གཞོན་ནུའི་ལངས་ཕྱོཊ་ལ་འགྱུར་བ་བཏང་ཉིན། སྔར་རྒྱུན་བཞིན་འཕྱར་གྲུ་མཉམ་འདེཊ་ཡོད།

འདོན་སྤེལ། ༢༠༡༣/༠༥/༣༡

ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་གཙོས་པའི་ས་གནས་གཞོན་ནུ་ཁག་ ༨ ཀྱིས་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར། གཞོན་ལྷན་གྱི་བོད་རང་བཙན་སླར་གསོའི་ལས་འགུལ་ཁག་ནང་མཉམ་ཞུགས་བྱ་རྒྱུ་མིན་པ་དང་། ད་རེབ་ཚོགས་འདུར་ཡང་མུ་མཐུད་བཅར་རྒྱུ་མིན་པའི་དགོངས་པ་ཞུས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉིན་གསུམ་པ་སྟེ་ཚེས་ ༢༩ ཉིན་གྱི་སྔ་དྲོར། ཚོགས་ཐོག་ཏུ ‘བོད་རང་བཙན་འཐབ་རྩོད་ཆེད་ལས་འགུལ་སྤེལ་ཕྱོགས་སྐོར’ ཅེས་པའི་གྲོས་གཞིའི་ཐོག་བགྲོ་གླེང་གནང་སྐབས། ཚོགས་མི་མང་པོ་ཞིག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡང་། ཚོགས་དྲུང་དང་ཚོགས་འདུར་སྟངས་འཛིན་གནང་མཁན་དག་གིས་ཚོགས་ཞུགས་པ་ཚོར་བསམ་ཚུལ་ལྷུག་པོར་བཤད་མ་བཅུག་པར་མང་མོས་ཐག་གཅོད་བྱེད་རྩིས་བྱས་སྐབས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་མོན་གྷོ་ཊི། ཀོ་ལི་གལ།  ཧུང་སུརལ་དྭགསསླེ། ཌལ་ཧོར། སྤོན་ཌོ། བྷིང་ལོར་བཅས་ཀྱི་ས་གནས་ ༨ ཀྱི་གཞོན་ནུའི་ཚོགས་བཅར་བ་ ༣༤ ཙམ་ཚོགས་འདུ་ནས་ཕྱིར་འཐོན་<ཡོད།

དེའི་རྗེས་ཚོགས་འདུ་ལས་ཕྱིར་འཐོན་པའི་ཚོགས་བཅར་བ་རྣམས་ཚོགས་ཁང་གི་ཕྱི་ལོགས་སུ་ཚོགས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་དུ་འགྱུར་བ་གཏོང་དགོས་པའི་ལངས་ཕྱོགས་བརྟན་པོར་བཟུང་ཐོག ཁ་སང་ཕྱི་ཚེས་ ༣༠ ཉིན། ད་རེབ་ཚོགས་འདུར་མུ་མཐུད་བཅར་རྒྱུ་མིན་པ་དང་། གཞོན་ནུའི་ལངས་ཕྱོགས་དབུ་མར་མ་བསྒྱུར་བར་གཞོན་ནུའི་རང་བཙན་ལས་འགུལ་དག་ལ་མཉམ་ཞུགས་ཞུ་རྒྱུ་མིན་པའི་དགོངས་འཁྲོལ་ཞུ་ཡིག་ཅིག་གཞོན་ནུའི་ཚོགས་གཙོ་དང་དབུས་རྒྱུན་ལས་ཁུངས་ལ་ཕུལ་ཡོད་འདུག 

