ཕྱི་གྱར་བོད་མི་ཚོ་ཁྱིམ་ཐོ་ལས་ཕྱིར་འཕུད་གཏོང་གི་འདུག་ཟེར།

འདོན་སྤེལ། ༢༠༡༣/༠༦/༡༨

ད་ལོ་ནས་བཟུང་རྒྱ་གཞུང་གིས་ཕྱི་ལོགས་ལ་བྲོས་བྱོལ་དུ་ཕྱིན་པའི་བོད་མི་ཚང་མ་ཁྱིམ་ཐོ་ལས་ཕྱིར་འཕུད་གཏོང་བཞིན་ཡོད་ཅིང་། མ་འོངས་པར་བོད་ནང་ལོག་མཁན་ཚོར་ཆའི་བདག་དབང་སོགས་གང་ཐད་ནས་གྱོང་རག་རྒྱུ་རེད་ཟེར།

དེང་སང་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་བའི་ཕྱི་རྒྱལ་གྱི་ཡུལ་ལུང་གང་སར་ཡོད་པའི་སྐྱབས་བཅོལ་བོད་མིའི་ནང་ཕྱིར་ཕ་ཡུལ་དུ་གཉེན་འཕྲད་དང་གཏན་སྡོད་དུ་ལོག་མཁན་ཧ་ཅང་མང་ལ། ལམ་བར་སོགས་ནས་དཀའ་ངལ་ཡང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཉེ་ཆར་ཕ་ཡུལ་ལ་གཉེན་འཕྲད་དུ་ཕྱིན་པའི་མཛོ་དགེ་བྱམས་པ་ལགས་སུ། བོད་ནང་གི་མཐོང་ཐོས་མྱོང་གསུམ་ཐད་གླེང་མོལ་བྱས་པར། ད་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྲིད་བྱུས་གསར་པ་ཞིག་གཏན་འབེབས་ཀྱིས། ཀྲུང་གོའི་མངའ་ཁོངས་ལས་ཕྱི་ལོགས་སུ་བྲོས་ཕྱིན་པའི་རིགས་ཚང་མ་རིམ་པ་བཞིན་ཁྱིམ་ཐོ་ལས་ཕྱིར་འཕུད་གཏོང་བཞིན་ཡོད་སྐོར་བརྗོད་སོང་

ཁོང་གིས་ཐོག་མར་ཕྱི་རྒྱལ་མི་སེར་ཚོ་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་རྒྱུར་དཀའ་ངལ་འཕྲད་བཞིན་པའི་སྐོར་ངོ་སྤྲོད་གནང་བ་ལྟར་ན། ཕྱི་རྒྱལ་ཁག་ནས་ཡོང་མཁན་ཚོ་བོད་ཁུལ་གྱི་ས་ཆ་མང་པོར་སྐོར་སྐྱོད་བྱེད་པར་དམ་དྲག་བྱེད་ཀྱི་ཡོད་པ་དང་ ལྷག་པར་དུ་རྒྱལ་ས་ལྷ་ས་རུ་འགྲོ་བར་དམིགས་བསལ་གྱིས་ལག་འཁྱེར་ཞིག་བཟོ་དགོས་ཀྱི་འདུག དཔེར་ན། རྔ་པ་དང་དཀར་མཛེས་ཕྱོགས་ནས་ལྷ་སར་སྐྱོད་མཁན་གྱི་ཕྱི་རྒྱལ་བ་སུ་ཞིག་ཡིན་རུང་། ཐོག་མར་ཁྲིན་ཏུའུ་རུ་ཆེད་འཛུགས་བྱས་ཡོད་པའི་བོད་ཀྱི་ཡུལ་སྐོར་སྣེ་ཤན་ཁང་དུ་སོང་སྟེ། ལྷ་སའི་ས་གནས་གང་དག་ཏུ་འགྲོ་རྒྱུ་ཡིན་སོགས་ཐོ་འགོད་དང་། ཁོ་ཚོའི་གཏན་འབེབས་བསྡོམས་རྩིས་ལྟར་དངུལ་མང་པོ་སྤྲོད་དགོས་པ་མ་ཟད། ཡུལ་སྐོར་བ་བཞི་རེར་སྣེ་ཤན་པ་གཅིག་རེ་གོ་སྒྲིག་བྱེད་བཞིན་ཡོད་སྟབས། མི་བཞི་མེད་ན་ལྷ་ས་རུ་སྐོར་སྐྱོད་ཆོག་པའི་ལག་འཁྱེར་རག་གི་མེད་ཚུལ་སོགས་བརྗོད་བྱུང་ 

