དབྱར་རྩྭ་དགུན་འབུའི་རྩོད་རྙོག་འཕྲལ་དུ་མཚམས་འཇོག་རོཊ།

འདོན་སྤེལ། ༢༠༡༣/༠༦/༠༤

དེ་རིང་༧གོང་ས་མཆོག་གིས་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་ཆེད་དམིགས་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། བོད་ནང་དུ་རི་སྡེ་དང་མི་ཚང་ཕན་ཚུན་བར་ས་རྩོད་ཆུ་རྩོད་ཡོང་གི་ཡོད་པ་དང་། ལྷག་པར་དུ་ཉིན་འདི་འགར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ཐོག་རྩོད་གླེང་བྱུང་སྟེ་ཛ་དྲག་གི་གནས་ཚུལ་འབྱུང་བཞིན་པར་ཐུགས་ཕམ་ཆེན་པོ་མཛད་ཡོད་པ་མ་ཟད། འཚེ་བའི་ལས་དོན་དེ་རིགས་ནང་པའི་ལྟ་སྤྱོད་དང་འགལ་གྱི་ཡོད་པ་མ་ཟད། བོད་པའི་ཡ་རབས་སྤྱོད་བཟང་གི་ཞབས་འདྲེན་ཞིག་ཆགས་ཡོད་སྟབས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་སྐུལ་གནང་འདུག

༧གོང་ས་མཆོག་གི་གསུང་འཕྲིན་ནང་བཀོད་དོན། “ དད་དམ་འགྱུར་མེད་གཞིས་ལུས་རྒྱ་ཆེའི་མི་མང་ཐུན་མོང་ལ། བརྗོད་འབྲས། དེང་འཛམ་གླིང་གི་ཁྱོན་འདིར་རྫས་འཕྲུལ་འཕེལ་རྒྱས་ལ་བརྟེན་ནས་ཕྱི་དངོས་པོའི་ཡར་རྒྱས་ཕུན་སུམ་ཚོགས་པོ་ཡོད་ནའང་། ནང་སེམས་ཀྱི་འཁྱེར་སོ་བྱམས་སྙིང་རྗེའི་བསམ་བློས་ཕོངས་ཏེ་རང་གཞན་ཁོས་སུ་མ་ཕེབས་པར་ཕྱོགས་གང་སར་ཆགས་སྡང་འཁྲུག་རྩོད་རྒྱུན་མི་ཆད་པ་འདི་དག་ལ་ལྟོས་ན་རང་ཅག་གངས་ཅན་པ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གྱུར་པའི་དྲིན་ལས་བྱམས་བརྩེའི་བསམ་བློ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་གི་གོམས་གཤིས་བཟང་པོ་དམིགས་བསལ་ཞིག་མི་རབས་རྒྱུན་ཆགས་སུ་ཡོད་པ་ཡིན།

འོན་ཀྱང་བར་སྐབས་ནས་རང་ཡུལ་ནང་བློ་ཡུལ་དུ་མི་ཤོང་བའི་དཀའ་སྡུག་སྣ་ཚོགས་ཤིག་བྱུང་བ་དང་། ལྷག་པར་སྔ་དུས་དང་མི་འདྲ་བར་དེང་སང་ཞིང་འབྲོག་ཐོན་སྐྱེད་འགན་གཙང་ཞེས་ཡུལ་གྱི་རྩྭ་ས་བདག་སྐྱོང་དུད་ཁྱིམ་དང་། སྡེ་ཚན་ཆུང་ངུ་ཁག་མང་ལ་བགོས་པའི་དབང་གིས་འབྲི་གཡག་དང་། བ་གླང་། ར་ལུག་སོགས་ཕྱུགས་རིགས་འཚོ་སྐྱོང་དང་དབྱར་རྩྭ་དགུན་འབུ་རྐོ་སྐབས་སོགས་ཀྱི་དུས་སུ་ཕན་ཚུན་ས་མཚམས་བརྒལ་རེས་ཕྲན་བུ་ལ་བསྙད་དེ་བསམ་མེད་དོན་མ་གོ་འགའ་ཞིག་ནས་བོད་མི་རིགས་ཤ་ཁྲག་གཅིག་གྱུར་གྱི་ལ་རྒྱར་ཇི་མི་སྙམ་པར་ལམ་སང་གྲི་མེ་མདའ་ལ་འཆང་ནས་ལག་འགྱོགས་རྒོལ་འཛིངས་བྱེད་ལུགས་གོ་ཐོས་ཡོང་གི་ཡོད་པ་བཞིན།