དགོངས་ཞུའི་ཡི་གེ་ནང་བཀོད་དོན། “ ད་ལམ་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་༡༥་ཐོག་དུས་ཚོགས་བཅར་བ་ས་གསན་སྦེལ་ཀོབ། ཀོ་ལི་གལ། ཧོན་སུར། མོན་གྷོ། ཌལ་ཧོར། ལ་དྭགས་སླེ། སྤོན་ཌོ༼མན་བྲི༽། སྦེང་ལོར་མཐོ་སློབ་བཅས་ནས་ཞུ་གསོལ་སྙིང་དོན། ཚོགས་འདུ་སྔ་སྣུར་དང་འབྲེལ་བའི་གྲོས་གཞི་དོན་ཚན་དང་པོའི་གནད་དོན་ཐད་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཏན་འབེབས་གནང་བའི་གྲོས་ཚོད་དོན་ཚན་གསུམ་འདོན་གནང་དང་སྦྲགས་ཚོགས་འདུའི་ནང་གྲོས་བསྡུར་སྦྱང་བཤད་གང་ཡང་མེད་ཐོག་ཚོགས་ཆེན་ནང་གྲོས་ཆོད་ཚན་གསུམ་པོ་དེ་དག་དབྱེ་འབྱེད་ཡེ་ནས་མེད་ཐོག་མང་ཤོས་ཀྱི་ལམ་ནས་ཐད་ཀར་ཐག་གཅོད་གནང་བ་ལས་འགག་བྱ་འདོན་མཁན་ལ་གོ་སྐབས་རྩ་བ་ནས་གནང་མེད་པ་དེ་ལྟར་ཚོགས་བཅར་ཡོངས་ཀྱི་དགོངས་པའི་མངའ་གསལ་ཡིན། གནད་དོན་འདིའི་ཐད་གུས་གོང་གསལ་ཚོགས་བཅར་བ་རྣམས་ཤིན་ཏུ་ནས་བློ་ཕམ་བྱུང་བ་མ་ཟད་གོང་གསལ་ས་གནས་ཀྱི་རྒྱ་ཆེའི་ཚོགས་མི་རྣམས་ཀྱི་རྩ་ཆེའི་བསམ་ཚུལ་འབུལ་རྒྱུའི་གོ་སྐབས་མ་སྩལ་བར་དེ་བས་ཧ་ཅང་གི་ཡོད་སྐྱོ་བྱུང་ 

ལྷག་པར་དུ་ས་གནས་སོ་སོའི་ནང་ཚོགས་སྔ་སྣུར་དང་འབྲེལ་བའི་གྲོས་གཞིའི་ཐོག་སྦྱང་བཤད་ལྷུགས་པོ་བགྱིས་འབྲས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་
 ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འབྱུང་འགྱུར་འཐབ་རྩོད་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཞིབ་ཕྲ་ཕེབས་པས་དགོངས་དོན་ཚོགས་མི་རྣམས་ནས་བགྲོ་གླེང་དང་དཔྱད་པ་མཐིལ་ཕྱིན་གྱིས་ངེས་པ་རྙེད་པའི་ཐོག་ད་ལྟའི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་འགྱུར་བ་ངེས་གཏོང་དགོས་གལ་མཐོང་བ་སྤྱི་མོས་ཐག་གཅོད་བྱུང་ཡོད་པར་ལགས་ན། ད་རེ་ཚོགས་ཆེན་ཉིན་གསུམ་པའི་གྲོས་གཞི་དོན་ཚན་བཞི་པ།ཀ༽བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག  བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཐད་ ཚོགས་འདུའི་ནང་མཉམ་ཞུགས་ཀྱི་ས་གནས་སོ་སོའི་བསན་ཚུལ་འབུལ་རྒྱུ་དང་སྦྱང་བཤད་ཞུ་རྒྱུའི་འདུན་པ་དང་གྲ་བསྒྲིགས་ཡོད་ཀྱང་ ཚོགས་ཆེན་སྔ་སྣུར་དང་འབྲེལ་བའི་ཐོག་གོང་དུ་ཞུས་པ་བཞིན་གྲོས་ཆོད་གསུམ་གཏན་འབེབས་ཟིན་པ་ལགས་ན། གོང་གསལ་ས་གནས་རྣམས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བརྩི་མཐོང་དང་གུས་བཀུར་འོག་ཚོགས་དྲུང་མཚན་འཁོད་ས་གནས་རྣམས་ནས་མཉམ་ཞུགས་ཐུབ་ཐབས་བྲལ་བས་ཚོགས་འདུ་ནས་དགོངས་འཁྲོལ་མ་ཞུ་ཀ་མེད་བྱུང་བས་ལངས་ཕྱོགས་ཀྱི་རྐྱེན་པས་ཕྲོས་ལྷག་ཚོགས་འདུའི་ནང་མུ་མཐུད་བཅར་ཐབས་བྲལ།

དགོངས་པ་ཆེ་བཞེས་ཀྱིས་ཐུགས་མངའ་ཡོང་བ་ཞུ་རྒྱུ་དང་ སྤྱི་ཁྱབ་དབུས་རྒྱུན་གྱི་སྐུ་ཚབ་དང་ཚོགས་བཅར་བ་རྣམ་པའི་སྐུ་ཚབ་གཉིས་བཅས་ཆེད་ཕེབས་ཀྱི་གུས་རྣམས་ལ་ཚོགས་བཅར་མཉམ་ཞུགས་ཡོང་བའི་རེ་སྐུལ་གནང་བ་ལ་བཅོས་མིན་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་གོང་གསལ་གནད་དོན་རྐྱེན་པས་ཚོགས་བཅར་ཞུ་ཐབས་བྲལ་ན་དགོངས་འགལ་ཅི་གནས་མི་གནང་བ་ཞུ། ད་རེ་སྐབས་ ༡༥ ཚོགས་ཆེན་འདིའི་ལས་རིམ་ཆ་ཚང་ལམ་ལྷོང་འཐུས་ཚང་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ། གུས་པ་ས་གནས་ཁག་ནས་འཐབ་རྩོད་དང་འབྲེལ་བའི་ལས་འགུལ། ཆོས་དང་རིག་གཞུང་ སྤྱི་ཚོགས་ཞབས་ཞུ་ལ་སོགས་སྔར་རྒྱུན་བཞིན་མུ་མཐུད་འགན་འཁུར་ཞུ་རྒྱུ་ཡིན།  མཐའ་དོན་གོང་གསལ་ས་གནས་རྣམས་ནས་ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ཆེ་མཐོང་དང་བརྩི་བཀུར་དེ་བཞིན་ལས་འགུལ་མཐའ་དག་ལ་འཕྱར་གྲུ་མཉམ་འདེགས་འཐུས་ཚང་ཞུ་ཐུབ་པ་བྱུང་ཡོད། སླད་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཞེངས་ཕྱོགས་འགྱུར་བ་བྱུང་མཚམས་སྔར་ལམ་ལྟར་མུ་མཐུད་འཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་ནམ་ཡང་མེད་པའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ལགས་ན། དེ་དོན་རྣམ་པར་མངའ་བ། མཁྱེན། མཁྱེན། གོང་གསལ་ས་གནས་ཐུན་མོང་ནས” ཞེས་ཚོགས་འདུ་ལས་འཐོན་མཁན་ ༣༤ ཡི་མཚན་རྟགས་བཅས་བཀོད་འདུག

ཤོག་ངོས་འདི་ཐེངས་ ༣༢༢༤ ལ་བཀླགས་འདུག
རིག་པ་འདོན་པ།
འབྲོང་བུ་སོག་ཚ།
༢༠༡༣/༠༦/༠༢ ཉིན་འདོན་སྤེལ་བྱས།
