སྤྱི་བའི་སྡིངས་ཆ་སྒེར་དོན་ཐོག་བེད་སྤྱོད་མི་གནང་རྒྱུ་གལ་ཆེན་རེད།

འདོན་སྤེལ། ༢༠༡༣/༠༦/༠༣

ཁ་སང་ཕྱི་དྲོར་ཀྱག་ཀྱོག་དང་དཀའ་ཚེགས་ཀྱི་ཁྲོད་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅོ་ལྔ་པ་མཇུག་བསྒྲིལ་ཡོད་ཅིང་། ད་རེབ་ཚོགས་ཆེན་སྟེང་༧གོང་ས་མཆོག་ལ་ལྷ་དགོངས་དྭངས་གསལ་ཡོང་བའི་ཞུ་སྙན་འབུལ་རྒྱུ་དང་། གཞོན་ནུའི་རང་བཙན་ལངས་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུར་གཏན་འབེབས་བྱུང་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧།༣༠ སྟེང་འདས་པའི་ཉིན་དྲུག་རིང་ཚོགས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅོ་ལྔ་པ་མཇུག་བསྒྲིལ་བའི་མཛད་སྒོ་ངྷ་སའི་ཁི་ལོ་པི་ (Club House) གསོལ་མགྲོན་ཁང་དུཚོགས་ཏེ། གྲོས་ཆོད་གཏན་འབེབས་དང་སྐབས་བཅོ་ལྔ་པའི་རྒྱུན་ལས་གསར་འདེམས་གནང་ཡོད། ཐེངས་འདིའི་ཉིན་དྲུག་རིང་གི་ཚོགས་འདུའི་ནང་གཞོན་ནུའི་ཆབ་སྲིད་ལངས་ཕྱོགས་དང་འབྲེལ་བའི་མ་འོངས་ལས་དོན་བྱེད་ཕྱོགས་དང་༸གོང་ས་མཆོག་སྐུ་ཕྱཱ། ཆོས་དང་རིག་གཞུང་སྲུང་སྐྱོབ། ཟབ་སྦྱོང་དང་ཞུ་སྙན་ཕུལ་བའི་ལས་འགུལ་བཅས་གྲོས་གཞི་ཁག་བརྒྱད་ཀྱི་ཐོག་གྲོས་ཆོད་བཞག་ཡོད་པ་རེད།

ཚོགས་ཆེན་སྔ་སྣུར་དང་འབྲེལ་བའི་གནད་དོན་ཐོག དང་པོ། ༸གོང་ས་མཆོག་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་སྙན་ཞིག་འབུལ་རྒྱུ་དང་། གཉིས་པ། འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་ཐོག་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་རང་བཙན་ཐོག་བསྒྱུར་དགོས་འི་གྲོས་ཆོད་བཞག་ཡོད་པ་ཕྱིར་འཐེན། གསུམ་པ། གཞོན་ནུས་བོད་རང་བཙན་སླར་གསོ་མུ་མཐུད་བྱ་རྒྱུ་དང་། མ་འོངས་བོད་མིའི་དཀའ་རྙོག་སེལ་མཚམས་སུ་བསླེབས་སྐབས། ༸གོང་ས་མཆོག་གི་དགོངས་དོན་ལྟར་བོད་རྒྱ་ཆེའི་མི་མང་གི་མཐའ་མའི་ཐག་གཅོད་ལ་གུས་བརྩི་དང་རྒྱབ་སྐྱོར་ཞུ་རྒྱུ་བཅས་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་དང་འབྲེལ་བའི་གྲོས་ཆོད་ཁག་བདུན་དང་། ས་གནས་ཁག་བརྒྱད་ཀྱི་ཚོགས་བཅར་བ་ཕྱིར་ཐོན་པའི་ཐད། ས་གནས་དེ་དག་གཞོན་ནུའི་ལངཕྱོགས་རང་བཙན་གནས་པའི་ཐོགསྒྲིག་འཛུགས་ནང་ཡོད་པའི་ངོས་འཛིན་ཟུར་སྣོན་གྲོས་ཆོད་བཅས་བཞག་འདུག

