བརྩེ་བས་ཕོངས་པའི་ཁྱིམ་ཚང་ལ་རྒྱུ་ནོར་ཡོད་ཀྱང་སྐྱིད་པོ་མི་ཡོང་

འདོན་སྤེལ། ༢༠༡༣/༠༦/༠༡

དེ་རིང་༧གོང་ས་མཆོག་གིས་གཙུག་ལག་ཁང་དུ་སྤྱོད་འཇུག་གི་བཀའ་ཆོས་གནང་སྟེ། བརྩེ་བ་ཟེར་བ་དེ་ཞེ་དྲག་གལ་ཆེན་པོ་རེད། བརྩེ་བ་མེད་པའི་སྤྱི་ཚོགས་ཤིག་དང་ཁྱིམ་ཚང་ཞིག་ཆགས་པ་ཡིན་ན། དེའི་ནང་ཡོད་པའི་མི་དེ་ཚོ་ཡང་མི་སྐྱིད་པ་དང་དོགས་པ། འཇིགས་སྣང་ཞིག་གི་ནང་དུ་འདུག་དགོས་ཆགས་ཀྱི་ཡོད་པ་རེདགསུངས་སོང་

དེ་རིང་ཕྱི་ཚེས་ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ། བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དཔལ་ནཱ་ལེནྜའི་དད་ལྡན་ནང་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།  ༧གོང་ས་མཆོག་གིས་ཉིན་ རིང་གི་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་དབུ་འཛུགས་གནང་སོང་ཐེངས་འདིའི་གསུང་ཆོས་ཞུ་བར་ནཱ་ལེནྜའི་ཆོས་ཞུ་བ་ ༡༢༠༠ དང་ ཧི་མ་ལ་ཡའི་རི་རྒྱུད་དང་དྷ་ས་ཁུལ་གྱི་རྒྱ་གར་དད་ལྡན་པ་ ༣༧༡ རྒྱ་རིགས་ཁག་ཅིག་དང་ཉིཧོང་། ཨི་ཊ་ལི། དབྱིན་ཇི། དེ་བཞིན་ངྷ་ས་ཁུལ་གྱི་བོད་རིཊ་སེར་སྐྱ་མི་མངབཅས་ཁྱོན་མི་གྲངས་ ༧༠༠༠ ལྷག་འཛོམས་འདུག་ལ། དབྱིན་སྐད་དང་ཉི་ཧོང་སྐད། རྒྱ་གར་སྐད། རྒྱ་ནག་སྐད་སོགས་ཀྱི་ནང་དུ་ཐད་ཀར་གསུང་བསྒྱུར་ཞུ་བཞིན་འདུག

གསུང་ཆོས་དབུ་འཛུགས་ཐོག་༧གོང་ས་མཆོག་གིས། “ རྒྱ་གར་གྱི་རྣམ་དཔྱོད་ལས་ཐོན་པའི་ལྟ་གྲུབ་གཟབ་ཅིང་བརླིང་བ། རིག་པས་གཏན་ལ་ཕབ་པའི་ཆོས་རྒྱུད་དེ། དེ་རིང་འཕགས་པའི་ཡུལ་གྱི་ཆོས་གྲོགས་ཚོར་ཞུ་རྒྱུ་ཡིན་ལ། ཕྱོགས་གཅིག་ནས་ཁྱེད་རང་ཚོ་རང་གི་མེས་པོ་དམ་པ་ཚོའི་ཤེས་ཡོན་ཞིག་དུས་རབས་གསར་པའི་མི་རབས་ཚོར་རྩིས་སྤྲོད་པ་ལྟ་བུ་ཆགས་ཡོད་སྟབས། ངོས་རང་ཧ་ཅང་དགའ་བོ་བྱུང་ཞེས་གསུངས་བ་དང་འབྲེལ། ནམ་རྒྱུན་ལྟར་ནང་ཆོས་སྤྱི་བཤད་ཙམ་གནང་དོན། “ དུས་རབས་ཉེར་གཅིག་པའི་ནང་དུ་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་སེམས་མ་སྐྱིད་པ་མང་པོ་ཞིག་མཐོང་གི་འདུག དེ་སྔ་རིགས་གཅིག་གིས་ལྟོ་གོས་ཀྱི་དཀའ་ངལ་སེལ་བ་ཡིན་ན། ལུས་ཀྱི་སྡུག་བསྔལ་ཉུང་དུ་འགྲོ་བ་དང་དཀའ་ངལ་རྣམས་སེལ་ཐུབ་པའི་འདུ་ཤེས་དེར་རིམ་གྱིས་འགྱུར་བ་འགྲོ་བཞིན་ཡོད་པ་རེད། ལྷག་པར་དུ་སྨན་བཅོས་ཀྱི་ཚན་རིག་དང་ཀླད་རྩའི་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་སྐབས། མིའི་སེམས་ཀྱི་བདེ་སྡུག་དེ་ཡུལལུགས་བདེ་སྡུག་ཤུགས་ཆེན་པོ་ཞེ་དྲག་ཅིག་ཡིན་པའི་ངོས་འཛིན་གསར་པ་ཞིག་ཡོང་གི་ཡོད་པ་རེད།

