བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གཞུང་གི་གསང་མྱུལ་བ་ཞིག་འཇུས་འདུག

འདོན་སྤེལ། ༢༠༡༣/༠༥/༢༨

བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གིས་བཏང་བའི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། གསང་མྱུལ་བ་དེས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནས་ཚུལ་རྒྱ་གཞུང་ལ་མཁོ་སྤྲོད་བྱས་ཡོད་འདུག

གསང་མྱུལ་བ་དེའི་མིང་ལ་སྤེན་པ་ཚེ་རིང་ཟེར་ཞིང་༡༩༨༠ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་ར་ཤང་ཁོངས་སུ་སྐྱེས་པ་དང་། ས་གནས་སློབ་འབྲིང་དུ་བསྐྱོད་རྗེས་དམག་ནང་ཞུགས༢༠༠༢ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་གྲོང་སྨད་ཤང་སྤྱི་བདེའི་ལས་བྱེད་ཡིན་མུས་ཐོག་སི་ཁྲོན་ཞིང་ཆེན་ལུའུ་ཀྲའུ་གྲོང་ཁྱེར་དུ་ལོ་གཉིས་རིང་སྤྱི་བདེའི་གསང་ལས་སློབ་སྦྱོང་ཐོན་རྗེས་འཇིགས་སྐུལ་རྒོལ་རྡུང་རུ་ཁག་ཁོངས་སུ་འདེམས་སྒྲུག་བྱུང་འདུག དེ་རྗེས་སྐབས་དེའི་ནག་ཆུ་ས་གནས་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའི་གཡུས་ཆོན་ གྱིས་ཁོ་པར་རྒྱ་གར་དུ་སོ་མྱུལ་ལ་འགྲོ་དགོས་ལས་འགན་སྤྲད་དེ་འགྲམ་འགག་སྒོ་བར་བསྐྱེལ། དེ་བཞིནབརྒྱུད་ལམ་དང་དངོས་པོའི་དཔང་རྟགས། གྲོན་དངུལ་སྔ་རྗེས་ཧིན་སྒོར་འབུམ་བཅུ་གཅིག་ལྷག་སྤྲོད་ལེན་བྱས་གནས་བཅས་པ་དོ་བདག་གིས་ངོས་ལེན་གཙང་མ་བྱསཡོད་སྐོར་སོགས་བཀོད་འདུག

གོང་གསལ་གནས་ཚུལ་སྐོར་དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་འཁོད་དོན། རྒྱ་ནག་གི་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བོད་རང་ སྐྱོང་ལྗོངས་ཀྱི་འཐུས་མི་ཡིན་པ། ཆབ་མདོ་ས་ཁུལ་སྲིད་ཁྲིམས་ཐིང་གི་དྲུང་ཆེ། ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་དྲུང་ཆེ་བཅས་ཡིན་པའི་ལིའི་གཡུས་ཆོན་གྱིས་འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་རྒྱ་ནག་དམག་མི་ལས་བསྒྱུར་དང་སྤྱི་བདེའི་ཉེན་རྟོག་པ་ཡིན་པའི་མི་གཅིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་མྱུལ་དུ་བཏང་སྟེ་༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་བྱས་པར་མ་ཟད། བཙན་བྱོལ་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནས་ཚུལ་སོགས་ཀྱང་མཁོ་སྒྲུབ་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིས་འཇིགས་སྐུལ་དང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ཀྱང་དཔང་རྟགས་གང་ཡང་མེད་སྟབས་སོ་མྱུལ་དེར་བཙན་བྱོལ་སྤྱི་ཚོགས་ནས་དྲག་སྤྱོད་དང་འཇིགས་སྐུལ་གྱི་ལས་འགུལ་སྤེལ་འཆར་ཡོད་མེད་རྟོགས་ཞིབ་བྱ་རྒྱུའི་མངགས་ཆ་བྱས་པ་དང་། སླར་ཡང་སྔ་ལོ་ཕྱི་ལོ་ ༢༠༡༢ ལོར་ལིའི་གཡུས་ཆོན་གྱིས་སོ་མྱུལ་པ་དེ་བལ་ཡུལ་དུ་ཐེངས་གཉིས་བསྟུད་མར་སྐད་བཏང་སྟེ་བོད་མི་གཉིས་དམར་གསོད་གཏོང་རྒྱུའི་ཆེད་དུག་རྫས་མི་འདྲ་བ་ཁག་གསུམ་བེད་སྤྱོད་བཏང་སྟེ་དམར་གསོད་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་ལས་འགན་སྤྲད་ཡོད་པ་དང་། བལ་ཡུལ་རང་དུ་དུག་གི་ནུས་པ་བརྟག་དཔྱད་སླད་བྱ་དེ་གཅིག་དང་ཁྱི་ཕྲུག་གཉིས་ལ་ ཚོད་ལྟའང་བྱས་ཡོད། དེ་ལྟར་རྒྱ་ནག་གཞུང་གི་གསང་ལས་ཚན་པས་༸གོང་ས་མཆོག་གི་སྐུ་ཕྱྭ་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་འཚོལ་སྒྲུབ་དང་། བཙན་བྱོལ་བོད་མི་ནང་ཁུལ་སྔར་བྱུང་མྱོང་མེད་པ་དམར་གསོད་ཀྱི་དོན་རྐྱེན་ཚབས་ཆེའི་དྲག་སྤྱོད་ལས་འགུལ་སྤེལ་ཆེད་མངགས་གཏོང་ལྟར་ཁོ་པའི་ངོས་ནས་ཀྱང་དེ་དོན་ལག་བསྟར་འབད་བརྩོན་བྱེད་པའི་སྐབས་སུ་བོད་འབྱོར་ཁམས་འབྲི་རུ་རྫོང་ཁོངས་ནས་ ཡིན་པ་བཀྲ་ཤིས་རྒྱལ་མཚན་༼མིང་གཞན་བཀྲིས་དོན་གྲུབ་༽དང་། ཁམས་སྡེ་དགེ་དཔལ་སྤུངས་ཤང་ནས་ཡིན་པ་ཀརྨ་ཡེ་ཤེས་༼མིང་གཞན་བཀྲིས་༽གཉིས་ནས་ཁོ་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ཉེས་ཅན་ལག་ཐོག་ནས་བཟུང་སྟེ་འདི་ག་བདེ་སྲུང་ལས་ཁུངས་སུ་ཐེར་འདོན་རྩིས་སྤྲོད་བྱས་བྱུང་བས་ཁོང་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དང་ལེགས་སོ་ཞུ་རྒྱུ་ཡིན" ཞེས་བཀོད་འདུག

འདི་ནས་འདྲི་ཞིབ་ནན་པོ་བྱས་རྗེས་ར་འཕྲོད་གསལ་པོ་བྱུང་བར་སོ་མྱུལ་བ་སྤེན་ པ་ཚེ་རིང་ནི་ ༡༩༨༠ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་ར་ཤང་ཁོངས་སུ་སྐྱེས་པ་དང་། ས་གནས་སློབ་འབྲིང་དུ་བསྐྱོད་རྗེས་དམག་ནང་ཞུགས་པ་དང་། ཕྱི་ལོ་ ༢༠༠༢ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་ཁོངས་གྲོང་སྨད་ཤང་སྤྱི་བདེའི་ལས་བྱེད་ཡིན་ མུས་ཐོག་སི་ཁྲོན་ཞིང་ཆེན་ལུའུ་ཀྲའུ་གྲོང་ཁྱེར་དུ་ལོ་གཉིས་རིང་སྤྱི་བདེའི་ གསང་ལས་སློབ་སྦྱོང་ཐོན་རྗེས་འཇིགས་བསྐུལ་རྒོལ་རྡུང་རུ་ཁག་ཁོངས་སུ་འདེམས་ སྒྲུག་བྱུང་འདུག དེ་རྗེས་སྐབས་དེའི་ནག་ཆུ་ས་གནས་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའི་གཡུས་ཆོན་ གྱིས་ཁོ་པར་རྒྱ་གར་དུ་སོ་མྱུལ་ལ་འགྲོ་དགོས་ལས་འགན་སྤྲད་དེ་འགྲམ་འགག་སྒོ་བར་ བསྐྱེལ། དེ་བཞིན་བརྒྱུད་ལམ་དང་དངོས་པོའི་དཔང་རྟགས། གྲོན་དངུལ་སྔ་རྗེས་ཧིན་སྒོར་འབུམ་བཅུ་གཅིག་ལྷག་སྤྲོད་ལེན་བྱས་གནས་བཅས་པ་དོ་ བདག་རང་ངོས་ནས་ངོས་ལེན་གཙང་མ་བྱས་པའི་དོན་དངོས་ཀྱི་ཐོག་ནས་ཁོ་པ་སྤེན་པ་ཚེ་ རིང་ནི་རྒྱ་ནག་གཞུང་གིས་བཏང་བའི་ཆེད་ལས་སོ་མྱུལ་བ་ཞིག་ཡིན་པ་ར་འཕྲོད་གསལ་ པོ་བྱུང་ཡོད། སྤེན་པ་ཚེ་རིང་འདི་གར་འབྱོར་རྗེས་ཁོ་པ་བོད་ནང་ལས་བྱེད་བྱེད་མྱོང་ཡོད་པ་ཞིག་ ཡིན་པའི་ཆ་ནས་འདི་ག་ལས་ཁུངས་ནས་དམིགས་བསལ་ལྟ་རྟོགས་བྱས་ཡོད། འོན་ཀྱང་ཁོ་པས་དགྲ་བོའི་སོ་མྱུལ་གྱི་ལས་འགན་བླངས་ཡོད་པ་འདི་ག་ལས་ཁུངས་སུ་ ངོས་ལེན་མ་ཞུས་པར། ༸གོང་ས་མཆོག་གི་སྐུ་ཕྱྭ་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་ སྤྲོད་བྱས་པ་དང་། བོད་མི་སྤྱིའི་རྩ་དོན་ལ་གནོད་གཞིའི་གནས་ཚུལ་མི་བདེན་རྫུན་བསྒྲིགས་ཀྱིས་མཁོ་ སྤྲོད་བྱས་པ། དད་རྟེན་མཉམ་བཞེས་སྐུ་པར་བེད་སྤྱོད་ལོག་པ་བཏང་སྟེ་མི་གཞན་ལ་མགོ་སྐོར་བཏང་བ་ དང་། རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཡིན་ཁུལ་ བཤད་དེ་མི་གཞན་ལ་མགོ་སྐོར་བཏང་བ། རྒྱའི་ལས་འགན་བླངས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་མི་གསོད་ཁྲག་སྦྱོར་གྱི་དྲག་ སྤྱོད་ལས་ཀ་བརྩམས་པ་བཅས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་ཡོད།

ཚང་མས་མཁྱེན་གསལ་ལྟར། བར་ལམ་ཞིག་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་ཆེད་ ཐབས་ལམ་སྣེ་མང་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ཁྲོད་སིམ་འཛུལ་གྱིས་བོད་མི་ནང་ ཁུལ་དུ་འགལ་བ་བཟོ་ཐབས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་ལས་འགུལ་ བརྩམས་དང་རྩོམ་བཞིན་པའི་གནས་ཚུལ་རིམ་པ་ཡོད་བཞིན་པ་ལྟར། ད་ལམ་འཚེ་བ་དང་དྲག་ཤུགས་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་གཏོང་ རྒྱུའི་ངན་བྱུས་དངོས་སུ་ལག་བསྟར་བྱེད་མི་ངོ་མའི་ཐོག་ནས་ར་འཕྲོད་གསལ་པོ་ བྱུང་ཡོད་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྔར་ལྟར་ སྲ་བརྟན་ཡོང་ཐབས་ལ་ཐུགས་སྣང་ངེས་པར་དགོས་པར་མ་ཟད། ལྷག་པར་ད་ལྟ་བོད་ནང་གི་གནས་སྟངས་ཉིན་མཚན་འཁྱོལ་དཀའ་བའི་ཇེ་ཞན་ཇེ་སྡུག་ཏུ་ འགྲོ་བཞིན་པར་བོད་མི་རྒྱལ་ཞེན་ཅན་ཚོས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱ་ དགོས་བྱུང་བ་སོགས་བོད་ཀྱི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་འགྱུར་བའི་དུས་འདིར། སྤེན་པ་ཚེ་རིང་ལྟ་བུ་དགྲ་བོའི་ལས་འགན་དང་དུ་བླངས་ཏེ་རང་དབང་ལུང་པའི་ནང་བོད་ མི་སྤྱིའི་དཀའ་སྡུག་ལ་བསམ་ཤེས་མེད་པར་ཐ་ཤལ་གྱི་བྱ་སྤྱོད་སྤེལ་རྒྱུའི་འབད་ བརྩོན་བྱས་པ་ནི་རང་གི་རིགས་ལ་ནག་ཉེས་བསགས་པའི་བྱ་སྤྱོད་དེ་ལས་ཐབས་སྡུག་པ་ ཅི་ཞིག་ཡོད། དེས་ན་རང་རིགས་ཚང་མས་ད་རེས་ཀྱི་གནས་ཚུལ་འདི་ལས་བསླབ་བྱ་བླངས་ཏེ་བོད་མིའི་ སྤྱི་ཚོགས་ནང་ཐ་ཤལ་གྱི་བྱ་སྤྱོད་འདི་རིགས་འགོག་ཐབས་སུ་གཞིས་བྱེས་གཉིས་ཀ་ནས་ ཐུགས་སྣང་གིས་ད་དུང་རེ་ཟུང་རི་བོང་རྡོ་བརྫུས་ངང་ཚུལ་ཡོད་སྲིད་པས་དེ་དོན་ མཐོང་ཐོས་དོགས་གསུམ་ནམ་བྱུང་ལ་འདི་ག་ལས་ཁུངས་ལ་ནང་དོན་སྙན་སེང་གིས་མཐུན་ འགྱུར་རྒྱབ་སྐྱོང་ཡོང་བའི་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན ”ཞེས་བཀོད་འདུག

ཤོག་ངོས་འདི་ཐེངས་ ༨༠༤༩ ལ་བཀླགས་འདུག
རིག་པ་འདོན་པ།
བསྟན་ཆོས།
༢༠༡༣/༠༥/༢༧ ཉིན་འདོན་སྤེལ་བྱས།
འཇང་གཡུ་དང་བོད་དུས་གཉིས་ཀའི་ངོས་ལེན་འདེབས་རེ་ངེས་གནང་ཡོང་བ་ཞུ།
མྱི་ནག་ཚང་
༢༠༡༣/༠༥/༢༦ ཉིན་འདོན་སྤེལ་བྱས།
གསར་འགྱུར་གྱི་སྒྲུང་གི་ནང་ལ་ཨི་ཁུང་ཅི་ཡང་ལྷག་གི་མི་འཇུག་རྒྱུ་ནི་གནད་དམ་པ་དེ་རེད།
ཨུ་ཚུགས་ཅན།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
གསང་མྱུལ་བ་གཅིག་འཛིན་ཐུབ་ན་བོད་པ་ཚང་གི་རྒྱལ་ཁ་ཞིག་ལ་ངོས་བཟུང་ན་མི་འགྲིག་པ་མི་འདུག་ཡིན་ཡང་བཟུང་ནོ་བོད་མི་མ་གཏོགས་རྒྱ་མི་གཅིག་ཀྱང་འཛིན་མི་ཐུབ་པ་འདིའི་ཤུགས་ནས་ང་ཚོར་ག་རེ་བསྟན་ཡོད་ནི་རེད།
ཅང་མེད།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
གསང་མྱུལ་བ་འཛིན་བཟུང་བྱས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱེད།

༸གོང་ས་མཆོག་གི་གསུང་པ་བཞིན་བཙན་བྱོལ་བསྒྲིགས་གཞི་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཡིན་མོད། ཁོ་རང་ལས་ཀ་མུ་མཐུད་བྱེད་དུ་ཅིག་ཤོག
ང་ཚོ་དགེ་མཚན་དེ་ལས་ཆེ་བར་སེམས། ང་ཚོའི་༸གོང་ས་མཆོག་སྲུང་སྐྱོབས་ཐད་འབད་འབུང་བེད་དགོས།

བསམ་ཚུལ་ཙམ་ལས་གཞན་མེད..........
ལུང་རྟོགས།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