ཐེངས་འདིའི་དབུས་རྒྱུན་འོས་འདེམས་སྐབས། ཚེས་ ༣༡ ཉིན་གྱི་ཕྱི་དྲོར་སྔོན་འགྲོའི་འོས་ཤོག་བླུགས་ཏེ་རྒྱུན་ལས་མི་འགྲོ་ ༣༠ བདམས་ཐོན་བྱུང་ཡོད་པ་དང་། ཚེས་ ༡ ཉིན་གྱི་ཕྱི་དྲོར་དངོས་གཞིའི་འོས་བསྡུའི་ཁྲོད་རྒྱུན་ལས་ ༡༠ བདམས་ཐོན་བྱུང་ཡོད་པའི་ཁྲོད། བསྐྱར་དུ་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་འོས་བསྡུ་བྱས་ཏེ། ཚོགས་གཙོའི་འོས་གཞིའི་ཁྲོད་ཨ་རིའི་མེ་ནེ་སོ་ཊ་ནས་ཕེབས་པའི་བསྟན་འཛིན་འཇིགས་མེད་ལགས་སུ་འོས་ཤོག་ ༨༧ ཐོབ་སྟེདབུས་རྒྱུན་ཚོགས་གཙོ་དང་། ཚོགས་གཞོན་འོས་གཞིའི་ཁྲོབལ་ཡུལ་པོག་རཱ་ནས་ཕེབས་པའི་རྟ་མགྲིན་སྲིད་ཆོསལགས་སུ་འོས་ཤོག་ ༨༢ ཐོབ་སྟེ་ཚོགས་གཞོནདྲུང་ཆེའི་འོས་གཞིའི་ཁྲོད་ངྷ་རམ་ས་ལའི་བཀྲ་ཤིས་ལམ་བཟངལགས་སུ་འོས་ཤོག ༨༥ ཐོབ་ཏེ་དྲུང་ཆེ་བཅས་སུ་བསྐོ་བཞག་གནང་སོང་

རྒྱུན་ལས་གཞན་དག་ནི། ཧ་པ་པུར་ནས་ཕེབས་པའི་ཡེ་ཤེས་བསྟན་འཛིན། བལ་ཡུལ་པོག་རྭ་ནས་ཕེབས་པའི་ཉི་མ་ཆོས་འཛོམས། བལ་ཡུལ་ཀ་ཐ་མན་ཌོས་ནས་ཕེབས་པའི་ཚེ་དབང་སྒྲོལ་མ། ལྡི་ལི་བསམ་ཡས་གླིང་ནས་ཕེབས་པའི་བསྟན་འཛིན་དབང་ཕྱུག རྡོ་རྗེ་གླིང་ནས་ཕེབས་པའི་བཀྲ་ཤིས་དོན་གྲུབ། ངྷ་རམ་ས་ལའི་བསྟན་འཛིན་བརྩོན་འགྲུས། ངྷ་རམ་ས་ལའི་ངག་དབང་བློ་བཟང་བཅས་བདམས་ཐོན་བྱུང་ཡོད། ཡིན་ནའང་ཚེས་ ༢༩ ཉིན་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་གྱི་གྲོས་གཞིའི་ཐོག་དགོངས་ཚུལ་མ་མཐུན་པ་བྱུང་སྟེ། ཚོགས་ཆེན་ལས་ཕྱིར་འཐོན་ཟིན་པའི་ས་གནས་ཁག་ ༨ ཀྱི་ཚོགས་བཅར་བ་ ༣༤ དེ་ཐེངས་འདིའི་དབུས་རྒྱུན་འོས་འདེམས་ཁྲོད་ཞུགས་ཡོད་མི་འདུག

ཚོགས་འདུའི་ལས་རིམ་ཁག་གྲུབ་རྗེས་སྐབས་ ༡༤ པའི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། ཁོང་ཐོག་མར་ངྷ་རམ་ས་ལར་ཡོང་སྐབས། ས་གནས་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་དཀྱིལ་འཁོར་དེའི་འགྲོ་སྟངས་འགྲོ་ལུགས་མི་ཤེས་མཁན་ཞིག་ཡིན་ཡང་ ༢༠༠༧ ལོས་ནས་སྔ་ཕྱི་ལོ་དྲུག་རིང་སོ་སོའི་འཇོན་ཐང་དང་ཤེས་ཡོན་གང་འདྲ་ཡོད་མེད་ལ་མ་ལྟོས་པར་ཨ་རི་བཞག་པ་དང་། སོ་སོའི་བཟའ་ཚང་དང་ཕྲུ་གུ་གཉིས་བཞག་སྟེ་རྒྱ་གར་ལུང་པར་ཞབས་ཞུ་བསྒྲུབ་དུ་ཡོང་བ་དང་། དེ་ཡང་གཙོ་བོ་ལོ་ ༢༠ ལྷག་གི་རིང་ཨ་རིར་བསྡད་པའི་སྐབས་སུ་༸གོང་ས་མཆོག་གི་བཀའ་སློབ་ཁག་ལ་མཇལ་བ་དང་། ལྷག་པར་དུ་༸གོང་ས་མཆོག་གིས་ནམ་རྒྱུན་བོད་པ་ཞིག་ཡིན་པའི་ཆ་ནས་བོད་མི་ས་ཡ་དྲུག་གི་རྩ་དོན་ལ་འགན་འཁུར་དགོས་པའི་བཀའ་སློབ་སེམས་ལ་བཅངས་ཏེ་ཡོང་ཡོད་པ་དང་། འདས་པའི་ལོ་དྲུག་རིང་དཀའ་ངལ་དང་གནས་སྟངས་འདྲ་མིན་སྣ་ཚོགས་བྱུང་ཡང་སོ་སོའི་འདོད་པ་ཁེངས་ཤོས་དེ་ང་སང་ཉིན་ཤི་བ་ཡིན་ནའང་འགྱོད་པ་རྩ་བ་ཉིད་ནས་མེད་པར། བོད་པ་ཞིག་གི་སྐྱེས་བ་བླངས་བ་དང་། བོད་མི་ས་ཡ་དྲུག་གི་རྩ་དོན་ཐོག་ཞབས་ཞུའི་གོ་སྐབས་བྱུང་བ་དེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་དེ་ལས་རྩ་ཆེ་བ་གང་ཡང་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ། ཁོང་གི་ངོས་ནས་འདས་པའི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་གི་བཙན་འཛུལ་དང་དྲག་གནོན་འོག་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་བྱེད་བཞིན་པ་དེ་ཧང་སང་དགོས་པ་ཞིག་ཡིན་པ་ལས།  བཙན་བྱོལ་ནང་ལས་ཀ་ཇི་འདྲ་བྱཀྱང་ཧང་སང་ཀྱི་མེད་སྐོར་གསུངས་བྱུང་ 

ཁོང་གིས་མ་འོངས་ལས་དོན་བྱེད་ཕྱོཊ་ཐད་ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཧ་ཅང་རྩ་ཆེན་པོ་ཞིག་དང་། ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པའི་སྒྲིག་འཛུགས་ཤིག་རེད། ད་ཆར་རྣམ་པ་ཚོ་ལས་ཀྱི་སྣེ་མོ་བ་ཆགས་ཡོད་སྟབས། ཕྱག་ལས་གནང་སྐབས་ལྷག་བསམ་རྣམ་དག་གིས་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  སྤྱི་བའི་ལས་ཀ་བྱེད་སྐབས་དཀའ་ངལ་འདྲ་མིན་ཡོང་སྲིད་ཀྱང་། དེ་དག་ལ་གདོང་ལེན་བྱ་དགོས་པ་རེད། ཡིན་ནའང་། སྤྱི་བའི་སྡིངས་ཆར་ཕྱག་ལས་གནང་སྐབས། སྒེར་ཕར་བཞགསྟེསྤྱི་བ་དང་འཐབ་རྩོད་རྩ་ཆེན་པོརྩིས་ཏེ་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲའི་བསམ་བློའི་ཐོག་ཕྱག་ལས་གནང་བ་ཡིན་ན། དུས་ཡུན་ག་ཚོད་ཕྱག་ལས་གནང་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ལ་སྤོབས་པ་དང་གདེང་ཚོད་ཡོང་གི་རེད།  སྤྱི་བའི་སྡིངས་ཆའི་ཐོག་སྒེར་གྱི་འདོད་འདུན་འཁུར་བ་དང་། ལྷག་པར་དུ་སྤྱི་བའི་སྡིངས་ཆ་སྒེར་གྱི་ཐོག་བེད་སྤྱོད་བྱས་ཚེ་འགྲིག་ཡོད་མ་རེད།  