ཡིད་བློ་ཡི་སྟེང་ནས་བདེ་སྡུག་དབང་ཤེས་བརྒྱུད་དེ་གནས་སྐབས་ཀྱིས་ཡིད་ཚིམ་པ་ཙམ་མ་ཡིན་པར། ཡིད་བློ་རང་གི་ཐོག་ནས་བདེ་སྡུག་ཡོང་བའི་ཞིབ་འཇུག་བྱེད་པའི་སྐབས་སུ། ཡིད་བློ་ཡི་ཐོག་ནས་མ་སྐྱིད་པ་ཡོང་བསྡད་པ་དཔེར་ན། འདོད་ཆགས་དང་ཞེ་སྡང་ ང་རྒྱལ། ཕྲག་དོག འགྲན་སེམས་སོགས་ཤུགས་ཆེན་པོ་སླེབས་པ་ཡིན་ན། སྒོ་ལྔའི་ཤེས་པ་ལ་གཟུགས་ཡིད་དུ་འོང་བ་དང་སྒྲ་སྙན་པ། རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ཡོད་ཀྱང་ དེ་ཙམ་གྱིས་སེམས་འཁྲུག་བསྡད་པ་དེར་གདོང་ལེན་བྱེད་ཐུབ་ཀྱི་མེད་པ་རེད།  དེའི་ཕྱིར་ཡིད་བློ་ཡི་ཀྱི་སྟེང་ནས་བདེ་སྐྱིད་བསྒྲུབ་པ་ཟེར་བ་དེ་གནད་འགག་ཅིག་ཏུ་གཞི་ནས་མཐོང་ཡོང་གི་ཡོད་པ་རེད། ང་ཚོ་མིའི་སྤྱི་ཚོགས་ནང་དུ་རྣམ་དཔྱོད་ཀྱིས་ཞིབ་འཇུག་བྱེད་པའི་ནུས་པ་ཤུགས་ཆེན་པོ་ཡིན་སྟབས། ལོ་ངོ་སྟོང་ཕྲག་བཞི་ལྔ་ཡི་མཚམས་ནས་བཟུང་ཆོས་ལ་དད་པ་ཟེར་བ་ཞིག་མིའི་སྤྱི་ཚོགས་ནང་དུ་བསླེབས་པ་རེད། ” ཅེས་གསུངས་སོང་

ཁོང་གིས་མུ་མཐུད་དུ་གསུངས་དོན། “ ཆོས་ལུགས་འདྲ་མི་འདྲ་མང་པོ་ཞིག་ཡོད་པའི་ནང་ནས་རིགས་གཅིག་གིས་སྐྱེས་བུ་དེ་དང་དེས་གསུངས་བཞག་པ་ལ་ཡིད་ཆེས་བྱས་ཏེ། གཙོ་བོ་ཡིད་ཆེས་ཀྱི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། བྱམས་དང་བརྩེ་བ་ཞེས་པ་དེ་སྙིང་ཁུངརུས་པའི་གཏིང་ནས་ཉམས་ལེན་ཤུགས་ཆེན་བྱེད་པར་རྒྱབ་རྟེན་གྱི་ལྟ་གྲུབ་ཅིག་དགོས་པ་རེད། མི་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་འདོད་དེ། འཇིག་རྟེན་བཀོད་པ་པོས་ང་ཚོ་བསྐོས་པ་དང་ འཇིག་རྟེན་བཀོད་པ་པོ་དེ་བརྩེ་བའི་བདག་ཉིད་ཅན་ཞིག་ཡིན་སྟབས་ང་ཚོ་ཚང་མའི་རྒྱུད་ལའང་བརྩེ་བའི་ས་བོན་ཡོད་ལ། དཀོན་མཆོག་དགྱེས་པའི་ཐབས་ཡག་ཤོས་དེ་བྱམས་བརྩེ་སྒོམ་པ་དང་བཟོད་བསྲན་བྱེད་དགོས་པར་འདོད་ཀྱི་ཡོད་པ་རེད།  ཡང་ཆོས་རྒྱུད་རིགས་གཅིག་གིས། རང་གི་འདོད་བྱའི་དངོས་པོ་དེ་འབྱུང་བར་ཤོག་ཅེས་རེ་བ་དང་སྨོན་ལམ་བརྒྱབ་པས་མི་འགྲུབ་པ་དཔེར་ན། ཞིང་ལ་ལོ་ཏོག་ཡག་པོ་ཡོང་བར་ཐབས་ཤེས་གང་ཡང་མ་བྱས་པར་ལོ་ཏོག་ཡག་པོ་ཞིག་སྨིན་པར་ཤོག་ལབ་པ་ཙམ་གྱིས་མི་ཡོང་བར།  ལོ་ཏོག་ཡག་པོ་སྐྱེ་པར་དང་པོ་ས་གཞི་དེ་གཤིན་པོ་དང་ དེའི་ཐོག་ཆུ་དང་ལུད། གནམ་གཤིས་ཀྱི་ཚ་གྲང་སོགས་རྐྱེན་མང་པོ་འཛོམས་པའི་དབང་གིས་འབྲས་བུ་ཡག་པོ་སྨིན་དགོས་པ་རེད།

