བོད་ནང་གི་གནས་སྟངས་ལ་འགྱུར་བ་གཏོང་དགོས་པའི་སྐོར་གྱི་སྙན་ཞུ།

འདོན་སྤེལ། ༢༠༡༣/༠༦/༡༥

སྔར་ལོའི་ལོ་མཇུག་ཏུ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ལ་ཉེ་སྐབས། བོད་རིགས་སློབ་གྲྭ་ཆེན་མོ་བ་དང་དགེ་རྒན། དགོན་སྡེ་ཁག་ཅིག་གི་དགེ་འདུན་པ་བཅས་ཀྱིས་མཉམ་འབྲེལ་ཐོག་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་དང་དམངས་ཆེན་ལ་བོད་ནང་གི་གནས་སྟངས་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་ལགས་སུ་བོད་ནས་མཐོ་རིམ་སློབ་མ་མིང་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྔར་ལོའི་ལོ་མཇུག་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ ༡༨ པ་འཚོགས་ལ་ཉེ་བ་དང་བསྟུན་ཏེ། ༢༠༡༢ ཟླ་ ༡༠ ཚེས་ ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སློབ་གསོ་སློབ་ཆེན། མཚོ་ལྷོ་དགེ་ཐོན་སློབ་གྲྭ། དེ་བཞིན། བོད་ཁུལ་གྱི་མཐོ་འབྲིང་སློབ་གྲྭ་ཁག་གི་བོད་རིགས་དགེ་སློབ་སྐོར་ཞིག དགོན་སྡེ་ཁག་ཅིག་གི་དགེ་འདུན་པ་བཅས་མཉམ་འབྲེལ་ཐོག རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་དང་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ལ་དོན་ཚན་ ཅན་གྱི་མི་རིགས་སློབ་གསོའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་འདུག

སྙན་ཞུའི་དོན་ཚན་དང་པོའི་ནང་ སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཀྱི་རྩ་བ་ནི། མི་རིགས་འདྲ་མཉམ་དང་མི་རིགས་ཕན་ཚུན་བར་བརྩི་མཐོང་ ཆབ་སྲིད་ཀྱི་བཙན་གནོན་དང་དཔལ་འབྱོར་དབྱེ་འབྱེད་མེད་པ་བཅས་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་མི་རིགས་ལ་བརྩི་མཐོང་དང་བཙན་གནོན་མེད་པའི་ཁོར་ཡུག་ཅིག་བསྐྲུན་པར་འབོད་སྐུལ་ཞུ་རྒྱུ་ཡིན། གཉིས་པ། བོད་ཁུལ་གྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་སུ་ཡོད་པའི་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་རྒྱའི་སྐད་ཡིག་དང་འདྲ་མཉམ་ཐོག བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་གཞུང་ཕྱོགས་ནས་བསམ་བློ་གཟབ་ནན་གཏོང་དགོས།

གསུམ་པ། བོད་མི་རིགས་གཞི་རྩའི་གོང་འཕེལ་གཏོང་བར་སྡོད་ཁང་གསར་རྒྱག་སོགས་ཕྱིའི་འཛུགས་སྐྲུན་གཅིག་པུ་མིན་པར། བོད་ཀྱི་སྐད་ཡིག་སྡེ་ཁག་ཡོད་པའི་མི་རིགས་སློབ་ཆེན་ཁག་ཏུ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར། ཚན་རིག སྤྱི་ཚོགས་རིག་པ་བཅས་ལ་ཆེད་ལས་མཁས་པ་སྐྱེད་སྲིང་བྱེད་པའི་སྡེ་ཁག་གསར་འཛུགས་ཀྱིས་བོད་རིགས་ཤེས་ལྡན་པ་མང་པོ་སྐྱེད་སྲིད་བྱ་དགོས་ལ། དེ་ནི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་ལམ་སྲོལ་ཡིན་སྟབསདེའི་ཐད་བསམ་བློ་གཏོང་རྒྱུ།

 བཞི་པ། བོད་ཁུལ་གྱི་སློབ་འབྲིང་ཁག་ནང་རྒྱ་ཡིག་གཙོར་བཟུང་གི་སློབ་ཁྲིད་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ། མི་རིགས་ལ་མཐོང་ཆུང་གི་སྲིད་ཇུས་གདུག་རྩུབ་ཅན་ཞིག་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་ངེས་པར་དུ་བསྒྱུར་བཅོས་བྱ་དགོས། ལྔ་པ། བོད་མི་རིགས་ནི་དངོས་པོའི་དཔལ་ཡོན་ལས་བསམ་པའི་དཔལ་ཡོན་གཙོ་ཆེར་བརྩི་མཐོང་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། བོད་ཁུལ་དུ་ཆོས་ལུགས་དད་མོས་ལ་སྔར་ལས་རང་དབང་དང་ཐོབ་ཐང་སྤྲོད་དགོས།