སྤྱི་བའི་སྡིངས་ཆ་དེ་སྤྱི་བ་རང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་རེང་ཚོ་འཁྱོལ་འགྲོ་གི་ཡོད་ཀྱང་ང་ཚོའི་སྒྲིག་འཛུཊ་འདི་<རྩ་ཆེན་པོ་ཡིན་སྟབས། འབྱུང་འགྱུར་ཡང་སོ་སོའི་ངོས་ནས་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་གི་ཡིན་ལ། ཁྱེད་རང་ཚོའི་ངོས་ནས་གོ་སྐབས་འདི་སྐལ་བཟང་གི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱ་དགོས་པ་རེད་ལ། ལྷག་པར་དུ་ཉག་ཕྲ་བའི་གནས་སྟངས་འདིར་ཕྱག་ལས་མང་དག་ཅིག་ཡོད་སྟབས། མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་ལྷག་བསམ་རྣམ་དག་གིས་གནང་བ་ཡིན་ན། གང་ཇིའི་ཐད་ནས་ལས་སླ་བོ་ཡོང་གི་རེད།  སྒྲིག་འཛུགས་འདིར་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་རྒྱུའི་ཐབས་ཤེས་ཡོད་རྒུ་འདོན་བཞིན་ཡོད་པ་རེད། ད་རེབ་ང་ཚོའི་ངོས་ནས་སྤྱི་ཁྱབ་དབུས་རྒྱུན་གསར་འདེམས་བྱུང་བ་དེ་གཞོན་ནུའི་རྒྱལ་ཁ་མིན་པར། བོད་མི་ས་ཡ་དྲུག་གི་འཐབ་རྩོད་ཀྱི་རྒྱལ་ཁ་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་མཁྱེན་དགོས་པ་རེད།  བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། འགན་ཆེན་པོ་དེ་དག་ལ་འབད་པ་གནང་བའི་ཡིད་ཆེས་ཡོད། ཅེས་གསུངས་བྱུང་

མཇུག་ཏུ་ཚོགས་གཙོ་གསར་པ་བསྟན་འཛིན་འཇིགས་མེད་ལཊ་ཀྱིས་འདས་པའི་ལོ་དྲུག་རིང་སྐབས་ ༡༤ པའི་ཚོགས་གཙོ་གཙོས་པའི་དབུས་རྒྱུན་ལས་རྣམ་པས་དཀའ་ངལ་ཡང་མང་པོར་འཕྲད་ཀྱང་། བསམ་བློ་རྒྱ་ཆེན་པོ་དང་བློས་གཏོང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གསུངས་དོན། “ ང་རང་ལ་མཚོན་ན་ས་གནས་མེ་ནེ་སོ་ཊ་ནས་ཚོགས་འདུ་འདི་རྩ་ཆེན་པོ་དང་ཛ་དྲག་ཏུ་བརྩིས་ཏེ་ཡོང་བ་ཡིན། འདི་འདྲའི་གནས་སྟངས་ཆགས་ཀྱི་རེད་བསམ་མ་སོང་། ཕྱིར་འགྲོ་བའི་གནམ་གྲུའི་འཛིན་བྱང་ཡང་ཉོས་ཚར་ཡོད། ཡིན་ནའང་། ང་རང་གི་ངོས་ནས་གལ་ཆེ་ཤོས་དང་རྩ་ཆེ་ཤོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་འདི་ཆགས་ཡོད་སྟབས། དཀའ་ངལ་ཚང་མར་ཡོད་སྟབས་དགོངས་པ་ཞུ་སྟངས་ཤེས་མ་སོང་། ཚོགས་མི་ཚང་མས་ཡིད་ཆེས་དང་རེ་བ་གནང་སྟེ་ད་རེབ་ང་རང་འདིར་བསླེབས་ཡོད་པ་རེད། ང་ཚོའི་ངོས་ནས་ཁྱེད་རྣམ་པའི་ཡིད་ཆེས་དང་རེ་བ་འཕྲོ་བརླག་མི་འགྲོ་ཆེད་འབད་བརྩོཞུ་རྒྱུ་ཡིན།  