅིག་ནང་མི་ ༡༠༠ ཡར་འཛུལ་གྱི་ཡོད་ན་མི་ ༤༧ དགོངས་པ་ཞུས་ནས་འགྲོ་གི་ཡོད་རེད།ཅེས་གསུངས་ཏེ། གནང་སྟངས་དེས་ལས་བྱེད་དུ་འཛུལ་ཡོང་མཁན་ཚོའི་ཆོད་སེམས་བརྟན་པོ་མེད་པ་དང་སྤྱི་ཚོགས་ཀྱི་སྣང་བརྙན་ཞིག་མཚོན་གྱི་ཡོད་པ་མ་ཟད། ལས་བྱེད་ཀྱི་སྤུས་ཚད་དང་གཞུང་གི་ལས་དོན་ལའང་སྐྱོན་ཡོང་གི་སྐོར་གསུངས་བྱུང་

ཁོང་གིས་བཙན་བྱོལ་བོད་མིའི་མངགཙོའི་འཕེལ་རིམ་སྐོར་ལ་གསུངས་དོན “ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་ ༡༩༦༠ ལོར་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་ང་ཚོ་མངགཙོའི་ལམ་དུ་འགྲོ་དགོས་རེད་གསུངས་སྐབས། བོད་མི་ཚང་མ་འཛོམས་ཏེ་༧གོང་ས་མཆོག་གིས་བཀའ་ག་རེ་གནང་ན་དེ་ནང་བཞིན་འགྲོ་རྒྱུ་ཡིན་ཞེས་མནའ་རྒན་མཐུ་བོ་ཆེ་ཟེར་པའི་མནའ་བཞགཔ་རེད། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོའི་དམ་བཅའ་ཕུལ་ཐུབ་པ་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཕྱི་ཟླ་ ༩ ཚེས་ ༢ ཉིན་མངགཙོའི་དུས་ཆེན་དུ་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། ༡༩༦༠ ནས་ ༡༩༩༠ བར་༧གོང་ས་མཆོག་གི་ཐུགས་རེ་གནང་བ་ནང་བཞིན་ང་ཚོས་གོམ་པ་རྒྱག་ཐུབ་ཡོད་རེད་དམ་ཞེས་ན་ཡོད་པ་མ་རེད། ༡༩༩༠ ལོར་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཕྱིར་བསྡུ་བྱས་(Dissolved) ཏེ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་ཐོག་ཁྲིམས་བཟོ་ལྷན་ཁང་འཛུགས་ཐུབ་ཡོད། སྤྱི་འཐུས་སྐབས་ ༡༡ པ་ནས་སྤྱི་འཐུས་གྲངས་ཚད་མང་དུ་བཏང་། བཀའ་བློ་གྲོས་ཚོགས་ནས་བསྐོ་བཞག་གནང་མགོ་ཚུགས་པ་རེད། རིམ་པ་གཉིས་པ་དེ་ ༡༩༩༡ ནས་ ༢༠༠༡ བར་རེད། དེའི་བར་དུ་བཀའ་བློན་གྲོས་ཚོགས་ནས་འདེམས་མ་ཐུབ་པར་༧གོང་ས་མཆོག་ལ་ཞུས། བཅའ་ཁྲིམས་ལ་འགྱུར་པ་བཏང་པ་སོགས་བྱུང་ཡོད་ཀྱང་། ༧གོང་ས་མཆོག་གིས་བཀའ་དགོངས་བཞིན་ ༢༠༡༡ ལོར་བཀའ་བློན་ཁྲི་བ་ཐད་ཀར་མི་མང་གིས་འོས་བསྡུའི་ལམ་ནས་བདམས་པའི་ལས་རིམ་མགོ་བཙུགས། དེ་ནས་ཡང་ལོ་བཅུའི་མཚམས་སུ་ ༢༠༡༡ ལོར་༧གོང་ས་མཆོག་གིས་མངགཙོ་ཚད་དང་ལྡན་པ་ཞིག་ཡོང་ཆེད་ཆབ་སྐུ་དབང་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེབས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་པ་རེད་ཅེས་ངོ་སྤྲོད་གནང་སོང་