དྲུག་པ། བོད་ཀྱི་དགོན་སྡེ་ཁག་ཏུ་གུང་ཁྲན་ཏང་གི་འདུ་ཤེས་སྐྱེད་སྲིང་གཞིར་རྩར་བཟུང་སྟེ་དོ་དམ་སྟངས་འཛིན་ཤུགས་སྣོན་བྱེད་བཞིན་པ་མཚམས་འཇོག་དང་ ཆབ་སྲིད་ཀྱི་དབང་ཆ་ངོ་མ་ཡོད་པའི་བོད་རིགས་དཔོན་པོ་དང་ལས་བྱེད་གསོ་སྐྱོང་བྱ་དགོས། བདུན་པ། བོད་ཁུལ་དུ་རྒྱ་རིགས་དང་ཁ་ཆེ་བཅས་མི་རིགས་མང་པོ་གནས་སྤོར་བྱས་ཏེ། བོད་ཀྱི་ས་ཆའི་བདག་པོ་ངོ་མ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་གནས་སྟངས་དེས། བོད་རིགས་མང་པོར་ཕོག་ཐུག་དང་སེམས་ཁྲལ་བཟོས་ཡོད་སྟབས། བོད་ཁུལ་དུ་མི་རིགས་གཞན་པ་གནས་སྤོར་བྱེད་པའི་སྲིད་ཇུས་ལ་མནོ་བསམ་གཏོང་དགོས།

བརྒྱད་པ། དབུས་གཞུང་གི་གཏན་འབེབས་བྱས་པའི་ཁྲིམས་སྲོལ་མི་རིགས་རང་སྐྱོང་གི་སྲིད་ཇུས་ངོ་མ་ལག་བསྟར་གཙང་མ་བྱ་རྒྱུ་དང་ བོད་ཀྱི་ས་ཁུལ་དུ་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་དང་ འབྲོག་པ་གྲོང་རྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་དེ་བསྒྱུར་བཅོས་བྱ་དགོས། བོད་པའི་རིག་གནས་དང་གོམས་གཤིས་སོགས་ལ་ཚད་ལས་བརྒལ་བའི་རྡོག་བརྫིས་གཏོང་བཞིན་པ་དེས། བོད་མིའི་སེམས་ལ་བཟོད་ཐབས་བྲལ་བའི་ན་ཟུག་བཟོ་བཞིན་པར་བསམ་ཞིབ་བྱེད་དགོས། ཞེས་བཀོད་འདུག

གསར་འགོད་པས་རྒན་དམ་ཆོས་དཔལ་བཟང་ལགས་སུ། བོད་རིགས་སློབ་ཆེན་པ་དེ་དག་གི་རེ་འདུན་ཞུ་ཡིག་དེར་གྲུབ་འབྲས་འཐོན་སྲིད་མིན་དགོངས་ཚུལ་དྲིས་པར་ཁོང་གིས།སློབ་གྲྭ་ཁག་ཚང་མས་ངོ་རྒོལ་བྱེད་དགོས་ན་དཀའ་ལས་ཁག་པོ་རེད། དཔེར་ན། ན་ནིང་མགོ་ལོག་ཁུལ་གྱི་སློབ་མ་ཚོས་སློབ་གྲྭ་ཁག་གི་སློབ་ཚན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནང་མེད་ཚེ། སློབ་གྲྭར་ཡོང་རྒྱུ་མིན་ཟེར་ནས་མ་ཡོང་བར་བརྟེན། གཞུང་ཕྱོགས་ནས་ལོ་གསུམ་གྱི་ནང་དུ་བོད་ཡིག་སློབ་ཁྲིད་བྱེད་པར་བསྒྱུར་བཅོས་མི་གཏོང་རྒྱུ་ཐག་གཅོད་བྱས་པ་རེད། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིན་གྱིས་སློབ་གསོའི་བྱ་བ་གཙོར་འཛིན་གནང་རྒྱུ་ཡིན་པའི་སྐད་ཆ་བཤད་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་ནས་གནད་དོན་འདིར་བསམ་ཤེས་མི་བྱེད་ཐབས་མེད་ཅིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུགབརྗོད་སོང་