ད་རེབ་དཀའ་ངལ་ཆེ་ཤོས་ཤིག་གི་སྐབས་སུ་སྒྲིག་འཛུགས་འདིའི་ལངས་ཕྱོགས་དང་དམིགས་ཡུལ་ཐག་བཅད་པ་རེད། འདི་ང་ཚོའི་སྒྲིག་འཛུགས་ཀྱི་རྒྱལ་ཁ་རེད་བསམ་གྱི་ཡོད། མ་འོངས་པར་དབུས་དང་ས་གནས་ཚང་མས་རྒྱབ་སྐྱོར་དང་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་མི་བཅུའི་དམིགས་བསལ་བྱེད་ཐུབ་པ་གང་ཡང་ཡོད་པ་མ་རེད། ཚང་མས་འགན་འཁུར་ཏེ་ང་ཚོའི་འཐབ་རྩོད་ལ་གང་ཐུབ་གནང་དགོས་ཀྱི་ཡོད་པ་རེད། མ་འོངས་པར་གཞོན་ནུའི་ཚོགས་མི་ཡིན་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་གནང་རོགས། ཞེས་གསུང་བྱུང་ 

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༤༤༡༥ ལ་བཀླགས་འདུག
རིག་པ་འདོན་པ།
བློ་འཕེལ།
༢༠༡༣/༠༦/༠༦ ཉིན་འདོན་སྤེལ་བྱས།
གཞོན་ནུའི་ཚོགས་མི་གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་མ་འོངས་པའི་བྱ་བཞག་ལམ་ལྷོང་ཡོང་བ་དང་ཁ་ཕྱོགས་མ་ནོར་བ་ཞིག་ཏུ་འགྲོ་ཐུབ་པར་སྨོན།
སྐབས་བཅོ་ལྔ་བའི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་ཞབས་འདྲེན་ལ་ནམ་ཡང་འཚམས་འདྲི་མེད། གང་ཞེ་ན་གཞོན་ནུའོ་ལོ་རྒྱུས་ལ་ནག་ཐིག་བཟོས་པས་སོ། །གཞོན་ལྷན་ཚོགས་དབུ་རྙེས་ནས་བཟུང་ད་བར་དུ་ད་ལོ་ནང་བཞིན་བྱུང་མྱོང་མེད་པས་སོ།།
དབུས་སྟོད་ཀྱི་སྐྱ་རེང་
༢༠༡༣/༠༦/༠༦ ཉིན་འདོན་སྤེལ་བྱས།
ད་རེས་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་ལེགས་གྲུབ་དང་རྒྱུན་ལས་གསར་འདེམས་པ་རྣམས་ལ་འཚམས་འདྲི་ཞུ། འོན་ཀྱང་བཀྲིས་པ་དང་ལྷན་དུ་ལྟས་ངན་པ་ཞིག་ལ་གཞོན་ལྷན་ནང་ད་བར་བྱུང་མྱོང་མེད་པའི་དུམ་བུ་གཉིས་སུ་གྱེར་བ་རེད། དེ་ནི་ངེད་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་གོ་རྟོགས་སམ་གནས་ཚད་ལ་མཚན་མ་ཞིག་ཕྱིར་མངོན་སྙམས། མ་ཟད་གཟབ་དགོས་པ་ཞིག་ལ་གཞོན་ལྷན་ནས་ད་བར་ལོ་རྒྱུས་ཀྱི་ཐོབ་ཐང་རྩོད་ལེན་གནང་བར་གནོད་པ་དང་ཕྱིར་འཐེན་ལ་མནོ་བསམ་གཏོང་དགོས་པའི་དུས་ལ་སླེབས། བོད་ཀྱི་གཞོན་སྐྱེས་ནི་བོད་ཀྱི་མ་འོངས་པའི་བདག་པོ་ཡིན་པས་སོ་སོའི་ཐོབ་ཐང་དེ་རག་མིན་ལ་མ་ལྟོས་པར་རྩོད་ལེན་བྱེད་པའི་སེམས་ཤུགས་མེད་པ་ནི་ཧ་ཅང་གི་བློ་ཕམ་དགོས་པའི་རང་བཞིན་<ཞིག་དང་མ་འོངས་པར་ལངས་ཕྱོགས་ཁ་གསལ་མེད་པའི་ཆུ་སྣ་གར་ཁྲིད་ལ་མ་གྱུར་བའི་རེ་བ་ཡོད། མདོར་ན་༧གོང་ས་མཆོག་གི་བཀའ་སློབ་ལ་བསྙད་དེ་ལངས་ཕྱོགས་འགྱུར་ཆོག་ཆོག་ནི་གདེང་ཚོད་དང་ཆབ་སྲིད་ཀྱི་གོ་རྟོགས་མ་ལོན་པའི་རྟགས་མཚན་ཞིག་མ་ཡིན་ནམ།