སངས་རྒྱས་ཀྱིས། ཐམས་ཅད་མགུ་བའི་སྤྱོད་པ་ངས་མ་ཤེས། ཞེས་དང་། ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། རྒྱལ་བས་ཀྱང་ནི་མ་མགུ་ན། བདག་འདྲ་ངན་པའི་སྨོས་ཅི་དགོས། ཞེས་གོང་གསལ་ལུང་ལ་གཞི་བཅོལ་ནས་གྲང་ཉུང་བསམ་མེད་རེ་གཉིས་མ་འདོད་པ་བྱུང་རུང་མང་བའི་ཆ་ནས་དངོས་དོན་ལ་ངོས་ལེན་ཡིན་ལུགས་བཞིན་གནང་འདུག་པར་དེ་གའི་འཐུས། ཀླད་མེད་རེ་ཟུང་ཟམ་གདོང་བླ་མའི་གཤིས་ངན་གྱི་བསམ་འཆར་ལ་མགོ་བོ་གདུགས་བཞིན་འཁོར་ནས་ཀུ་ཅོ་འདོན་བཞིན་ལོག་པའི་ལམ་ངན་དུ་མུ་མཐུད་འཕྱན་པར་གྱུར་ཀྱང་སྙིང་རྗེའི་ཡུལ་ལས་མ་འདས། གོ་རང་གིས་མ་ཆོད། སྡུག་ཡུས་ཕ་མར་ཤོད་ཟེར་བའི་དཔེ་ལས་མ་འདས།
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ན་ཚོགས་ཁོངས་ནས་ཐོན་གི་ཡིན་ཟེར་ནས་ཐོན་མཁན་འདི་དག་གིས་ཉིན་ཞིག་དབུ་མའི་ལམ་ཡང་འདོར་སྲིད་པ་རེད།
གང་ཡིན་ཟེར་ན་མི་འདི་དག་ལ་རང་ཚུགས་རྩ་བ་ནས་ཡོད་མ་རེད་ཤག།
བཀྲ་ཤིས་རྡོ་རྗེ།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
འཇིགས་བྲལ་ཟེར་བ་འདི་སྔོན་མ་དབུ་མའི་ལམ་ཤར་ཤར་ཡིན་པ་མ་ཟད། དབུ་མའི་ལམ་ཚང་གི་རྒྱུས་ལས་ལའང་བསྡད་པ་རེད། དེང་སྐབས་ཤིག་ལ་རང་བཙན་ནང་འཚང་ཁ་རྒྱག་གི་འདུག མི་ལ་ལངས་ཕྱོགས་བརྟན་པོ་དགོས། རྟ་ལ་རྒྱུག་ཕྱོགས་བརྟན་པོ་དགོས།
ཤིག།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
ལངས་ཕྱོགས་འགྱུར་བ་བཏང་ཡང་རྒྱ་མི་ང་ཚོས་རང་སྲིད་མ་སྤྲད་ན་ག་རེ་བྱེད་རྒྱུ་ཡིན། ང་ཚོས་ཆོས་གསུམ་གཅིག་དུས་ཀྱི་རང་སྲིད་རང་སྐྱོང་དེ་རྒྱ་མི་མཁས་ལེན་ཞུ་རྒྱུ་མེད་པར་ད་བར་རྐྱོན་འཛུགས་ཁོ་ན་བྱེད་ཀྱི་འདུག།
དོན་འགྲུབ་བཀྲ་ཤིས།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
འཇིགས་བྲལ་བསྟན་འཛིན་ལགས་སུ་ཞུ་རྒྱུར། ཁྱོད་ཀྱི་སྐད་ཆ་འདི་སོ་སོ་རང་ཉིད་ལ་ཚོར་བ་ཆེ་དྲགས་པའི་མཐོང་ཕྱོགས་ཤིག་མིན་འགྲོ། ངས་བསམ་ན། ཨང་དང་པོ་སོ་སོའི་མཁྲིས་ནད་ལ་སྨན་བཅོས་བྱེད་རྒྱུ་ལས་ཐབས་གཞན་ཡོད་པ་མ་རེད་སྙམ།
