རྒྱ་གར་ནང་བོད་མི་ཚོས་སོལ་རླངས་རྫ་མ་ལེན་སྟངས་འདི་འདྲ་རེད།

འདོན་སྤེལ། ༢༠༡༣/༠༦/༡༠

རྒྱ་གར་གཞུང་གིས་དེ་སྔོན་གྱི་སོལ་རླངས་(Gas)བེད་སྤྱོད་སྒྲིག་གཞིར་འགྱུར་བ་བཏང་སྟེ། ༢༠༡༢ ལོའི་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་ནས་བཟུང་དེབ་གཅིག་གི་ཐོག་ནས་ལོ་རེར་རླངས་རྫ་ ༦ རེ་ལས་ལེན་མི་ཆོག་ཅིང་། དེ་ལས་མང་བ་ལེན་དགོས་ཚེ་རླངས་རྫ་རེར་ཧིན་སྒོར་ ༩༧༥ དང་། དེབ་མེད་མཁན་དང་ཚོཊ་པ་ཁག་གིས་རླངས་རྫ་རེར་ཧིན་སྒོར་ ༡༢༧༥ རེ་སྤྲོད་དགོས་པ་བཟོས་འདུག

ཉེ་ལམ་ཞིག་ནས་སྒྲིག་གཞི་དེར་སླར་ཡང་འགྱུར་བ་ཐེབས་ཏེ། ༢༠༡༣ ལོའི་ཕྱི་ཟླ་ ༡ པོ་ནས་བཟུང་ལག་དེབ་ཡོད་མེད་གཉིས་ཀ་དང་། ཚོགས་པ། མི་སྒེར་ཚང་མར་ཁྲོམ་རའི་གོང་ཚད་ལྟར་རླངས་རྫ་རེར་སྒོར་ ༩༣༠ བྱས་ཏེ་བཙོང་རྒྱུ་ཡིན་པ་དང་ལག་དེབ་གཅིག་གི་ཐོག་ནས་ལོ་རེར་རླངས་རྫ་ ༩ རེ་ལེན་ཆོག་པ་བཟོས་ཏེ།  སྒྲིག་གཞི་གསར་པ་དེ་ལོ་འདིའི་ནང་ལག་བསྟར་བྱ་གཏན་ཁེལ་ཡོད་འདུག  

སྐྱབས་བཅོལ་བོད་མི་ཚོར་མཚོན་ན། སོལ་རླངས་ལག་དེབ་སོ་སོའི་མིང་ཐོག་ཏུ་མེད་པར། མི་གཞན་གྱི་མིང་ཐོག་ན་ཡོད་པ་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད་པ་དེ་དག་ངེས་པར་དུ་སོ་སོའི་མིང་ཐོག་ལ་བརྗེ་བསྒྱུར་བྱེད་དགོས་ཤིང་། མིང་བརྗེ་བསྒྱུར་སྐབས་སོ་སོའི་སྐྱབས་བཅོལ་ལག་དེབ་ (RC) དང་། བདེ་འཇགས་ཁག་ཐེག་ཡི་གེ་(Security voucher) གལ་སྲིད། བདེ་འཇགས་ཡི་གེ་མེད་ཚེ་ཁས་ལེན་དམ་ཡིག་(Affidavit) བཅས་དགོས་ཀྱི་ཡོད་འདུག