བསམ་འགྲུབ་ཕོ་བྲང་
༢༠༡༣/༠༦/༠༥ ཉིན་འདོན་སྤེལ་བྱས།
ད་བོད་པ་འདི་ཚོ་ལྟས་ངན་གྱི་དུས་ཤིག་ཤར་འདུག བོད་པས་བོད་རང་བཙན་རྩོད་ན་ཐུགས་ཕམ། བོད་པས་རྒྱ་དམར་གྱི་དར་ཆ་ཁྱེར་ཏེ་རྒྱ་འོག་ཏུ་སྡོད་རྒྱུའི་ཁས་ལེན་བྱས་ན་ཐུགས་དགྱེས། ཕྱོགས་གཅིག་ནས་བཙན་བྱོལ་ནང་མང་གཙོ་གསོལ་རས་བསྩལ་ཡོད་པའི་ཧམ་བཤད་སྟོང་སྒྲ་འབྲུག་བཞིན་སྒྲོག་ལ། ཕྱོགས་གཅིག་ནས་ཕྱོགས་གཅིག་གི་བསམ་ཚུལ་གཞན་པ་ཚང་མ་འབུར་འཇོམས་བཏང་དང་གཏོང་བཞིན་པ་ནི་དོན་ངོ་མའི་ཆ་ནས་རྒྱ་གཞུང་ལས་སྡུག་པ་འདི་འདྲ་ལྟས་ངན་མིན་ན་ཅི་ཡིན།
བོན་རྒྱ་བསྟན་འཛིན་རབ་རྒྱས།
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
བཀུར་བར་འོས་པའི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུ། དངོས་གནས་ལྷག་བསམ་ཟོལ་མེད་དང་བློས་གཏོང་གྲངས་མེད་ཅིག་བྱས་ཏེ་དཀའ་ལས་སྐྱོན་ཡོད་པ་རེད། ༢༠༠༨ ལོའི་ལས་འགུལ་ཆེན་མོ་སོགས་ལས་འགུལ་སྔ་གཞུག་སོགས་ལ་ཆེད་བཅར་གནང་བའི་མི་ཚང་མས་ཤེས་རྟོགས་བྱུང་ཡོད་པ་རེད། དེ་ནི་ཚང་མས་མཁྱེན་རྟོགས་ཐུབ་ན་ཡག་པོ་རེད་སྙམ། ཁོང་གིས་ཚིག་ཟུར་ལས་མངོན་ཡོད་པ་ལྟར་མི་ཁ་ཤས་ཀྱིས་སྤྱི་བའི་སྒྲིག་འཛུགས་སྒེར་དང་སྦྲེལ་ནས་ལས་ཀ་ལས་ཤིང་སྐད་ཆ་བཤད་རྐྱེན་སྤྱི་ཚོགས་ནང་སྐད་ཆ་མང་ཙམ་ལྷག་པ་རེད། གང་ལྟར་ན་གཞོན་ཤེས་ཡོན་ཅན་དང་ལྷག་བསམ་ཅན། བློས་གཏོང་ཅན་ཁོང་ལྟ་བུ་ནི་ནམ་ཡང་སྤྱི་ཚོགས་འདི་ལ་མེད་མི་རུང་བའི་མི་སྣའི་གྲས་ཡིན།
མི་རྒོད།
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
བོད་པ་ཚང་གི་གཞོན་ནུ་ལྷན་ཚོགས་སླར་ཡང་གསར་བའི་དལ་རྟེན་ཐོབ་པ་ཧ་ཅང་གི་བཟང་ཡང་དགྲ་བོ་རྒྱ་དམར་འགྲོ་སོང་གཏོང་འགོ་ཚུགས་པ་རེད་ད། ། ཚོགས་གཙོ་རྙིང་པ་ལགས་སུ་ཁྱེད་ཀྱིས་བཀའ་གསུངས་ནི་བདེན་པ་རང་ཡིན་པས་ངས་མཐའ་གཅིག་ཏུ་གུས་བཀུར་ཞུ་རྒྱུ་དང་ཁོང་ནས་གང་གསུངས་རྣམས་གསར་པ་རྣམས་ཀྱི་སྙིང་དབུས་སུ་གདམ་དགོས།།།
བོད་གཞོན་ནུ་ཚོགས་པ་རྟག་ཏུ་རྒྱལ་གྱུར་ཅིག།།
དགྲ་བདེན་པ་ཉིད་ནས་ཕམ་གྱུར་ཅིག།།།
རྩྭ་ཐང་གི་གླག་རྒོད།
༢༠༡༣/༠༦/༠༣ ཉིན་འདོན་སྤེལ་བྱས།
ང་ཚོ་ཚང་མས་རེ་བ་དང་ཡིད་ཆེས་བྱེད་ས་བོད་ཀྱི་གཞོན་ལྷན་ཚོགས་གྱི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམ་བྱུང་པར་བཀྲ་ཤིས་བདེ་ལེགས་དང་རྟེན་འབྲེལ་ཞུ་ཞུ
