རྒྱ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་གྲུབ་འབྲས།

འདོན་སྤེལ། ༢༠༡༣/༠༥/༢༩

ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུཊ་གྲུབ་འབྲས་རྒྱ་གར་རྒྱལ་ཡོངས་སློབ་མའི་བརྒྱ་ཆ་ལས་མཐོ་བ་ཆགས་ཡོད་ཀྱང་། བོད་པའི་སློབ་གྲྭ་ཁག་གི་རྒྱུགས་འབྲས་སྔར་ལོ་དང་བསྡུར་ན་ཅུང་སྐྱོ་རུ་ཕྱིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་ལྟར། འདི་ལོའི་ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་<སློབ་གྲྭ་ ༡༦ ནས་ཁྱོན་སློབ་ཕྲུག་ ༡༦༡༦ མཉམ་ཞུགས་གནང་ཡོད་པ་དང་། དེའི་ཁྲོད་ཡིག་རྒྱུགས་འཕྲོད་ཟིན་པའི་སློབ་མ་ ༡༤༡༡ དང་། སློབ་ཚན་རེ་རེར་བསྐྱར་རྒྱུགས་གཏོང་དགོས་མཁན་ ༡༥༨ ། ཡིག་རྒྱུགས་མ་འཕྲོད་མཁན ༤༧ བཅས་ཡིན་འདུག 

རྒྱ་གར་རྒྱལ་ཡོངས་སློབ་མའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༢། ༡༠%  དང་། བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༧།༣༡% ཡིན་འདུག བརྒྱ་ཆའི་ཆ་ནས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་མའི་ཡིག་རྒྱུགས་ལས་བརྒྱ་ཆའི་% ཙམ་མཐོ་བ་ཡིན་ཡང་། སྔར་ལོ་དང་བསྡུར་ན་བོད་པའི་སློབ་གྲྭ་ཁག་ལས་བརྒྱ་ཆ་% ཙམ་གྱིས་སྐྱོ་རུ་ཕྱིནཡོད་འདུག  

ཐེངས་འདིའི་ཡིག་རྒྱུགས་ཁྲོད་ཁྱོན་བུ་ ༧༩༨ འཛུལ་ཞུགས་བྱས་པས་ལས་ ༦༨༦ རྒྱུགས་འཕྲོད་ཡོད་པ་དང་། བུ་མོ་ ༨༡༥ འཛུལ་ཞུགས་བྱས་ཡོད་པ་ལས་ ༧༢༥ རྒྱུགས་འཕྲོད་དེ། བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༥།༩༦% དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༨།༦༣% ཡིན་སྟབས། བུ་མོ་བུ་ལས་བརྒྱ་ཆ་ ༢།༥% ཙམ་མཐོ་བ་ཡོད་འདུག  

སློབ་ཚན་རེ་རེའི་གྲུབ་འབྲས་རྩེ་ཕུད་ཐོག་འབྱུང་རིག་སྡེ་ཚན་གྱི་ཨང་དང་པོ། མཱ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད། བརྒྱ་ཆ་ ༩༥།༤% བླངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོག་མ་ལེན་མཁན་དེ་ཆགས་ཡོད་འདུག ཚན་རིག་སྡེ་ཚན་གྱི་ཨང་དང་པོ། སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་མ་འཕྲིན་ལས་ཚེ་རིང་། སྐར་གྲངས་བརྒྱ་ཆ་ ༩༢།༨% དང་། ཚོང་ལས་སྡེ་ཚན་གྱི་ཨང་དང་པོ། མཱ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིན་ལས། སྐར་གྲངས་བརྒྱ་ཆ་ ༩༠།༤% ། བོད་ཡིག་གི་གྲུབ་འབྲས་ཨང་དང་པོ། སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཟླ་བ། སྐར་གྲངས་བརྒྱ་ཆ་ ༩༩% བཅས་ཡིན་འདུག