ལག་དེབ་གསར་པ་བཟོས་རྗེས་སོལ་རླངས་ལས་ཁུངས་ལ་ཐོ་འགོད་བྱེད་དགོས་ཤིང་། དེར་སོ་སོའི་<སྐྱབས་བཅོལ་ལག་དེབ་(RC)དང་། ཨ་ངྷར་འཛིན་བྱང་(Adhar Card)། དེ་བཞིན། མ་འོངས་དཀའ་ངལ་མི་འཕྲད་ཆེད་དངུལ་ཁང་གི་དེབ་ཨང་(Bank Acount )དགོས་རྒྱུ་གལ་ཆེན་ཆགས་ཡོད་འདུག དེ་ནི་མ་འོངས་པར་མི་ཚང་མས་རླངས་རྫ་བརྗེ་བོ་རྒྱག་སྐབས་ཁྲོམ་རྭའི་རིན་གོང་སྤྲོད་དགོས་ཀྱང་ད་ལྟའི་ཆར་ལག་དེབ་སོགས་ཆ་རྐྱེན་ཚང་རིགས་ཚོགས་པ་ཁག་ལ་གོང་ཚད་ཆག་ཡང་གཏན་ཁེལ་མེད་ཀྱང་ མང་ཚོགས་མི་སྒེར་ལ་རླངས་རྫ་རེར་སྒོར་ ༩༣༠ ཡིན་པ་ལས། སྒོར་ ༤༤༧ རང་ངོས་ནས་སྤྲོད་དགོས་ཀྱི་ཡོད་པ་དང་། སྒོར་ ༤༩༣  ཆག་ཡང་དེ་དོ་བདག་གི་དངུལ་ཁང་བརྒྱུད་ཕྱིར་སློག་བྱ་རྒྱུ་ཡིན་འདུག

སྲིད་ཇུས་གསར་བ་འདིའི་ཐད་མི་མང་ནང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་སྟབས། ཉེ་ལམ་གསར་འགོད་པས་བོད་མིའི་སྒྲིག་འཛུཊ་དཔལ་འབྱོར་ལས་ཁུངས་སོལ་རླངས་སྡེ་ཚན་གྱི་འགན་འཛིན་འདན་མ་ཚང་འཇམ་དབྱངས་ནོར་བུ་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། རྒྱ་གར་གཞུང་གིས་སྔོན་མ་ནས་བཟུང་རྒྱལ་ཡོངས་ཀྱི་སོལ་རླངས་དེ་གཏའ་མའི་ལམ་ནས་འགྲེམས་ཚོང་བྱེད་ཀྱི་ཡོད་པ་ཞིག་ཡིན་པ་དང་། ཐོག་མའི་དུས་སུ་སོལ་རླངས་ལག་དེབ་ཅིག་བཟོ་བར་གཏའ་དངུལ་སྒོར་ ༡༥༠ དང་། དེ་ནས་སྒོར་ ༤༥༠ ། སྒོར་ ༩༠༠ བཅས་རིམ་པས་འགྱུར་བ་ཐེབས་ཏེ་ད་ཆར་སྒོར་ ༣༠༥༠ ལེན་གྱི་ཡོད་འདུག

རྗེས་ཕྱོགས་སོལ་རླངས་ལག་དེབ་གསར་དུ་བཟོ་མཁན་དང་། ཡང་ན་མིང་བརྗེ་བསྒྱུར་བྱེད་མཁན་སུ་ཞིག་ཡིན་རུང་སྐྱབས་བཅོལ་ལག་དེབ་ (RC) དང་རྒྱ་གར་གཞུང་གི་ཨ་ངྷར་འཛིན་བྱང་(Adhar Card)། གཞན་དངུལ་ཁང་གི་འཛིན་བྱང་བཅས་ངེས་པར་དུ་དགོས་པའི་ཆ་རྐྱེན་བཞག་ཡོད་ཅིང་དེར་ངེས་པར་དུ་ཨ་ངྷར་འཛིན་བྱང་དང་སོལ་རླངས་ལག་དེབ། དངུལ་ཁང་འཛིན་བྱང་བཅས་མིང་གཅིག་པ་ཡིན་དགོས་ཤིང་། མིང་མི་མཐུན་པའི་རིགས་ལ་སོལ་རླངས་ལས་ཁུངས་ཀྱིས་རོགས་རམ་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་(Direct cash transfer) སྲིད་ཇུས་དེ་ཧི་མ་ཅཱལ་མངའ་སྡེའི་ཁྱབ་ཁོངས་ཀྱི་ཨོའུ་ནཱ་(UNA) རྫོང་དང་མན་ཌེ་རྫོང་(MANDI) ། བྷི་ལ་སི་སྦོར་(BILASPUR) བཅས་རྫོང་ཁག་གསུམ་ནང་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། རིམ་གྱིས་ངྷ་རམ་ས་ལར་ལག་བསྟར་བྱ་རྒྱུ་ཡིན་འདུག རྒྱ་གར་གཞུང་གི་ཨ་ངྷར་འཛིན་བྱང་དེ་ཧ་ཅང་གལ་ཆེན་ཆགས་རྒྱུ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་སོལ་རླངས་ལས་ཁུངས་ཀྱིས་བོད་མི་ཚོར་སྐུལ་སློང་གིས་ཨ་ངྷར་འཛིན་བྱང་བཟོ་རུ་བཅུག་སྟེ། མ་འོངས་པར་བོད་མི་ཚང་མ་ཆག་ཡང་གི་ལམ་ནས་རག་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་འདུག