ལུང་རྟོགས།
༢༠༡༣/༠༦/༠༣ ཉིན་འདོན་སྤེལ་བྱས།
མི་ལ་ལས་རང་བཙན་པ་ཡིན་ཟེར་ནས་ཐ་ན་གོང་ས་མཆོག་ལ་ཡང་ཡི་མ་རང་བ་བྱེད་པ་དང་། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་ཁ་མེད་སྣ་མེད་བྱས་ཡོད། འོན་ཀྱང་འགག་ལ་ཐུག་དུས་གཞོན་ལྷན་དཀའ་རྙོག་ནས་སྐྱབས་མཁན་ནི་གོང་ས་མཆོག་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ་ལས་རང་བཙན་གྱི་ལྟ་བ་མཁྲེགས་འཛིན་མཁན་སུ་ཡང་སླེབས་མི་འདུག
གནས་ཚང་
༢༠༡༣/༠༦/༠༣ ཉིན་འདོན་སྤེལ་བྱས།
ད་རེས་གཞོན་ལྷན་ནོར་ཤག མ་གཞི་ཟམ་གདོང་རིན་པོ་ཆེ་མཆོག་གཞོན་ལྷན་གྱི་ཚོགས་གཙོར་གདམ་པ་ཡིན་ན། དགོངས་སེལ་ཞུ་དགོས་ཀྱི་མ་རེད་ལ། ཚོགས་པ་ཁག་གཉིས་སུ་གྱེས་ཀྱི་མ་རེད།
མངའ་རིས་འཕྲིན་ལས།
༢༠༡༣/༠༦/༠༣ ཉིན་འདོན་སྤེལ་བྱས།
ད་རེ་གཞིས་བྱེས་གཉིས་ཀྱི་རེ་བ་བྱེད་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕྱི་ནང་གི་བར་ཆད་ཤུགས་ཆེ་ཆུང་གང་གིས་ཀྱང་གནོད་མ་ཐུབ་པར་རྒྱུན་ལས་འཕོ་ལེན་དང་འབྲེལ་ཚོགས་ཆེན་མཇུག་བསྡུ་ཐུབ་པ་ཡག་པོ་བྱུང་འདུག དེ་མིན་ང་ཚོ་བཙན་བྱོལ་བའི་ཀླད་པ་དང་དད་པ་སོགས་ཀྱི་བྱེད་བབས་ལ་གཞིག་ན་གཞོན་ནུ་སྒོ་རྒྱག་པའམ་རང་བཙན་ལྟ་བ་རྩ་བ་ནས་དོར་དགོས་པའི་དམིགས་འབེན་བྱས་ཡོད། དེ་དག་དཀའ་ཚེགས་མང་པོའི་འོག་འགྲུབ་ཏུ་མ་བཅུག་པ་ནི་བོད་མི་རིགས་རྒྱལ་ཁ་གཅིག་རེད། དགྲ་བོ་རྒྱ་དམར་གྱི་ལས་དོན་གལ་ཆེ་ཤོས་གཅིག་འགྲུབ་མ་ཐུབ་པ་རེད།
ཤར་མདའ།
༢༠༡༣/༠༦/༠༣ ཉིན་འདོན་སྤེལ་བྱས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་པ་འདི་དངོས་ནས་གཞན་དང་མ་འདྲ་བའི་མཛད་རྗེས་ཅན་གྱི་ཚོགས་པ་ཞིག་ལ་དངོས་འཛིན་མི་བྱེད་མཁན་མེད་ཚོད་ལྟ་བུ་རེད་གང་ཡིན་ཟེར་ན་འདས་བའི་ལོ་མང་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་ཚོགས་གཞོན་དང་དྲུང་ཆེ་བརྩེས་པ་སོགས་ཀྱི་རང་ནུས་གང་ཡོད་ཀྱིས་ལས་འགུལ་འདྲ་མིན་ཞིག་སྤེལ་ཡོད་པ་གསལ་བོ་རེད་མ་ཟད་ད་ཐང་ཡང་སྔོན་བྱས་ལམ་ནོར་ཡིན་པ་དངོས་ཟིན་པས་ཐོག་ནས་༸གོང་ས་མཆོག་ལ་དགོངས་སེལ་ཞུས་པ་དང་སྔོན་གྱི་གྲོས་ཆོད་དེ་བརྩེས་མེད་བཟོས་པ་སོགས་དགའ་འོས་པའི་བྱ་བ་གལ་ཆེན་རེད།མ་ཟད་ད་དུང་དབུས་གཞོན་ནུའི་ལམ་ཕྱོགས་སྔོན་ལྟར་རྒྱུན་འཁྱོངས་བྱེད་རྒྱུ་སོགས་གལ་ཆེན་རེད་དྲན་སོང་གང་ཡི་རིང་ཡོད།