ཤོག་ངོས་འདི་ཐེངས་ ༡༨༤༥ ལ་བཀླགས་འདུག
རིག་པ་འདོན་པ།
སའིི་ལྷ་མོ
༢༠༡༣/༠༦/༡༦ ཉིན་འདོན་སྤེལ་བྱས།
འདི་འཕྲིན་བཟང་ཞིག་ཡིན་ནམ།༽ དྲྭ་གྲོགས་ཚོས་ངེས་པར་དུ་ཞིབ་ཀློགས་ཞིག་གནང་རོགས། ཁ་སང་སྟེ་ཕྱི་ཟླ༦པའི་ཚེས་༡༤ཉིན་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞིང་ཆེན་རིམ་པའི་འགོ་ཁྲིད་འགས་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཆབ་སྲིད་དགེ་རྒན་ཚེ་དཔའ་སྟོབས་ལྡན་ལགས་ཀྱིས། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གསར་བ་ལོ་ཧེ་ཉིན་གཙོ་བྱས། ལས་ཁུངས་སོ་སོའི་འགོ་ཁྲིད་མཉམ་རུབ་ཀྱིས་བོད་ཁུལ་གྱིའཕེལ་རྒྱས་དང་། བདེ་འཇཊ་ལ་དམིགས་ཏེ་གཏན་ཁེལ་བྱས་པའི་སྲིད་ཇུས་གསར་བའི་ཡིག་ཆ་ཟེར་བ་ཞིག་ཚོད་ལྟའི་ཚུལ་དུ་འཆད་ཁྲིད་བྱས་བྱུང་། འཆད་ཁྲིད་ཀྱི་ཡིག་ཆའི་ནང་དོན་གཙོ་བོ་ནི། རྒྱལ་གཅེས་ཆོསགཅེས་ཀྱི་བསམ་བློ་དར་སྤེལ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས། སྤྱི་ཚོགས་ལ་ཞབས་འདེགས། བོད་ཁུལ་བདེ་འཇགས་སོགས་ཡིན་ཟེར་ཡང་། དུས་ཚོད་གཅིག་རིང་གི་འཆད་ཁྲིད་ཀྱི་བརྗོད་སྙིང་ནི། ནང་བསྟན་ཆོས་ལུགས་འཛམ་གླིང་སྒང་དུ་དར་ཚུལ་དང་། བོད་གངས་ཅན་གྱི་ཡུལ་དུ་དར་ཚུལ། བོད་དུ་དར་ཚུལ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་བཞི་སྟེ།བོད་བཙན་པོའི་རྒྱལ་རབས་སྐབས་དང་།སོག་པོའི་ཡོན་རྒྱལ་རབས་སྐབས། རྒྱ་ནག་མིང་རྒྱལ་རབས་སྐབས།མན་ཇིའི་ཆིན་རྒྱལ་རབས་སྐབས་སོགས་དང་། རྒྱལ་རབས་དེ་དག་གི་སྤྱི་ཚོགས་ཀྱི་ནང་དུ་བོད་ཀྱི་ནང་བསྟན་དར་རྒུད་ནི་རྒྱལ་རབས་དེ་དག་དང་། རྒྱལ་རབས་དེ་དག་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་རག་ལས་པ་དང་། རྒྱལ་རབས་དེ་དག་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་གྱིས་བོད་དུ་ནང་བསྟན་འཕེལ་རྒྱས་སུ་སོང་ནས་གཞི་རྐང་བརྟན་པོ་ཞིག་ཚུཊ་ཚུལ་དང་། འཇིག་རྟེན་འདིར་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་བྲལ་བའི་ཆོས་ལུགས་ཤིག་ཡུན་རིང་འཕེལ་རྒྱས་སུ་འགྲོ་མི་སྲིད་པས། མ་འོངས་པའི་ནང་བསྟན་དར་རྒུད་ཡང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས་པས།བོད་ཀྱི་རྒྱ་ཆེའི་དད་ལྡན་མི་མང་དང་གྲྭ་བཙུན་དག་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་དང་སྲུང་སྐྱོབ། བཅའ་ཁྲིམས་ཀྱི་གཏན་ཁེལ་དང་ཁེ་དབང་འོག་ནས་ནང་བསྟན་དར་སྤེལ་དང་རྒྱུད་འཛིན་བྱེད་དགོས་ཚུལ། བདེ་འཇགས་མིན་པའི་དགོན་སྡེ་དག་ལ་གོང་རིམ་གྱིས་ལས་བྱེད་མི་སྣ་མངཊ་གཏོང་བྱས་ཏེ། ནང་ཁུལ་བདེ་འཇགས་ལ་བཙན་གྱིས་བཀའ་བཀོད་མི་གཏོང་བར་བདེ་འཇགས་ཡོང་བར་ཞབས་ཞུའི་ལས་དོན་དང་བྱ་བ་བསྒྲུབ་རོགས་བྱེད་རྒྱུ་དང་། བདེ་འཇགས་སུ་གྱུར་རྗེས་ལས་བྱེད་མི་སྣ་དགོན་པའི་ནང་དུ་གཏན་སྡོད་མི་བྱེད་པར་ཕྱིར་འཐེན་དང་། བདེ་འཇགས་ཀྱི་དགོན་པར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་པ་སོགས་ཟེར། ཉིས་སྟོང་བརྒྱད་ནས་ད་ལོའི་བར་གྱི་ལོ་ངོ་བཞིའི་རིང་། ཏང་གི་ཆོས་ལུཊ་སྲིད་ཇུས་བྱེད་ཕྱོཊ་གཡོན་ལྷུང་བྱུང་སྟེ། བླ་མ་དགེ་བའི་བཤེས་གཉེན་དང་གྲྭ་བཙུན་དགགིས༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱལ་མཚོ་མཆོག་ལ་ཆོས་གོས་གྱོན་པའི་སྤྱང་ཀི་ལ་སོགས་ཚད་ལས་བརྒལ་བའི་སྡུག་དམོད་དང་། ཁ་མིང་མཚན་མིང་བཏཊ་ཏེ་དགག་པ་གཏོང་དགོས་པའི་སྲིད་ཇུས་བྱུང་མྱོང་། དུས་ད་ནས་བཟུང་ཆོས་ལུགས་པ་ཞིག་ཡིན་ན། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་སྡུག་དམོད་གཏོང་མི་དགོས་ལ། སྡུག་དམོད་དང་དགག་པ་གཏོང་དགོས་བའི་བཀའ་དང་བཙན་ཡང་གོང་རིམ་ནས་མེད།ཆོས་ལུགས་ཀྱི་ཐད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་དད་པ་དང་གུས་བཀུར་བྱེད་ཆོག་ལ་རྗེས་སུ་ཡང་འབྲང་ཆོག འོན་ཀྱང་ཆབ་སྲིད་ཀྱི་ཐད་ནས་ཁོང་གི་རྗེས་སུ་འབྲང་མི་ཆོགཆོས་ལུགས་དང་ཆབ་སྲིད་གཉིས་སོ་
སོར་དབྱེ་ནས་འགྲོ་དགོས་ཚུལ་སོཊ་ཟེར། ད་དུང་དགོན་པའི་དོ་དམ་བྱེད་ཕྱོགས་དང་རང་ཐག་རང་གཅོད་ཀྱི་
ཐད་དང་། གོང་རིམ་གྱི་ལས་བྱེད་མི་སྣས་དགོན་པར་ཞབས་ཞུ་སྒྲུབ་ཚུལ་སོགས་ཀྱི་ཐད་ནས་ཀྱང་མང་དུ་ལབ་བྱུང་། ཡིག་ཆ་དེ་ད་ལོའི་ཕྱི་ཟླ་བརྒྱད་པ་དང་དགུ་བ་ནས་བོད་ཀྱི་སློབ་གྲྭ་ཆེ་འབྲིང་དང་དགོན་སྡེ། ཞིང་འབྲོག་ཀུན་ཏུ་འགྲེམ་སྤེལ་དང་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
རྫ་ཆུའི་ཟླ་བ།
༢༠༡༣/༠༦/༡༦ ཉིན་འདོན་སྤེལ་བྱས།
སྙན་ཞུའི་ནང་གི་དོན་ཚན་ཚང་མ་དགོས་མཁོ་ཆེ་བའི་དོན་དག་གལ་ཆེན་ཤ་སྟག་ཡིན་པར་མ་ཟད་དེ་རིང་སང་གི་རྒྱ་བོད་གནས་སྟངས་དང་འབྲེལ་བའི་འཐུས་སྒོ་ཚང་བའི་རེ་འབོད་དོན་སྙིང་ཅན་ཞིག་ཆགས་འདུག་སྙམས།
བོད་རྒྱའི་གནས་སྟངས་འདི་དཀྲུགས་ཤིང་མཁན་དང་ཕན་ཚུན་བར་འགལ་ཟླ་བཟོ་མཁན་གྱི་ཚོགས་པ་དང་རུ་<ཁག་དག་གི་ཚོང་རྫས་སུ་མི་འགྱུར་བའི་གུད་ཡང་བློ་མིག་གིས་གཟིགས་སྟེ་ཕྱོགས་གཉིས་པོའི་མཐོ་རིམ་བར་རྒྱུས་ལོན་བྱས་ཏེ་ཕྱོགས་གཉིས་པོས་སྲིད་གཞུང་གིས་མེས་རྒྱལ་གོང་བུ་གཅིག་འགྱུར་གྱི་འཕེལ་ཕྱོགས་སུ་གོམ་ཁ་གསར་བ་སྤོ་དགོས།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།