གསར་འགོད་པས་ཁོང་ལ་རླངས་རྫས་སྐོར་གྱི་སྒྲིག་གཞི་དེ་རྒྱ་གར་ཡུལ་མི་དང་བོད་མི་སྐྱབས་བཅོལ་བ་གཅིག་མཚུངས་ཡིན་མིན་དྲིས་པར། རླངས་རྫའི་རིན་གོང་གི་ཐད་ནས་རྒྱ་གར་ཡུལ་མི་དང་བོད་པ་གཅིག་མཚུངས་རེད། ཡིན་ནའང་། མ་འདྲ་བ་དེ་ཡུལ་མི་ཚོའི་ཁྲོད་དུ་མིང་བརྗེ་བསྒྱུར་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། བོད་མི་མང་ཆེ་བ་འཕྲལ་སེལ་རིང་སྡོད་མཁན་ཡིན་སྟབས་མིང་བརྗེ་བོ་རྒྱག་མཁན་མང་པོ་འདུག དེའི་ཕྱོགས་ནས་རྒྱ་གར་གཞུང་གིས་ཀྱང་ང་ཚོར་དམིགས་བསལ་མིང་བརྗེ་བོ་རྒྱག་ཆོག་པའི་ཆོག་མཆན་སྤྲད་པ་རེད། དེས་བོད་མི་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད། ཡུལ་མི་དང་མི་འདྲ་ས་གཞན་ཞིག་ནི། ཡུལ་མི་ཚོས་རཱ་ཤིན་འཛིན་བྱང་(Ration card)བརྒྱུད་དེ་ནང་མི་ལྔརླངས་རྫ་གཅིག་མ་གཏོག་ལེན་ཆོག་གི་ཡོད་པ་མ་རེད། བོད་མི་ཚོའི་ངོས་ནས་ད་ལྟ་ཡོད་པའི་ཐོབ་ཐང་དེ་དག་བེད་སྤྱོད་ཡག་པོ་མ་བཏང་ཚེ་དཀའ་ངལ་འཕྲད་སྲིད་པ་རེདཅེས་བརྗོད་བྱུང་