རིག་གྲོལ།
༢༠༡༣/༠༦/༠༢ ཉིན་<འདོན་སྤེལ་བྱས།
རྒྱུན་ལས་གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཡིན་ནའང་རྒྱུན་ལས་རྙིང་པ་དག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་ལ་བཏང་བ་མ་ཟད། མང་ཚོགས་ཀྱི་མིག་ནང་ལ་རྒྱ་དམར་དང་དོལ་ཚོགས་ལྟ་བུ་ཞིག་ཆགས་ཏུ་བཅུག་རྗེས་ཁྱེད་ཅག་གི་ལག་ཏུ་བཞག་པ་རེད། དཀའ་ངལ་འདི་དག་ལ་འཐར་རྒྱུ་དང་གཞོན་ནུ་ལྷན་ཚོགས་བསྐྱར་དུ་འཕེལ་རྒྱས་སུ་གཏོང་རྒྱུར་སྐུ་ངལ་ཆེན་པོ་འཕྲད་གཞིའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་ནའང་ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད།
འཇམ་བཟང་
༢༠༡༣/༠༦/༠༢ ཉིན་འདོན་སྤེལ་བྱས།
དངོས་གནས་རེད་གཞོན་ནུ་རྒྱུན་ལས་རྙིང་པ་རྣམས་ཀྱིས་ཕྱག་ལས་དཔེ་ཡག་པོ་གནང་ཡོད་རེད། ཐུགས་རྗེ་ཆེ།
གསར་པ་རྣམས་ཀྱི་དེ་དང་དེ་བཞིན་ཕྱག་ལས་ཡག་པོ་ཡོང་བའི་རེ་བ་ཡོད།།
བོད་རྒྱལ་ལོ། བོད་རང་བཙན། ཆིག་བསྒྲིལ།
བསོད་འོད
༢༠༡༣/༠༦/༠༢ ཉིན་འདོན་སྤེལ་བྱས།
ཧོར་བུ་ལགས། ལས་གནས་སོ་སོའི་ས་མིག་ཐོག་ནས་འོས་ཤོག་གི་གྲངས་ཀ་འདི་སླེབས་ཡོང་གི་ཡོད་རེད། དཔེ་ན་ཚོགས་གཙོའི་འོས་གྲངས་མཐོ་ཤོས་དེ་༦༠་དང་ཚོགས་གཞོན་དང་དྲུང་ཆེར་གཉིས་ཀྱི་འོས་གྲངས་དེ་༩༠ གོང་དུ་སླེབས་ན་ཡང་ཁྱད་པ་གང་ཡང་འགྲོ་གི་མ་རེད ། རྒྱུ་མཚན་ནི། ལས་གནས་སོ་སོའི་ས་མིག་ཐོག་ནས་འོག་ཤོག་བསྡུ་བ་དེ་དང་། འོག་ཤོག་མང་ཉུང་གི་ལམ་ནས་ལས་གནས་གཏན་འབེབ་བྱེད་པ་གཉིས་རྦད་དེ་ལོག་ཀ་རེད
བོད་དགའ།
༢༠༡༣/༠༦/༠༢ ཉིན་འདོན་སྤེལ་བྱས།
སྐབས་ ༡༥ པའི་དབུས་གཞོན་ནུའི་རྒྱུན་ལས་འདེམས་ཐོན་རྒྱལ་ཁའི་ངང་བྱུང་བར་རྟེན་འབྲེལ་ཞུ། ང་ཚོ་མི་རབས་གསར་པའི་བོད་དོན་འཐབ་རྩོད་དེ་ཁྱེད་ཅག་གིས་དབུ་ཁྲིད་པའི་གདིང་ཆ་དེའི་ཐོག་ཏུ་ཡོད་པས་བློ་རྩེ་སྒྲིམ་སྟེ་ཕྱག་ལས་གནང་རོགས་ཞུ།
ཧོར་བུ་ཡེ་ཤེས
༢༠༡༣/༠༦/༠༢ ཉིན་འདོན་སྤེལ་བྱས།
བསྟན་འཛིན་བརྩོན་འགྲུས་ཀྱིས་ཁ་སང་རྒྱར་གར་ཀྱི་གསར་ལམ་བརྙན་འཕྲིན་ndtv ནང་དུ་བཅར་འདྲི་ལ་ཕེབས་འདུག །ངས་མདང་སུམ་བརྙན་འཕྲིན་ནང་དུ་མཐོང་བྱུང་
ཤོག་གྲངས་: [༡] [རྗེས་མ།]
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།