རྒྱ་རྙི།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་ཀྱི་ཆབ་སྲིད་དང་།རིག་གཞུང་།ནང་ཆོས།ཕྱི་འབྲེལ་སོགས་སྡེ་ཚན་སྣ་མང་ལས་གྲུབ་པའི་ཚོགས་སྡེ་ཞིག་རེད།རང་བཙན་གྱི་ལངས་ཕྱོགས་དོར་ན་ཚོགས་པ་སྒོ་རྒྱག་དགོས་ཚུལ་བཤད་པ་ནི་དབུ་མའི་ལས་འགུལ་ཁང་གི་དབུས་རྒྱུན་ཟུར་བ་འཇིགས་བྲལ་བསྟན་འཛིན་སོགས་མགོ་གཉིས་མ་རེ་ཟུང་གི་འདོད་ཚུལ་ཡིན་པས་མི་འདི་ཚོར་ཆ་འཇོག་ཅིག་གང་ན་གདའ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ནང་དུའང་ཆོས་རིག་འགན་འཛིན་དང་།རིག་གཞུང་འགན་འཛིན།ཕྱི་འབྲེལ་འགན་འཛིན།སྤྱི་ཚོགས་ཞབས་ཞུའི་འགན་འཛིན་སོགས་མང་དགཅིག་ཡོད་པ་འདིས་རང་བཙན་ནི་བོད་གྱི་གཞོན་ནུའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་།གཞོན་ནུའི་སྒྲིག་འཛུགས་ཀྱི་གྲུབ་ཆ་ཞིག་ཡིན་པ་ཤེས་ནུས་པ་ཞིག་རེད། དེ་ལས་ཀྱང་།བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡང་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཞེས་འཁོད་ཡོད་པ་འདི་ཡང་གནད་ཅིག་རེད། མདོ་དོན་བོད་ཀྱི་གཞོན་ནུའི་ལངས་ཕྱོགས་གང་དུ་འགྱུར་ཡང་སྒྲིག་འཛུགས་སྲ་བརྟན་དགོས་པ་འདི་ཧ་ཅང་གལ་ཆེ་བར་མཐོང་བཞིན་ཡོད། འཇིགས་བྲལ་ཟེར་བ་སོགས་དབུ་མའི་ལས་འགུལ་པ་ཡིན་མདོག་བྱེད་པའི་རང་བཙན་ནམ་ཡང་ཐོབ་ཀྱི་མ་རེད་ཅེས་སེར་རའི་ལྷ་ཁང་ནང་གསུངས་མཁན་ཚོས་ཉོག་བཤད་ངོས་ལེན་མེད།
འཇིགས་བྲལ་བསྟན་འཛིན།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
༡ གསར་འགྱུར་འདི་ལས་ཐོན་འགྲོ་མཁན་ཚོ་ཁོ་ནས་ག་རེ་བཤད་ཀྱི་ཡོད་པ་མཐོང་ཐུབ་པ་ལས། ཐོན་མི་འགྲོ་མཁན་ཚོས་ག་རེ་བཤད་ཀྱི་ཡོད་པ་བཏང་མི་འདུག་པས་གསར་འགོད་པས་ཆབ་སྲིད་ལངས་ཕྱོགས་འཛིན་གྱི་ཡོད་པ་མ་རེད་དམ།
༢ གཞོན་ནུ་ཚོགས་པའི་ལངས་ཕྱོགས་དེ་འགྱུར་བ་གཏོང་དགོས་ཡག་གང་ཡང་ཡོད་མ་རེད། རང་བཙན་འཐབ་རྩོད་བྱེད་ཀྱི་མིན་ན་ཚོགས་པ་སྒོ་རྒྱབ་ན་ཡག་ཤོས་རེད། ལས་འགུལ་སྤེལ་མཁན་མེད་པའི་དཀའ་ངལ་ནི་ཡོད་མདོག་མེད། དབུས་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས་ལས་ཁང་ཚང་མ། ཕྱི་རྒྱལ་དོན་གཅོད་ཁག བོད་རིགས་ཚོགས་པ་ཁག བུད་མེད་ཚོགས་པ། ད་དུང་ཟླ་བ་ཚེ་རིང་གིས་དབུ་ཁྲིད་པའི་དབུ་ལམ་ལས་འགུལ་ཁང་སོགས་ཡོད་པ་རེད། དེ་ཚོས་ལས་འགུལ་དང་འཐབ་རྩོད་བྱེད་ཀྱི་ཡོད་མདོག་ཁ་པོ་རེད། གཞོན་ནུའི་ལངས་ཕྱོགས་དབུ་མར་བསྒྱུར་ནས་དབུ་མ་ཡིན་ཟེར་མཁན་ཚོགས་པ་འཐོལ་བ་ཞིག་དགོས་དོན་མི་འདུག་བསམ་གྱི་འདུག