སྤྱང་ཀི་ལ་ཚེ་ཐར་དང་། རྐུན་མ་ལ་དཔའ་དར་མི་འོས་པ་རེད། ནང་རུལ་བ་འདི་རིགས་ནི་རྒྱ་མི་གསང་ཉུལ་བ་ལས་སྡུག་གི་རེད། ཐག་གཅོད་ནན་མོ་བྱེད་དགོས་པ་རེད། དོག་གཞི་ཅན་གྱི་མི་ལ་དོག་འདྲི་བྱེད་པ་ནི་རྒྱལ་ཁབ་སུ་ཡིན་ཡང་དེ་འདྲ་ཡིན་པ་ལས་བདེ་སྲུང་ལས་ཁུང་གིས་མ་དར་དར་ལྕོག་བཙུགས་བཞག་པ་གེ་མ་རེད། གསར་འབྱོར་བ་ཚོ་ནི་རྒྱ་གཞུང་གི་མངའ་འོག་ནས་ཡོང་བ་ཡིན་པས་དེ་ལ་དོག་པ་བྱེད་པ་ཡང་གནས་ལུགས་དང་མཐུན་པ་ཞིག་རེད།
འབྲོང་བུ་སོག་ཚ།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
ན་ལོ་སྐྱབས་རྗེ་མངའ་རི་རིན་པོ་ཆེ་ཨ་རིའི་ས་ཁུལ་ཞིག་གི་ནང་བོད་མི་ཚོར་བཀའ་སློབ་གནང་བའི་ནང་དོན། བོད་ནས་གསར་དུ་འབྱོར་བ་རྣམས་ཡག་པོ་རེད་དེ་ཁག་གཅིག་ལ་དོགས་གཞི་ཡོད་པས་ཚང་མའི་ཡིད་གཟབ་དགོས་པའི་སྐོར་གསུང་ནས་ YouTube ནང་བཞག་འདུག་པ་དེ་དངོས་སུ་ར་འཕྲོད་བྱུང་བ་རེད། ཡང་དེ་གསར་འབྱོར་ཚང་མར་གོ་རྒྱུ་མེད།
བོད་དགའ།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
བཙན་བྱོལ་གཞུང་དང་ཚོགས་སྡེ་ཁག་ནང་རྒྱ་གཞུང་ལ་གསང་འདུག་རྒྱུ་ཞིག་མེད་པ་ཀུན་གསལ་ཡིན་ནའང་། གོང་གི་མི་དེས་ངོས་ལེན་འདི་ཚོ་ཞུས་ཡོད་པ་འདྲ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དྲ་བ་ལས་གསལ་བ་ལྟར་ན།
“༸གོང་ས་མཆོག་གི་སྐུ་ཕྱྭ་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པ་དང་། བོད་མི་སྤྱིའི་རྩ་དོན་ལ་གནོད་གཞིའི་གནས་ཚུལ་མི་བདེན་རྫུན་བསྒྲིགས་ཀྱིས་མཁོ་སྤྲོད་བྱས་པ།”
གང་ལྟར་གསང་མྱུལ་བ་བཟུང་མཁན་དེ་གཉིས་ཀྱིས་ཇི་ལྟར་དང་། གང་དུ། སོགས་གསལ་ཁ་དགོས་པ་འདུག དེ་མིན་གོང་དུ་དྲ་མཆན་པས་འགས་བཤད་པ་ལྟར་དེ་སྔོན་གསར་འབྱོར་མང་པོ་ཞིག་ལ་བདེན་པ་ཡིན་མིན་ཐག་མ་ཆོད་བཞིན་དུ་བདེ་སྲུང་གིས་བཙིར་ཚར་བ་རེད།
སྤྱིར་རྡ་སའི་གཡས་གཡོན་གྱི་ལས་ཁུངས་ཁག་ནང་རྒྱ་ནག་གི་ཆེད་ཕྱག་ལས་གནང་མཁན་གང་འཚམས་ཡོད་པ་འདྲ། འདིའི་སྐོར་མངའ་རིས་རིན་པོ་ཆེས་གསལ་པོར་གསུངས་འདུག http://www.youtube.com/watch?v=4Mxc8sPNJog བརྙན་འཕྲིན་འདིའི་སྐར་ཆ་ 0:09:11 ནས་གཟིགས་རོགས།
གསེར་འབྲུག་སྡེར་ལྔ་
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