ཁོང་གིས་བོད་རང་བཙན་དང་དབུ་མའི་ལམ་གྱི་སྐོར་གསུངས་དོན། “ད་ང་ཚོའི་དམིགས་ཡུལ་གཙོ་དེ་བོད་དོན་འཐབ་རྩོད་ཟེར་ན་འདྲ་བོད་ལ་ཕར་ག་འདྲ་བྱས་ཏེ་ལོག་རྒྱུ་ཡིན་ཟེར་བ་དེ་རེད། དེའི་ཐད་རང་བཙན་དང་དབུ་མ། རང་ཐག་རང་གཅོད་སོགས་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཡོང་བསྡད་ཡོད་རེད། ཁྱེར་རང་ཚོ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཉེ་བའི་ཆར་དེའི་སྐོར་ལ་གླེང་སློང་མང་པོ་ཞིག་ཆགས་ཡོད་རེད། ཁྱེར་རང་ཚོ་འདིར་བསྡད་པའི་འབྱུང་འགྱུར་ཉིན་འགའི་ནང་ཕལ་ཆེར་སྐད་ཆ་མང་པོ་ཞིག་ཡོང་གི་རེད། ཡིན་ནའང་སོ་སོའི་སེམས་ཀྱི་ཚོར་བ་དང་འབྲེལ་བའི་གནད་དོན་གང་འདྲ་ཞིག་ཡིན་ཡང་མཐའ་མའི་ཐག་གཅོད་དེ། དངོས་ཡོད་གནང་སྟངས་ལ་གཞི་བཅོལ་ནས། རྒྱུ་མཚན་དང་ལྡན་པའི་ཐོག་ནས་འགྲོ་དགོས་པ་ཞིག་མ་གཏོགས་ཐབས་ལམ་གཞན་མེད་པ་ནི་ང་ཚོའི་ནང་ཆོས་ཀྱི་འགྲེལ་བཤད་རྒྱག་སྟངས་ཐོག་ནས་བཤད་ན་འདྲ། སྤྱིར་བཏང་གི་མི་ཚེ་སྐྱེལ་སྟངས་དང་འཇིག་རྟེན་བྱ་གཞག་ལ་ཆ་བཞག་པ་ཡིན་འངའདྲ་རྒྱ་མཚན་ལ་བལྟས་ཏེ་འགྲོ་དགོས་པ་དེ་གལ་ཆེ་ཤོས་ཆགས་ཡོད། ང་ཚོས་གནད་དོན་གཉིས་ལ་གཞི་བཟུང་སྟེ་བལྟ་དགོས་རེད། དང་པོ། ད་ལྟ་བོད་ལ་ཕར་ལོག་རྒྱུར་བོད་ནང་གི་གནས་སྟངས་དེ་གང་འདྲ་ཞིག་རེད། དེ་གསལ་བོ་རྟོགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་དང་འབྲེལ་ནས་ང་ཚོའི་ཁ་གཏད་དེ་སུ་ཆགས་འདུག ཁ་གཏད་གྱི་སྟོབས་དང་ནུས་པ་གང་འདྲ་འདུག ཞན་ཆ་ག་རེ་རེད། དེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གཉིས་པ། ཕྱོགས་གཞན་ནས་ང་ཚོ་བཙན་བྱོལ་ནང་གི་གནས་སྟངས་རེད། ང་ཚོ་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་དང་ སྟོབས་དང་ནུས་པ། ཞན་ཆ་ག་རེ་ཡོད་མེད། དེ་དང་འབྲེལ་འཛམ་གླིང་རྒྱལ་ཁབ་གཞན་དག་གིས་ང་ཚོ་བོད་པའི་གནས་སྟངས་ལ་ག་འདྲ་ལྟ་གི་འདུག གནད་དོན་དེ་གཉིས་ཆ་ཚང་པ་ཞིག་ཤེས་པ་ཡིན་ན་ལམ་ཁ་གང་འདྲ་ཞིག་གི་ཐོག་འགྲོ་དགོས་མིན་ང་ཚོས་ཐག་ཆོད་རྒྱུ་ལས་སླ་བོ་ཞིག་ཆགས་ཡོད་པ་རེད་དྲན་བསྡད་ཡོད” ཅེས་གསུངས་སོང་

ཁོང་གིས་མུ་མཐུད་དུ་གསུངས་དོན། “ སྤྱི་ཡོངས་ནས་བལྟས་ཡོངན། བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཡོངས་རྫོགས་བོད་པ་རང་གིས་ཁུར་བསྡད་པ་མ་གཏོགས། ཕྱིའི་མི་རིགས་ཤིག་ཡོང་ནས་ཁུར་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད་པ་མ་རེད། དེ་འདྲའི་འགྲེལ་བཤད་ཐོག་ནས་བལྟས་པ་ཡིན་ན་ང་ཚོར་བོད་རང་བཙན་གྱི་གནས་བབ་རང་ལྷག་ཡོད་རེད། ལྷག་པར་དུ་༧གོང་ས་སྐུ་ཕྲེང་ ༡༣ པས་ ༡༩༡༣ ལོ་ནས་རང་བཙན་བསྐྱར་ནན་གསལ་བསྒྲགས་གནང་པ་ནས་ ༡༩༥༡ ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་པར་རེད། གང་ལྟར་བོད་སྔོན་མ་རང་བཙན་རེད་དམ་ཞེས་ན་རང་བཙན་རེད་ཅེས་བཤད་ཐུབ་པ་དེ་གསལ་བོ་རེད། འོན་ཀྱང་རང་བཙན་རྒྱལ་ཁབ་ཟེར་པ་དེ་དུས་རབས་བཅུ་དགུ་བའི་མཇུག་ཙམ་ནས་བྱུང་ཡོད་པ་དང་ དེར་འགྲེལ་བ་རྒྱག་སྟངས་མང་པོ་ཡོད་པ། བོད་ཀྱི་ལོ་རྒྱུས་ཁྲོད་དུས་རབས་མ་འདྲ་བ་དང་སྲིད་དབང་མ་འདྲ་བ་སོ་སོའི་སྐབས་ཀྱི་སྲིད་དབང་གི་ཁྱབ་ཁོངས་སོགས་ལོ་རྒྱུས་ལ་ཤེས་རྟོགས་གསལ་བོ་ཡོད་པའི་ཐོག་རང་བཙན་རྩོད་དགོས་པ་དེ་གལ་ཆེན་པོ་རེད། ༧གོང་ས་མཆོག་གཙོས་བོད་མི་ཡོད་དོ་ཅོག་གིས་བོད་ལ་རང་བཙན་འཐོབ་རྒྱུ་ཞིག་ཡོད་ན། བོད་རང་བཙན་དགོས་འདེམ་གི་རེད་མ་གཏོགས་བོད་རང་བཙན་མི་དགོས་ཞེས་ལབ་ཐུབ་གི་མ་རེད། ད་བོད་རང་བཙན་བསྒྲུབ་ཐུབ་དང་མི་ཐུབ་ཀྱི་སྐད་ཆ་སླེབས་ཡོང་སྐབས་འདས་པའི་ལོ་ ༦༠ ཙམ་གྱི་ལོརྒྱུས་ལ་ཅིག་བལྟས། རྒྱ་ནག་གི་སྲིད་ཇུས་གྱི་འགྱུར་ལྡོག བོད་ཀྱི་ཆོས་དང་རིག་གཞུང་ ཁོར་ཡུག་གཏོར་བཅོམ། མི་རིགས་རྩ་མེད་དང་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་གནས་བབ་འོག བོད་དེ་ཉེན་ཁ་ལས་སྐྱབ་རྒྱུར་དམག་རྒྱག་རྒྱུ་དང་དེ་མིན་ན་སྐད་ཆ་བཤད་རྒྱུ་གཉིས་ལས་ལྷག་ཡོད་མ་རེད། ཕྱོགས་གང་ནས་བལྟས་ཀྱང་ང་ཚོས་དམག་རྒྱག་ཐབས་མེད་པ་གསལ་བོ་རེད། ད་རྒྱ་ནག་ལ་རང་བཙན་ཐོག་ནས་སྐད་ཆ་བཤད་པ་ཡིན་ན་སྒོ་སྒེའུ་ཁུང་ཚང་མ་འགག་འགྲོ་གི་ཡོད་རེད། རྒྱ་ནག་གིས་རྒྱལ་ཁབ་ཀྱི་མངའ་དབང་ཟེར་པ་དེ་གལ་ཆེན་པོར་གཙི་བཞིན་ཡོད་པ་ལྟར་༧གོང་ས་མཆོག་གིས་གནས་སྟངས་མང་པོ་ཞིག་ལ་གཟིགས་ཏེ། མཐའ་གཉིས་སུ་མ་ལྷུང་པའི་དབུ་མའི་ལམ་གྱི་སྲུད་བྱུས་གཏན་འབེབ་གནང་པ་རེད།གསུངས་སོང་