འབྱུང་རིག་སྡེ་ཚན་གྱི་རྩེ་ཕུད་དེ་གྷོ་པ་པུར་བོད་ཁྱིམ་ཆགས་ཡོད་ཅིང་། སློབ་མ་ཡོངས་ཀྱིས་ཡིག་རྒྱུགས་འཕྲོད་ཡོད་པ་མ་ཟད། ཆ་སྙོམས་བརྒྱ་ཆ་ ༦༨།༥% དང་། ཚོང་ལས་སྡེ་ཚན་གྱི་རྩེ་ཕུད་མཱ་སུ་རི་བོད་ཁྱིམ་ཡིན་པ་དང་། སློབ་མ་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཡོད་པ་མ་ཟད། ཆ་སྙོམས་བརྒྱ་ཆ་ ༧༥།༢༦% ཡིན་འདུག ཚན་རིག་སྡེ་ཚན་གྱི་རྩེ་ཕུད་སེ་ལ་ཀོལ་བོད་ཁྱིམ་ཡིན་པ་དང་། སློབ་མ་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཡོད་པ་མ་ཟད། ཆ་སྙོམས་བརྒྱ་ཆ་༨༢།༤༡% བཅས་ཡིན་འདུག

སློབ་གྲྭ་ཁག་ལས་འབྱུང་རིག་སྡེ་ཚན་གྱི་གྲུབ་འབྲས་སྐྱོ་ཤོས་མཱ་སུ་རུ་གཏན་སློབ་དང་། ཚན་རིག་སྡེ་ཚན་གྱི་གྲུབ་འབྲས་སྐྱོ་ཤོས་མཱ་སུ་རུ་གཏན་སློབ། ཚོང་རིག་སྡེ་ཚན་ཐོག་གྲུབ་འབྲས་སྐྱོ་ཤོས་ངྷ་སྟེང་བོད་ཁྱིམ་བཅས་ཡིན་འདུག

ཐེངས་འདིའི་གོ་སྐབས་འདི་བརྒྱུད་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་སུ། ཐེངས་འདིའི་གྲུབ་འབྲས་ཐོག་ལྟ་ཚུལ་གང་ཡོད་དྲིས་པར་ཁོང་གིས།ང་ཚོའི་ངོས་ནས་སྤྱི་ཡོངས་ཀྱི་སློབ་གྲྭ་ཁག་གི་གྲུབ་འབྲས་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་མེད་ཀྱང་། གཙོ་བོ་འཛིན་རིམ་ ༡༢ ཡིག་རྩལ་གྲུབ་འབྲས་དེ་གཞི་བཞག་ས་གཙོ་བོ་ཞིག་ཆགས་ཡོད་པ་རེད། འདི་ལ་བརྟེན་ནས་ང་ཚོས་སློབ་གྲྭ་ཁག་གི་ཤེས་ཡོན་སྤུས་ཚད་གང་འདྲ་ཡིན་མིན་ཚོད་དཔག་བྱེད་ཐུབ་ཀྱི་རེད། སྔར་ལོ་དང་བསྡུར་ན་སྐྱོ་བོ་རེད། སྔར་ལོ་ཡིག་ཚད་འཁྱོལ་མཁན་མང་པོ་ཆགས་ཡོད་པ་རེད། སློབ་གྲྭ་ཁག་ལ་མཚོན་ན་སྔར་ལོ་ཡིག་ཚད་བརྒྱ་ཆའི་བརྒྱ་འཕྲོད་མཁན་གྱི་སློབ་གྲྭ་ ༦ བྱུང་ཡོད་པ་རེད། འདི་ལོ་སློབ་གྲྭ་ ༣ ལས་མི་འདུག་ལ། ཡིག་ཚད་ཁུངས་མ་འཁྱོལ་མཁན་ད་ལོ་མང་བ་འདུག སློབ་ཚན་རེ་རེའི་ཐོག་བསྐྱར་རྒྱུགས་གཏོང་དགོས་མཁན་ཡང་ད་ལོ་མང་བ་འདུག ང་ཚོའི་ངོས་ནས་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་སྟངས་དེ་རྒྱུགས་འབྲས་ལ་བལྟས་ཏེ་ཚད་འཇལ་གྱི་ཡོད། ཅེས་བརྗོད་བྱུང་