དེར་བརྟེན། ཕྱི་རོལ་ཡུལ་གྱི་འདོད་བྱའི་དངོས་པོ་དེ་ཚོ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་དང་ ལུས་ཀྱི་ནད་ན་ཚ་ཡིན་ནའང་རྒྱུ་དང་རྐྱེན་གང་རུང་ལ་བརྟེན་ནས་ཡོང་གི་ཡོད་སྟབས། ནད་ན་ཚ་ཡོང་བའི་རྒྱུ་རྐྱེན་དེ་ཤེས་པར་བྱས་ནས་སེལ་ཐབས་བྱས་ཏེ། རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ནད་ཀྱི་སྡུག་བསྔལ་ལས་ཐར་ཐབས་བྱེད་པའི་བསམ་བློ་ཞིག་སྐྱེས་ཡོང་གི་ཡོད་པ་རེད། ཡིད་བློ་ལྡན་པའི་སྡུག་བསྔལ་ཟེར་བ་དེ་གཙོ་བོ་སེམས་འཁྲུག་པའི་དབང་གིས་མི་བདེ་བ་ཡོང་གི་ཡོད་སྟབས། སེམས་འཁྲུག་པ་དེ་ག་འདྲ་བྱས་ནས་སེལ་དགོས་པའི་ཐད། རྒྱུ་དང་རྐྱེན་ལ་བསམ་བློ་ཡག་པོ་བཏང་བ་ཡིན་ན། ཕྱི་ཡུལ་གྱི་ཆོས་དེ་ཚོ་རྒྱུདང་འབྲས་བུའི་ཐོག་ནས་འགྲོ་ཡི་ཡོད་པ་རེད། དེ་འདྲ་ཡིན་དུས། གྲངས་ཅན་ལྷ་མེད་པ་དང་ནང་པ་སངས་རྒྱས་བ་གཉིས་ཀྱིས་ནང་བསམ་བློའི་བདེ་བ་དང་སྡུག་བསྔལ་ཟེར་བ་དེ་རྒྱུ་དང་འབྲས་བུའི་རྐྱེན་ལ་བརྟེན་ནས་བྱུང་གི་ཡོད་པ་ཅིག་ལ་ངོས་འཛིན་གྱི་ཡོད་པ་རེད ” ཅེས་གསུངས་སོང་

དེ་ཡང་ཁོང་གིས་བྱམས་དང་བརྩེ་བ་གལ་ཆེན་ཡིན་སྐོར་གསུངས་དོན།བརྩེ་བ་ཟེར་བ་དེ་འགོག་ངེས་ཤེས་པའི་ཐོག་ནས་ཡོང་གི་མེད་པར་གཙོ་བོ་ཡུལ་ལུགས་ཀྱི་སྟེང་ནས་ཡོང་གི་ཡོད་པ་རེད། ལུས་ལ་ན་ཚ་ཡོད་ཀྱང་རོགས་པ་ཚོས་བྱམས་བརྩེའི་ཚོར་བ་ཤུགས་ཆེན་པོ་སྤྲད་ན། ལུས་ལ་ན་ཟུག་ཡོད་ཀྱང་སེམས་ཀྱི་ནང་ལ་ལྷོད་ཤིག་ཤིག་ཅིག་ཡིན་ལ། ལུས་ཀྱི་གྲུབ་ཆའི་ཐོག་ནས་དེ་འདྲ་ཡོང་གི་ཡོད་པ་རེད། ཆོས་ལ་དད་པ་ཡོད་ན་རེད། མེད་ནའང་རེད། བརྩེ་བ་ཟེར་བ་དེ་ཞེ་དྲག་གལ་ཆེན་པོ་རེད། བརྩེ་བ་མེད་པའི་སྤྱི་ཚོགས་ཤིག་དང་ཁྱིམ་ཚང་ཞིག་ཆགས་པ་ཡིན་ན། དེའི་ནང་ཡོད་པའི་མི་དེ་ཚོ་ཡང་མི་སྐྱིད་པ་དང་དོགས་པ། འཇིགས་སྣང་ཞིག་གི་ནང་དུ་འདུག་དགོས་ཆགས་ཀྱི་ཡོད་པ་རེད། བརྩེ་བས་ཕོངས་པའི་ཁྱིམ་ཚང་ཞིག་ཡིན་ན། རྒྱུ་དངོས་པོ་ག་ཚོད་ཡོད་ཀྱང་སྐྱིད་པོ་ཡོད་པ་མ་རེད།