 མཇུག་ཏུ་མཐའ་ཐུག་ན་འཛམ་གླིང་རྒྱལ་ཁབ་གང་ཞིག་ཡིན་ཡང་སོ་སོའི་ཁེ་ཕན་ཨང་དང་པོར་འཛིན་པ་ལས་བོད་ཀྱི་རྩ་དོན་ལ་སྐད་ཆ་བཤད་མཁན་ཡོད་མ་རེད། སྤྱིར་རྒྱ་གར་གཞུང་ང་ཚོར་བཀའ་དྲིན་ཆེན་པོ་རེད་དེ། ཞིབ་ཚགས་ཐོག་ཕྱིན་པ་ཡིན་ན་ད་དུང་རྒྱ་གར་གཞུང་གིས་ཏོག་ཙམ་ང་ཚོ་ལ་མང་བ་བྱེད་དགོས་པ་ཞིག་དྲན་གྱི་ཡོད་པ་དང་ དེ་ཙམ་གནང་གི་མི་འདུག་བསམ་བསམ་ཡོང་གི་ཡོད་རེད་ཅེས་གསུངས་བྱུང་

གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༢༠༨༧ ལ་བཀླགས་འདུག
རིག་པ་འདོན་པ།
བསྟན་ཆོས།
༢༠༡༣/༠༥/༢༣ ཉིན་འདོན་སྤེལ་བྱས།
རིགས་ཀྱི་བུ་ལགས། སྤྱི་འཐུས་ཚོགས་གཙའི་ལས་འགན་རེད། དེ་ཙམ་མ་ཟད། གཞུང་གི་དཀྱིལ་འཁོར་ནང་ཡོད་མཁན་ཚང་མ་དེ་བཞིན་འགྲོ་དགོས་པ་རེད། གཞན་དྲ་མཆན་པ་ཚང་མ་ལ། མགོ་ཟླས་གསུང་ལ་ཡང་ཡང་བསམ་ནས་ཁ་ལག་འགུལ་རོགས་ཞུ་ཞེས་རེ་བ་ཞུའོ།།
མགོ་ལོག་ཟླ་བྷེ།
༢༠༡༣/༠༥/༢༣ ཉིན་འདོན་སྤེལ་བྱས།
དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་རིན་ཐང་ཅན་གང་མང་གསུངས་འདུག་བཀའ་དྲིན་ཆེ། དེ་ནས་འོག་ལ་མཆན་འབྲི་མཁན་གྱི་སྤུན་ཟླ་རེ་ཟུང་ལ་ཞུ་རྒྱུར། དུས་བབ་སོགས་དྲ་ལམ་མང་ཤོས་ཤིག་ནི་བོད་ནང་གི་ས་གནས་འགའ་རེ་དང་རྒྱ་ཡུལ་སོགས་ནས་ཀྱང་ལྟ་ཐུབ་ཀྱིན་ཡོད་པས། བོད་ནང་གི་སྤུན་ཟླ་རེ་ཟུང་གིས་ཁ་པར་དང་ཕྲ་འཕྲིན་བརྒྱུད་དྲི་བ་བཀྲ་མ་ཤིས་པ་རེ་ཡང་གཏོང་གིན་འདུག ཅི་ཟེར་ན།༼ཕྱི་ལོག་གི་ང་ཚོའི་སྲིད་སྐྱོང་ཚང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱི་བར་ལ་འགལ་བ་ཡོད་པ་ཨེ་རེད་༧ རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་རེད༽ཚིག་དེ་ག་རང་བེད་སྤྱོད་བཏང་སོང་། ངས་དེ་དཔེ་མི་སྲིད།མང་གཙོའི་ཀ་བ་གསུམ་གྱིས་སྣེ་ཁྲིད་པའི་བཙན་བྱོལ་གཞུང་དམངས་གཉིས་ག་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ངང་།༧གོང་ས༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་བཞེད་ལྟར་མང་གཙོ་ཡང་དག་གི་ལམ་ལ་སྤྱོད་བཞིན་འདུག ད་ལྟའི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཐུན་མོང་མ་ཡིན་པའི་སྒེར་གྱི་བློས་ཐུབ་གྲོགས་པོའང་རེད་འདུག