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྔར་ལོ་བོད་པའི་སློབ་གྲྭ་ཁག་ཏུ་ཡིག་རྒྱུགས་ཁྲོད་ཞུགས་མཁན་གྱི་སློབ་མ་གྲངས་ ༡༢༨༦ ཡོད་པ་ལས། ཡིག་རྒྱུགས་འཕྲོད་པའི་སློབ་མ་གྲངས་  ༡༡༧༧ དང་། མ་འཕྲོད་པའི་སློབ་མ་གྲངས་ ༢༧། སློབ་ཚན་གཅིག་གི་ཐོག་བསྐྱར་རྒྱུགས་གཏོང་དགོས་མཁན་ ༨༢ བཅས་དང་། སྤྱི་ཡོངས་ཀྱི་བརྒྱ་ཆ་ ༩༢།༥༧% ཡིན་འདུག འདི་ལོ་སློབ་མ་གྲངས་ ༡༦༡༦ ཡིག་རྒྱུགས་ཁྲོད་ཞུགས་ཡོད་པ་ལས་རྒྱུགས་འཕྲོད་མཁན་ ༡༤༡༡ དང་། མ་འཕྲོད་མཁན་ ༤༧ ། སློབ་ཚན་གཅིག་གི་ཐོག་བསྐྱར་རྒྱུགས་གཏོང་མཁན་ ༡༥༨ ། སྤྱི་ཡོངས་ཀྱི་བརྒྱ་ཆ་ ༨༧།༣༡% བཅས་བརྒྱ་ཆའི་ཐོག་ནས་བར་ཁྱད་བྱུང་ཡོད་པ་མ་ཟད། སྔར་ལོ་བོད་པའི་སློབ་གྲྭ་ཁག་ ༦ གིས་བརྒྱ་ཆ་བརྒྱའི་ཡིག་ཚདའཕྲོད་ཡོད་ཀྱང་། འདི་ལོ་ཡིག་རྩལ་བརྒྱ་ཆའི་བརྒྱ་འཁྱོལ་མཁན་སེ་ལ་ཀོལ་བོད་ཁྱིམ་དང་ནེ་རོ་དྲན་རྟེན་ཐེབས་རྩ་སློབ་གྲྭ གྷོ་པ་པུར་བོད་ཁྱིམ་བཅས་ ལས་མེད་<སྟབས། སྤྱི་ཡོངས་ཀྱི་ཆ་ནས་འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཏེ་ལོ་སྔོན་མ་ལས་སྐྱོ་བ་ཆགས་ཡོད་དུག

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༡༧༨༠ ལ་བཀླགས་འདུག
རིག་པ་འདོན་པ།
Dawai Shonu
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
ཡིག་རྒྱུགས་གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་ཕྲུག་རྣམས་ལ་སྟོད་བསྔགས་ཀྱི་མེ་ཏོག་གཏོར་བ་དང་ཆབས་ཅིག ཁྱེད་རྣམ་པས་མུ་འཐུད་སློབ་སྦྱོང་ག་ལེགས་གནང་སྟེ་མ་འོངས་པར་བོད་མི་གཟེངས་སུ་ཐོན་པ་ཞིག་ཆགས་དགོས་པ་ལས། མཐོ་སློབ་ཐོན་ཙམ་བྱས་ལས་ཁུངས་ཞིག་ནང་ལས་དྲུང་ངམ་རྩིས་པ་ལྟ་བུ་ཞིག་ཆགས་རྒྱུའི་དམིགས་ཡུལ་མ་ཟིན་རོགས་ཞེས་རེ་སྐུལ་ཞུ་རྒྱུ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།