ཡང་ཁོང་ལ་རླངས་རྫ་ལེན་སྐབས་ཀྱི་ཆག་ཡང་ཟེར་བ་དེ་ཇི་ལྟར་ཡོང་གི་ཡོད་མེད་དྲིས་པར། སྔོན་མ་ཚོགས་པ་ཁག་ལ་རླངས་རྫ་རེར་ ༡༣༥༠ ཡིན་ཡང་། དེང་སྐབས་ཆག་ཡང་བྱས་ཏེ་སྒོར་ ༡༠༠༠ རེད། དེ་ཆགས་དགོས་པའི་རྒྱུ་མཚན་སྔོན་མ་ཁོང་ཚོར་ཚོང་གི་ཁྲལ་བརྒྱ་ཆ་ ༡༣༌༥% ཡིན་ཡང་། ད་ཆར་ཁྲལ་བརྒྱ་ཆ་% ཙམ་རེད། ཚོགས་པ་དང་མི་སྒེར་སུ་ཡིན་ཡང་རླངས་རྫའི་གྲངས་འབོར་ ༩ ལས་བརྒལ་བ་ཡིན་ན་གནས་སྐབས་རིང་སྒོར་ ༩༩༥ རེད། སྲིད་ཇུས་དེ་མ་བསླེབ་པར་དུ་སྒོར་ ༤༤ བྱས་ཏེ་ལེན་ཐུབ་ཀྱི་ཡོད་པ་རེདཞེས་བརྗོད་བྱུང་

ཡང་བོད་པའི་གཞིས་ཆགས་ཁག་དང་ས་གནས་གཞན་དག་ནང་སོལ་རླངས་ལེན་ཕྱོགས་གང་འདྲ་ཡོདདམ་ཞེས་དྲིས་པརབོད་པའི་གཞིས་ཆགས་དང་ས་གནས་གཞན་དག་ནང་། ད་ལྟའི་ཆ་རྐྱེན་སྐྱབས་བཅོལ་ལག་འཁྱེར་དང་ཨ་ངྷར་འཛིན་བྱང་། དངུལ་ཁང་གི་འཛིན་བཅས་ཀྱི་ཐོག་ཆ་རྐྱེན་ཚང་དགོས་པ་གཅིག་མཚུངས་ཡིན་ཡང་། ཁོང་ཚོ་ང་ཚོ་དང་མི་འདྲ་བར་ཁོང་ཚོས་ད་ལྟའི་བར་རཱ་ཤིན་འཛིན་བྱང་གི་ཐོག་ནས་ལེན་གྱི་ཡོད་པ་རེད། ང་ཚོའི་མི་མང་དང་མི་འདྲ་ས་གཙོ་བོ་ར་ཤིན་འཛིན་བྱང་གི་ཆ་རྐྱེན་དེ་རེདཅེས་བརྗོད་བྱུང་

མཇུག་ཏུ་གལ་སྲིད་རླངས་རྫའི་ལག་དེབ་མེད་མཁན་ཚོས་སོལ་རླངས་རྫ་མ་ལེན་ཐུབ་པའི་ལམ་ཁ་ཡོད་མེད་དྲིས་པར། ལག་དེབ་མེད་མཁན་ཚོར་རླངས་རྫ་ལེན་པའི་ལམ་ཁ་ཡོད་པ་རེད། ཡིན་ནའང་། རྒྱ་གར་གཞུང་གིས་ད་ལྟ་སོལ་རླངས་དེ་ཁྲིམས་མཐུན་དང་ཁྲིམས་མཐུན་མ་ཡིན་པ་བཅས་རིགས་གཉིས་སུ་བཀར་འདུག་སྟབས། དེའི་རིགས་ཁྲིམས་མཐུན་མ་ཡིན་པ་ཆགས་ཡོད་སྟབས། རླངས་རྫ་བླངས་ཆོག་ཀྱང་ཕྱེད་བཅག་གི་ལམ་ཁ་ཡོད་པ་མ་རེདཅེས་བརྗོད་སོང་

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༢༠༠༨ ལ་བཀླགས་འདུག
རིག་པ་འདོན་པ།
ཕུན་ཚོགས་ཆོས་རྒྱལ།
༢༠༡༣/༠༦/༡༠ ཉིན་འདོན་སྤེལ་བྱས།
གསར་འགྱུར་འབྲི་ན་འདི་འདྲ་བ་འབྲི་དགོས་པ་རེད། དཔྱད་བརྗོད་ཀྱི་རང་བཞིན་ལྡན་པ་དང་སྤྱི་སྒེར་གཉིས་ཀར་ཕན་ཐོགས་པ་ཞིག་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།