གཞན་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་སོགས་བཀའ་སྤྱི་གཉིས་ན་མི་སྣ་ཤེས་འཇོན་ལྷག་བསམ་དང་ལྡན་པ་གང་མང་རེད་ཅེས་བཤད་པ་ཡིན། ཁོས་དེ་ན་གསར་འགྱུར་དང་དྲ་ལམ་འགའ་རེ་ནས་ཞེས་མང་ཙམ་དྲིས་སོང་།ངས་དེ་དག་མི་སྒེར་བ་རེ་ཟུང་གི་བསམ་ཚུལ་ཙམ་རེད། རང་དབང་ལུང་པ་ནས་སྨྲ་བརྗོད་རང་དབང་དུ་བསྙད་ནས།མདོ་རྩ་ཡོད་མེད་ཇི་ཡང་ཡོང་གི་རེད་དེ་ལ་འཇུག་ལྡོག་དང་བླང་དོར་མཁས་པོ་བྱེད་དགོས།ཞེས་ལན་འདེབས་ཁུལ་བྱས་པ་ཡིན། ང་ཚོའི་དུས་དང་རྣམ་པ་ཀུན་ཏུ་ནང་དཀྲུག་སྒྲོ་འདོགས་སྐུར་འདེབས་སོགས།མདོར་ན་དགྲ་དགའ་གཉེན་སྡུག་གི་ལས་སུ་འགྱུར་ཉེན་ཅན་གྱི་རྩོམ་དང་མཆན་སོགས་འགོད་སྐབས་ཐུགས་བསམ་ཡག་པོ་གཏོང་རོགས་ཞུ་ཞུ།ཞེས་གུས་ནད་ནག་འོག་གི་རྒད་པོ་ཤི་མ་གསོན་ཞིག་གིས།
འཇམ་གཅེས །
༢༠༡༣/༠༥/༢༢ ཉིན་འདོན་སྤེལ་བྱས།
འབུམ་རམ་པ་དང་མཐོབ་སློབ་ཐོན་མ་ཐག་ཏུ་ནུབ་ཕྱོགས་པའི་གཡོག་ལས་སུ་བྲེལ་གྱི་ཡོད་པ་རེད། སྔོན་མ་ཟང་གདོང་རིན་པོ་ཆེས་བཀའ་སློབ་ཞིག་གི་ནང་དུ་བོད་མིའི་དབྱིན་ཡིག་ཤེས་ཚད་གོང་འཐོར་འགྲོ་བ་དང་ལྷན་དུ་བསམ་བློའི་ཆུ་ཚད་དམའ་རིག་འགྲི་གྱི་འདུག་གསུངས་སོང་། དེའི་རྒྱུ་མཚན་ཡང་གོང་ཞུས་བཞིན་སཽབ་མཐར་ཕྱིན་རྗེས་གཡོས་ལས་གཉེར་རྒྱུའི་བསམ་བློ་ལས་སོ་སོས་བདག་དབང་ཡོད་པའི་བྱ་བ་གཉེར་འདོད་ཡོད་པ་མ་རེད་བཅས་གསུངས་སོང་དྲན་
Dawai Shonu
༢༠༡༣/༠༥/༢༢ ཉིན་འདོན་སྤེལ་བྱས།
དྷ་རམ་ས་ལར་འབུམ་རམ་པ་རེ་གཉིས་ཡོད་རེད་དེ་ཚང་མ་ལམ་ཁ་བརླག་བསྡད་པ་རྐྱང་རེད་འདུག ཚང་མ་རང་འགོ་མ་མཐོན་ནས་བསྡད་འདུག
དཔའ་ཆེན་དོན་གྲུབ།
༢༠༡༣/༠༥/༢༢ ཉིན་འདོན་སྤེལ་བྱས།
"ལྷག་པར་དུ་༧གོང་ས་སྐུ་ཕྲེང་ ༡༣ པས་ ༡༩༡༣ ལོ་ནས་རང་བཙན་བསྐྱར་ནན་གསལ་བསྒྲགས་གནང་པ་ནས་ ༡༩༥༡ ལོའི་གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་པར་རེད། གང་ལྟར་བོད་སྔོན་མ་རང་བཙན་རེད་དམ་ཞེས་ན་རང་བཙན་རེད་ཅེས་བཤད་ཐུབ་པ་དེ་གསལ་བོ་རེད། འོན་ཀྱང་རང་བཙན་རྒྱལ་ཁབ་ཟེར་པ་དེ་དུས་རབས་བཅུ་དགུ་བའི་མཇུག་ཙམ་ནས་བྱུང་ཡོད་པ་དང་། " དུས་རབས་བཅུ་དགུ་བའི་མཇུག་ཙམ་ནས་དུས་རབས་བཅུ་དགུ་བའི་མཇུག་ཙམ་ནས་