༣ གཞོན་ནུའི་ཚོགས་མི་རང་བཙན་གྱི་ལངས་ཕྱོགས་མི་དགོས་ཟེར་མཁན་དེ་ཚོ་གཞོན་ནུ་ནས་དགོངས་པ་ཞུས་ནས་ཟླ་བ་ཚེ་རིང་གི་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་མིར་ཞུགས་ན་ཏག་ཏག་རེད། ལངས་ཕྱོགས་མི་གཅིག་པའི་མི་འདི་ཚོ་གཞོན་ནུའི་ཚོགས་འདུར་ཡོང་ནས་གཞོན་ནུ་ལ་མཚན་ཤས་བཟོ་ཡག་འདིའི་རྒྱབ་ན་སུ་ཞིག་གིས་སྐུལ་སློང་ཡོད་མེད་དང་། མི་འདི་ཚོའི་དམིགས་ཡུལ་ག་རེ་ཡོད་མེད་དོགས་པའི་རང་བཞིན་རེད་བསམ་གྱི་འདུག
༤ མི་འདི་ཚོས་དཱ་བར་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ག་རེ་ཡིན་པ་མ་ཤེས་པ་ཡིན་ནམ། དགོད་བྲོ་ཡག་རང་རེད།
ཀརྨ་རྡོ་རྗེ།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།

གཞོན་ལྷན་ཚོགས་ཆུང་འགའ་ཤས་ད་གཞི་ནས་གཉིད་སད་འོང་བགྱིད་འདུག ཞེ་དྲགས་ཡག་པོ་རེད། རྗེས་སུ་ཡི་རང་ཆེན་པོ་ཡོད་དོ། །



ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་བཏང་ཡང་མ་བཏང་ཡང་
གཞོན་ནུའི་ཚོགས་ཁོངས་ནས་ཕྱར་ཐོན་མཁན་དག་གིས་གང་ཡང་འཇོན་གི་མ་རེད།
གསེར་འབྲུག་སྡེར་ལྔ་
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
ཡ་ཡ། ད་འདི་ཚོ་བྱེད་རྒྱུ་མང་ནི་རེད། ཁོ་ཚོ་གཞོན་ནུ་ཚོགས་པ་ནས་ཐོན་ནས་དབུ་མའི་ལས་འགུལ་ཁང་དུ་འཛུལ་ན་ཏག་ཏག་རེད། རྟ་ལམ་བོང་བུས་བཀགས་བསྡད་ཡོད་པ་རེད། མགོ་ལ་སྐྲ་དཀར་སྐྱེས་ན་ཡང་གཞོན་ནུའི་མིང་འཁུར་བསྡད་ཡོད་པ་རེད། འདི་ཚོར་མཐུན་མོང་གི་ལྟ་བ་ཞིག་ཡོད་པ་ནི་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་གྱི་ར་བ་ནས་ནམ་ཡང་བརྒལ་ཐུབ་ཀྱི་མ་རེད་ལ་དུས་རབས་ཉེར་གཅིག་གི་མི་རབས་ཀྱི་རྗེས་ནམ་ཡང་ཟིན་མི་ཐུབ་པ་དེ་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།