གུང་ཁྲན་འདི་སྤྱང་པོ་ཞེ་པོ་གཅིག་རེད་ཡ། བོད་པས་བོད་པ་འཇུ་བཟུངས་བྱེད་དུ་འཇུག་གི་ཡོད་པ་རེད། བཙན་བྱོལ་གྱིས་བོད་ནས་ཡོང་བའི་རྒྱའི་མྱུལ་མ་འཇུ་བཟུངས་དང་བོད་ནང་བཙན་བྱོལ་ཚོས་བཏང་བ་རེད་མདོག་གིས་བོད་པ་འཇུ་བཟུངས་བྱེད་ཀྱི་ཡོད་པ་རེད། ཡང་སྙིང་གཉིས་ཀས་བོད་པ་མ་གཏོག་རྒྱ་རིགས་གཅིག་ཀྱང་འཇུ་བཟུངས་མ་ཐུབ་པ་དེ་རེད། འདིས་བོད་པས་བོད་པ་མེད་པ་བཟོ་རྒྱུའི་གུང་ཁྲན་གྱི་གཡོ་ཇུས་ཀྱི་འཁྲབ་སྟོན་ཆུང་ཆུང་གཅིག་རེད། འཁྲབ་སྟོན་འདིའི་ནང་མགོ་བརྒྱུད་བསྡད་པའི་བདེ་སྲུང་གིས་རྒྱ་མི་གཅིག་འཇུས་པ་ལྟ་བུའི་དཔའ་སྐད་བསྒྲོགས་ཀྱིན་པ་རེད།
གང་ལྟར་གནས་ཚུལ་བརྒྱུས་ལོན་ཡག་པོ་བྱས་ནས་བོད་པ་ཞིག་ཡིན་པའི་ཆ་ནས་ཐག་གཅོད་ཚུལ་ལྡན་བྱེད་དགོས་པ་རེད་མ་གཏོག་གྱོང་རྒུད་དེ་བོད་མི་རིགས་འཕོགས་ཡོང་། རྒྱ་གཞུང་གིས་ཁོ་ཚོའི་བླུ་བྲིད་འོག་ཚུད་པའི་བོད་རིག་གཅིག་བཙན་བྱོལ་ཚོས་འཇུ་བཟུངས་བྱས་ཡོད་ན་དམར་གསོད་བཏང་ན་ཡང་དགའ་བསུ་ཞུ་རྒྱུ་གདོན་མི་ཟ་བ་རེད།
ཀརྨ་རྡོ་རྗེ།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
༡༩༨༠ ལོར་ནག་ཆུ་ས་ཁུལ་ལྷ་རི་རྫོང་མཚོ་ར་ཤང་ཁོངས་སུ་སྐྱེས་པའི་གསང་མྱུལ་བ་སྤེན་པ་ཚེ་རིང་ཟེར་བའི་གནས་ཚུལ་འདིས་ག་རེ་མཚོན་ནམ་ཞེ་ན། དེའི་ཁུལ་གྱི་རྒྱ་རིགས་ལས་བོད་རིགས་སྡུག་ག་ཡོད་པའི་མངོན་རྟགས་གསལ་སྟོན་བྱས་རེད། བོད་མིའི་ཞབས་འདྲེན། རང་གི་ཕ་མའི་རྐང་འདྲེན། མ་རབས་ཐ་ཞལ་ཡིན་པར་ངོས་འཛིན་དང་ངོ་རགོལ་མཐར་ཕྱིན་བྱེད་དགོས་སོ། །
འཇམ་གཅེས །
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
དོ་བདག་རང་ཉིད་ཀྱིས་དཔང་རྟགས་དང་བཅས་པར་ཁས་བླངས་ཟིན་པས་ཡོངས་ཁྱབ་གསལ་བསྒྲགས་ལ་ཡིད་ཆེས་མེད་ཟེར་མཁན་དག་ལ་དགོས་པ་དམིགས་བསལ་གང་འདྲ་ཡོད་མིན་ཞིབ་འཇུག་དགོས་གལ་ཆེ། རྒྱ་མིའི་མྱུལ་མ་གཅིག་ལས་ག་ལ་ཚད་ངོ་བོ་དང་རྣམ་པར་འདྲ་མིན་ཐོག་ནས་དང་ཚོགས་སྡེ་འདྲ་མིན་དང་ཁོར་ཡུག་འདྲ་མིན་ལས་གནས་འདྲ་མིན་ནང་གནས་ཡོད་ངེས་རེད་དྲན་དཔེར་ན་དེ་རིང་གནས་ཚུལ་དང་འབྲེལ་ནས་ལོག་བཤད་མཁན་འདི་དག་ལ་ཡང་དོག་གནས་ཅིའི་ཕྱིར་མེད་པ་ཡིན་ནམ་
སོག་ཤོད་བསོད་ནམས།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
ཡང་གསར་འབྱོར་ཞིག་གི་མགོ་ཐོག་ལ་སྦྱོང་བརྡར་ལག་བསྟར་བྱས་འདུག སྦྱོང་བརྡར་དེའི་ཆེད་དུ་གསར་འབྱོར་གཞན་འགའ་འགའ་ཡང་བེད་སྤྱོད་བཏང་འདུག འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་པ་ག་ཚོད་འཇུས་ཡོད། ཅིག་ཅིག་གསང་མྱུལ་བ་རེད། མིག་མིག་ལ་དོགས་གཞི་འདུག་ཅེས་ཉེས་མེད་ཉེས་འདོག་ག་ཚོད་ཅིག་བྱས་ཡོད། ནག་ཉེས་སྤུ་ཙམ་མེད་པའི་གསར་འབྱོར་ཉམས་ཆུང་ག་ཚོད་ཅིག་བདེ་སྲུང་ནང་སྐད་བཏང་སྟེ་རྔམ་རྔམ་རྫིག་རྫིག་བྱས་ཏེ་དོགས་འདྲི་བྱས་ཡོད།