བསོད་ནམས་རྡོ་རྗེ།
༢༠༡༣/༠༥/༢༢ ཉིན་འདོན་སྤེལ་བྱས།
གསར་འགྱུར་དྲ་རྒྱས་པོ་ཞེ་དྲག་བྲིས་འདུག་ཐུགས་རྗེ་ཆེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ཕེལ་རིམ་སྐོར་ལ་བཀའ་མོལ་གནང་རྒྱུ་དེར་ཁོང་རང་བྱང་ཆ་ཡོད་པ་རེད། ཡིན་ནའང་དབུ་མའི་ལམ་དང་རང་བཙན་སྐོར་ལ་སྔོན་ཆད་ཞིབ་རྒྱས་གསུང་ཡོད་པ་ཞིག་མཇལ་མ་སོང་མོད། དེ་རིང་འདིར་ཧ་ཅང་ཡག་པོ་གསུང་འདུག སྔོན་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲི་ཡིན་པའི་སྐབས་ལ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཀའ་ཁྲིར་ངོ་སྲུང་བྱེད་ཀྱི་ཡོད་པ་ལས་ཁོང་རང་དབུ་མའི་ལམ་ལ་སེམས་གཏིང་ནས་ཡིད་ཆེས་ཡོད་མེད་ཐོག་མང་པོ་ཞིག་གིས་དོགས་པ་ཟ་བཞིན་ཡོད་པ་རེད། དེ་རིང་བཀའ་སློབ་གནང་སྟངས་དང་སྐད་ཆའི་ཚིག་གི་ནང་དོན་སོགས་ལ་ཞིབ་ཏུ་བལྟས་ཡོང་ན་ཁོང་དབུ་མའི་ལམ་ལ་ཡིད་ཆེ་བརྟེན་པོ་ཞེ་དྲག་རེད།
ཤེལ་དཀར་བློ་བཟང་
༢༠༡༣/༠༥/༢༢ ཉིན་འདོན་སྤེལ་བྱས།
འབུམ་རམས་པ་བྱེད་མཁན་དཀོན་པ་མ་ཟད། འབུམ་རམས་པའི་མིང་ཅན་དེ་ཚོ་ཡང་རྣམ་དབྱེ་དང་པོ་རེད་འདུག
གསར་འགོད་པ་ལགས། ༼དབུ་འཛུགས་མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་ཐེབས་ཏེ་གསུང་བཤད་གནང་སོང་།༽ ཞེས་གསུངས་ན་གོ་བ་ཁྱད་མཚར་ཞིག་འདུག ཡང་བསྐྱར་གཟིགས་ནས་ཡིག་ནོར་ལ་གཟབ་གཟབ་གནང་རོགས།
མངའ་རིས་འོད་ཟེར།
༢༠༡༣/༠༥/༢༡ ཉིན་འདོན་སྤེལ་བྱས།
རིགས་ཀྱི་བུ་ཁྱེད་སྐྱག་ཁ་ཚུམས་ནས་སྡོད། བློ་སེང་ཤོག་སེང་འདྲ་བོ་དྲུག་བདུན་ཞིག་ལྟེབས་བརྩེགས་རྒྱབ་ནའང། ཚོགས་གཙོ་རི་རྒྱལ་ལྷུན་པོའི་ཆབ་ཆེན་ལའང་འགྲན་གི་མ་རེད་ལོ།།
རིགས་ཀྱི་བུ།
༢༠༡༣/༠༥/༢༡ ཉིན་འདོན་སྤེལ་བྱས།
སྤེན་པ་ཚེ་རིང་འདིས་སྔོན་ཆད་སྐད་ཆ་དེ་ཙམ་བཤད་མི་ཤེས་མོད། དེང་སྐབས་འོ་ཙམ་བཤད་ཀྱི་འདུག ལྷག་པར་དུ་དབུ་མའི་ལམ་གྱི་ཐོག་ལ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་གཏོང་མདོག་མདོག་བྱེད་ཀྱི་འདུག་མོད། བོད་མི་མང་སྤྱི་འཐཱུས་ཚོགས་གཙོའི་ཆེད་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་པརེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།