བརྩེ་བའི་ཚོར་བ་ཤུགས་ཆེན་པོ་ཡོད་ན། ཁྱིམ་ཚང་རྒྱུ་དངོས་པོ་ཞེ་དྲག་མེད་པ་ཞིག་ཡིན་ཡང་སྐྱིད་པོ་ཡོད་པ་རེད། དེའི་ཕྱིར་བརྩེ་བ་ཟེར་བ་ཞེ་དྲག་རྩ་ཆེན་པོ་དང་གལ་ཆེན་པོ་རེད། ང་ཚོ་རིགས་གཅིག་གིས། བྱམས་པ་དང་བརྩེ་བ་ཟེར་བ་དེ་ཆོས་ཕྱོགས་ཀྱི་ཉམས་ལེན་ཞིག་ཡིན་པར་འདོད་དེ། ཆོས་ལ་དད་པ་ཡོད་ན། བྱམས་པ་དང་བརྩེ་བ་ལ་དོ་སྣང་བྱེད་དགོས་པ་དང་ ཆོས་ལ་དད་པ་དམིགས་བསལ་མེད་ཚེ། བྱམས་དང་བརྩེ་བར་དོ་སྣང་མི་ཡོང་བ་དེ་ང་ཚོས་ནོར་བ་རེད། ཆོས་ལ་དད་པ་བྱེད་དང་མི་བྱེད་རང་གི་འདོད་པ་རེད། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ནའང་ བྱམས་པ་དང་བརྩེ་བ་རྩ་ཆེན་པོ་ཡིན་པ་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད། ཆོས་དད་ཡོད་པའི་སྤྱི་ཚོགས་ཤིག་བཟོ་དགོས་ཟེར་བ་དེ་ཁག་པོ་རེད། འོན་ཀྱང་ བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བཟོ་དགོས་ཟེར་བ་དེ་ཕལ་ཆེར་ང་ཚོས་བསྒྲུབ་ཐུབ་པ་ཞིག་ཡིན་ལ། བསྒྲུབ་དགོས་པ་ཞིག་ཀྱང་རེད། ” ཅེས་གསུངས་སོང་

ཤོག་ངོས་འདི་ཐེངས་ ༢༢༢༥ ལ་བཀླགས་འདུག
རིག་པ་འདོན་པ།
ཕུར་བུ་རྡོ་རྗེ།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བརྩེ་བས་ཕོངས་པའི་ཁྱིམ་ཚང་ཞིག་ཡིན་ན། རྒྱུ་དངོས་པོ་ག་ཚོད་ཡོད་ཀྱང་སྐྱིད་པོ་ཡོད་པ་མ་རེད། བརྩེ་བའི་ཚོར་བ་ཤུགས་ཆེན་པོ་ཡོད་ན། ཁྱིམ་ཚང་རྒྱུ་དངོས་པོ་ཞེ་དྲག་མེད་པ་ཞིག་ཡིན་ཡང་སྐྱིད་པོ་ཡོད་པ་རེད། དེའི་ཕྱིར་བརྩེ་བ་ཟེར་བ་ཞེ་དྲག་རྩ་ཆེན་པོ་དང་གལ་ཆེན་པོ་རེད་ཞེས་གསུངས་པ་འདི་ཧ་ཅང་གལ་ཆེ་བའི་གདམ་ངག་བླ་མེད་ཅིག་ཏུ་མཐོང་སོང་
ཨ་མའི་བྱེ་རྡོ།
༢༠༡༣/༠༦/༠༡ ཉིན་འདོན་སྤེལ་བྱས།
ཡིད་བློ་དང་སྒོ་ལྔའི་ཤེས་པ་ཞེས་པའི་ཚིག་འདི་གཉིས་ཚར་ཁ་ཤས་བཀོད་པ་ནོར་འདུག ཡིད་བློ་ལ་ཡུལ་ལུགས་དང་། སྒོ་ལྔའི་ཤེས་པ་ལ་འགོག་ངེས་ཤེས་པ་ཞེས་བྲིས་འདུག་པས་ནོར་བཅོས་ཐུབ་ན་ཡག་པོ་འདུག་སྙམ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།