ད་ལམ་ཡང་ས་ཁུལ་འགའ་རེར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་བསྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་མཆོག་གསུམ་སྐྱབས་སུ་བཟུང་ཞིང་། འདི་ཕྱིའི་ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་དང་། ཡང་སྒོས་ངོས་ནས་བོད་གངས་ཅན་གྱི་ལྗོངས་འདི་འཚེ་མེད་ཞི་བའི་མི་སྡེའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་འབད་བརྩོན་བྱེད་མུས་སུ་ཡོད་པ་འདི་དང་མི་མཐུན་པ་ཤེས་གསལ་ཡིན། དེས་ན་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཤ་ཚ་བཟོད་མེད་ཀྱི་རེ་སྐུལ་བྱེད་བཞིན་ཡོད།

སླད་ཀྱང་གནས་ཚུལ་དེ་རིགས་སྐབས་འཕྲལ་སོ་སོར་འདུམ་འགྲིག་ཡོང་ཐབས་སུ་སེར་སྐྱ་བསམ་ཡོད་མྱོང་ཅན་ཚང་མས་ཕན་ཚུན་གཉིས་ཀར་མ་ལན་མ་འགྱོད་པའི་བསླབ་བྱ་ནན་བསྐྱེད་བྱེད་གལ་ཆེ་བའི་གཞེན་བསྐུལ་སྐྱབས་སྨོན་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས།” ཞེས་བསྟན་འདུག

ཤོག་ངོས་འདི་ཐེངས་ ༢༧༤༦ ལ་བཀླགས་འདུག
རིག་པ་འདོན་པ།
གནས་ཚང་
༢༠༡༣/༠༦/༠༥ ཉིན་འདོན་སྤེལ་བྱས།
གནད་དོན་འདིའི་འབྱུང་རྩ་ངོ་མ་དེ་རྒྱ་དམར་གུང་བྲན་ཏང་གི་བོད་ཐོག་བཟུང་བའི་སྲིད་ཇུས་ལས་བསྐྱེད་པ་རེད་མ་གཏོགས་འདི་འདྲའི་ཛ་དྲག་ཆགས་ཀྱི་མ་རེད། དེ་བས། གུང་བྲན་ཏང་ལ་ཁ་གཏད་ནས་ཀྱང་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་ཞུ། དེ་མིན་རྩ་བ་དོར་ནས་ཡལ་གར་འཇུས་པ་རང་རེད།
བློ་བཟང་ཚེ་རིང་
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
དུས་ཐོག་ཆར་པ་ལྟ་བུའི་གསུང་འཕྲིན་ཕེབས་པར་བཀའ་དྲིན་བླ་མེད་དུ་ཆེ། དེང་སྐབས་བོད་ནང་གི་ལུང་པ་མང་པོ་ཞིག་དབྱར་རྩྭ་དགུན་པའི་དོན་དུ་སྨྱོ་སྤྱོད་སྣ་ཚོགས་སྟོན་བཞིན་འདུག ཧ་ཅང་ཛ་དྲག་གནས་སྟངས་ཤིག་ཏུ་གྱར་འདུག སྤྱི་ཟླ་ ༥ ཚེས་ ༡༧ ཉིན་མདོ་སྨད་རེབ་གོང་དུ་དབྱར་རྩྭ་དགུན་འབུ་རྐོ་ཡུལ་རྩོད་རྙོག་ཐོག་བོད་མི་ ༢ དམར་གསོད་བྱས་འདུག སྤྱི་ཟླ་ ༥ ཚེས་ ༣༠ ཉིན་ཆབ་མདོ་ལྷ་ཐོག་ཡུལ་ཚོ་རུ་དབྱར་རྩྭ་དགུན་འབུ་རྐོ་ཡུལ་རྩོད་རྙོག་ཐོག་བོད་མི་ ༣ དམར་གསོད་བྱས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།