ངས་ག་ལེར་འདིའི་སྐོར་ལ་རྩོམ་ཡིག་རྒྱས་པ་ཞིག་འདྲི་དགོས་བསམ་བསྡད་ཡོད། ང་རང་གིས་ངོ་ཤེས་པའི་མི་བཞི་ལྔ་ཞིག་ལ་བདེ་སྲུང་གིས་དོགས་འདྲི་དང་འཇིགས་སྣང་སྐུལ་འདུག དེང་སྐབས་རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ཏུ་ཡོད་མཁན་མང་པོ་ཞིག་གིས་མིང་ཆལ་འཁུར་དགོས་བྱུང་ཡོད། འགའ་རེས་བོད་ནང་ལོག་ཕྱིན་ནའང་མིང་ཆལ་འདྲ་མིན་ཞིག་གི་འོག་ནས་སྤྱི་ཚོགས་ནང་དཀའ་ངལ་འཕྲད་ཀྱི་ཡོད། འདི་དག་སུས་བཟོས་པ་རེད།
གོ་ཐོས་སུ་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་དང་ཚོགས་པ་སྒྲིག་འཛུགས་རེ་ཟུང་ནང་གི་མི་མགོ་མཐོ་མཐོ་བྱེད་མཁན་བརླག་མི་འཁེལ་བའི་རིགས་ཚོགས་པ་དེའི་འགན་འཛིན་གྱིས་བདེ་སྲུང་དང་འབྲེལ་བ་ཞུས་ཏེ་མི་དེ་ལ་དོགས་གཞི་ཡོད་ཚུལ་དང་རྒྱ་ནག་གི་གསང་མྱུལ་བ་ཡིན་ཚུལ་སོགས་བཤད་དེ་བདེ་སྲུང་ལ་སྐད་གཏོང་དུ་འཇུག་གི་ཡོད་པ་དང་། བདེ་སྲུང་གིས་ཀྱང་ཞེ་བོ་ཅིག་ལག་ཏུ་ཚུད་ཡོད་མདོག་མདོག་གིས་འདྲི་རྩད་སྣ་ཚོགས་བྱེད་ཀྱིན་ཡོད།
འོ་ཐིགས།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
ང་ཚོས་ལག་ཟིན་བྱུང་བའི་གསང་ཉུལ་བ་གཅིག་དེ་ཁོ་ན་མ་ཡིནན་པར། ཁོ་དང་ལག་འབྲེལ་བྱེད་མཁན་གྱི་གདོང་འབགས་ཅན་དེ་སུ་ཡིན་འཚལལ་དགོས་པ་རེད།
ད་དུང་དོག་ཟོན་བྱེད་དགོས་པ་ཞིག་ལ་རྒྱ་ནག་གིས་ཉོས་ཟིན་པའི་རྒྱུག་ཁྱི་ལ་ལའི་ལས་ཀ་ནི། འབྲེལ་ཡོད་དྲ་རྒྱ་ཁག་ཏུ་མཆན་འབྲི་ནས། སྤྱི་ཚོགས་རྙོག་ཟིང་གིས་གཏོང་རྑྱུ་དེ་ཡིན་འདུག་སྐོར་ཡང་གོ་རྒྱུ་འདུག འབྲི་དུས་རྒྱུ་མཚན་འདྲེན་པ་དང་། ཞེན་ཁོག་དང་ལ་རྒྱ་ཡོད་ཁུལ་བྱེད་ཀྱང་། དོན་གྱི་གཙོ་བོ་དེ་གང་ཞིག་དགག་པ་དང་འཕུང་དཀྲུག་གིན་ཡོད་པས་ཡིད་གཟབ་བྱེད་དགོས། རྑྱུགས་ཁྱི་འདི་རིགས་གཙོ་ཆེ་བ་མཁས་པ་དང་ཡོན་ཏན་པའི་གྲས་སུ་ཡོད་པས། ཐེར་འདོན་བྱེད་སླ་བོ་མེད་པ་འདྲ།
Dawai Shonu
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
དྲ་གྲོགས་ཚོ། བཙན་འབྱོལ་གཞུང་ལ་གསང་ཉུལ་བྱེད་དགོས་པའི་གསང་བ་ཅི་ཡང་མེད། འོ་ན་རྒྱ་དམར་གཞུང་གིས་བོད་ནས་བོད་མི་མང་པོ་གསང་ཉུལ་དུ་གཏོང་དགོས་དོན་གང་རེད་ཅེ་ན། བཙན་འབྱོལ་སྤྱི་ཚོགས་ནས་ཟིང་ཆ་རློང་བ་དང། ཡུལ་མི་དང་བོད་མི་གཉིས་བར་གྱི་འབྲེལ་བ་གཏོར་བཤིག་གཏོང་རྒྱུ། རྒྱ་གར་གཞུང་གིས་བོད་མིར་ལྟ་ཕྱོགས་ངན་པ་བཟོ་བའི་ཕྱིར་དུ་གསར་བྱོར་སོ་བ་ཚོས་བཙན་འབྱོལ་སྤྱི་ཚོགས་ནང་སྤྱོད་ངན་ཁྲབ་དུ་གཏོང་གི་ཡོད་རེད།

རྒྱ་ནག་གི་སོ་ཉུལ་འཇུ་བཟུང་བྱས་ན་དེ་ལ་མི་དགའ་བྱེད་དགོས་དོན་མེད། གལ་སྲིད་དེ་ལ་མི་དགའ་ན་སོ་སོ་ཡང་བཙན་འབྱོལ་སྤྱི་ཚོགས་ནང་ཟིང་ཆ་རློང་མཁན་གྲས་ཡིན་པ་རེད།
བྱ་གཞུང་དཔལ་རྡོར།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
དུས་བབ་ཀྱི་གསར་འགྱུར་ནང་གནས་ཚུལ་གཅིག་ཁ་གསལ་མི་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནང་དུ་རྒྱ་དཔོན་དེས་ཁོ་པར་མི་གཉིས་དུག་སྤྲད་ནས་གསོད་པར་མངགས་པའི་མི་གཉིས་དེ་ཁོ་བ་རྩིས་སྤྲོད་མཁན་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་རེད། དེ་དུས་བབ་ནང་ཁ་གསལ་མི་འདུག གཉིས་པ་དེ་ཁོ་པས་མི་འདི་གཉིས་གསོད་དགོས་དོན་གང་ཡིན་ནམ། དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནང་གསལ་ཁ་མི་འདུག གསར་འགྱུར་འདི་དག་ཁ་ཚང་པོ་ཞིག་ཁྱོན་ནས་མི་འདུག གཞན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཕྱི་གསལ་ནང་གསལ་ཡིན་ནའང་ཕར་ཕྱོགས་རྒྱ་མིའི་ཕྱོགས་ནས་བོད་མི་ཚོས་དྲག་སྤྱོད་སྤེལ་མིན་ལ་དོགས་པ་ཡོང་གི་རེད། ལྷག་པར་དུ་རྒྱ་མིའི་དཔོན་པོ་དེ་ཚོས་དོགས་པ་ཡོང་གི་རེད། གང་ལྟར་ཉིས་སྟོང་བརྒྱད་ཀྱི་རྗེས་སུ་ཁོང་ཚོ་དོགས་པ་ཇེ་ཆེར་གྱུར་ཡོད་པས་ཁོ་པ་ཉིས་སྟོང་དགུ་ལོར་བཏང་འདུག་
བདེན་པའི་མེ་ལྕེ།
༢༠༡༣/༠༥/༢༤ ཉིན་འདོན་སྤེལ་བྱས།
དང་ཐོག་ཁོ་ཚོ་གསུམ་གྲོགས་པོ་ཆགས། དེ་ནས་ཁོ་ཚོ་གསུམ་ནང་ཁུལ་མ་མཐུན་པ་བྱུང། མཐའ་མ་མི་གཅིག་སོ་པ་རེད་ཟེར་ནས་འཐེར་འདོན་བྱས། ཕྱོགས་གང་ནས་ལྟས་ཀྱང་གསལ་ཚུལ་དེ་ཡ་མཚན་སྐྱེས་དགོས་པ་ཞིག་འདུག བཀྲ་ཤིས་དོན་གྲུབ་དང་ཀརྨ་ཡེ་ཤེས་ཟེར་བ་དེ་གཉིས་ཀྱང་བོད་ནང་མི་གསོད་ཁྲག་སྦྱོར་བྱས། རྒྱའི་བཙོན་ཁང་ནང་ཡོད་བཞིན་དུ་འདིར་སླེབས་པ་ཞིག་ལས། སྤྱིར་བཏང་བ་ཞིག་བྱས་ནས་འདིར་སླེབས་པ་ཞིག་གཏན་ནས་མ་རེད།
སོ་པ་འཛིན་མཁན་གཉིས་ཀྱིས་གཞན་པ་དེ་སོ་པ་ཡིན་པ་ཅི་ལྟར་ཤེས་པ་རེད་དམ། 
སོ་པས་དྲག་སྤྱོད་སྤེལ་ས་དེ་གཞན་སུ་ཞིག་ཀྱང་མ་ཡིན་པར་བཀྲ་ཤིས་དོན་གྲུབ་ཟེར་བ་དེར་རེད་འདུག དེ་འདྲ་སོང་ཙང། འདྲི་རྒྱུ་ཞིག་ལ། དྲག་སྤྟོད་སྤེལ་ཡུལ་དེ་བཀྲིས་དོན་གྲུབ་ཡིན་དོན་ཅི། བཀྲ་ཤིས་དོན་གྲུབ་ཀྱིས་ཁོ་སོ་པ་ཡིན་པ་ཇི་ལྟར་ཤེས་པ་རེད། ང་ཚོས་ཕྱོགས་གཅིག་གཅིག་པུ་ལ་ལྟས་ནས་མ་བསྡད་པར། ཕྱོགས་མང་པོ་ཞིག་ནས་ལྟ་དགོས་པ་གལ་ཆེར་མཐོང།
ཤོག་གྲངས་: [༡] [རྗེས་མ།]
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།