ཁོང་གིས་དེང་སྐབས་གཞིས་ལུས་བོད་མི་ཚོར་བོད་དོན་སྐོར་ལ་གོ་རྟོགས་མཐོ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་དོན།༢༠༠༧ ལོར་ང་ཕ་ཡུལ་དུ་འགྲོ་དུས། བོད་ནང་གི་མི་མང་པོའི་བོད་དོན་ཐོག་གོ་རྟོགས་ཧ་ཅང་སྐྱོ་བོ་རེད། བཙན་བྱོལ་བོད་གཞུང་ཞིག་ཡོད་པ་ཤེས་ཀྱི་མི་འདུག ཡིན་ནའང་། ༧གོང་ས་མཆོག་གི་སྐོར་མང་པོ་འདྲི་གི་འདུག་ལ། ༧གོང་ས་མཆོག་བོད་དུ་མ་ཕེབས་པ་མ་གཏོགས་ཕེབས་ཆོག་ཆོག་ཅིག་ཡོད་པར་བསམ་གྱི་འདུག  ངས་ཁོ་ཚོར་སྔོན་མའི་ལྷ་སའི་བོད་གཞུང་དེ་རང་འཇགས་དེང་སྐབས་རྒྱ་གར་ངྷ་རམ་ས་ལར་བཙུགས་ཡོད་སྐོར་བཤད་དུས་ད་གཟོད་ཧང་སངས་མདོག་གིས་གཉིད་འདྲ་བོ་སད་ཡོང་གི་འདུག འོན་ཀྱང་། ད་ལྟ་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ཏེ། མི་རིགས་ཀྱི་འདུ་ཤེས་དང་བོད་དོན་གོ་རྟོགས་ཀྱང་ཡར་རྒྱས་ཆེན་པོ་བྱིན་འདུག ཅེས་བརྗོད་སོང་

བཙན་བྱོལ་བ་ཚོ་ཕྱིར་ཕ་ཡུལ་དུ་ལོག་ན་དཀའ་ངལ་གང་འདྲ་འཕྲད་ཀྱི་ཡོད་མེད་དྲིས་པར་ཁོང་གིས།  ང་ཕ་ཡུལ་ནས་ལམ་དུ་ཆས་ཏེ་བདུན་ཕྲག་གཅིག་ཙམ་ལས་མ་འགོར་བར་ས་གནས་ཉེན་རྟོག་པས་ངེད་ཚང་གི་ཁྱིམ་ཐོ་འཁྱེར་ཤོག དེའི་ནང་ནས་ངའི་མིང་ཐོ་གསུབ་རྒྱུ་ཡིན་ཞེས་བརྗོད་ཡོད་སྟབས། ངའི་ཕུ་བོ་ཉེན་རྟོག་ཁང་དུ་སོང་སྟེ། མི་དངོས་སུ་ཡོད་པ་བཞིན་ལོ་ལྟར་ཁྱིམ་ཐོའི་ཁྲལ་སོགས་ཆ་ཚང་འཇལ་བཞིན་ཡོད་ལ། ཁྱིམ་མི་ཚང་མས་མ་འོངས་པར་ཁོ་ཕ་ཡུལ་དུ་ལོག་པར་རེ་བ་རྒྱག་གི་ཡོད་སྟབས། ཁོ་མ་ཤི་བར་དུ་ཁྱིམ་ཐོ་ལས་ལེན་རྒྱུ་མིན་ཞེས་བཤད་པར། ཁྱིམ་ཐོའི་ལག་དེབ་སྟེང་ནས་མ་བླངས་ཀྱང་གློག་ཀླད་ནང་ནས་བསུབས་ཟིན་ཡོད་པ་དང་། སྲིད་བྱུས་འདི་རྒྱལ་ཁབ་ཀྱིས་ད་ལོ་གསར་དུ་གཏན་འབེབས་བྱས་པ་ཞིག་ཡིན་ལུགས་བརྗོད་འདུགཅེས་བརྗོད་བྱུང་

བྱམས་པ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན།  སྤྱིར་བཏང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱིམ་ཐོ་ཟེར་བ་དེ་ཁྱིམ་ཚང་ཞིག་ལ་ཁྱིམ་མི་ག་ཚོད་ཡོད་པའི་ལག་དེབ་ཙམ་ལས། རྒྱལ་ཁབ་ཅིག་གི་མི་སེར་ཡིན་པའི་ཐོབ་ཐང་ལག་འཁྱེར་ལྟ་བུ་མ་རེད། ཡིན་ནའང་། རྒྱ་གཞུང་གིས་དེ་མི་སེར་གྱི་ཐོབ་ཐང་ལག་འཁྱེར་ལྟ་བུར་བཀོལ་སྤྱོད་བྱེད་བཞིན་འདུག ང་རང་ལ་ལག་འཁྱེར་དེས་ཕན་ཐོགས་དང་མི་ཐོགས་བཤད་ཤེས་ཀྱི་མི་འདུག ཡིན་ནའང་། རྒྱ་གར་དང་བལ་ཡུལ་སོགས་ནས་ཕྱིར་ཕ་ཡུལ་དུ་ལོག་མཁན་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ལྷག་པར་དུ་གཏན་སྡོད་བྱེད་མཁན་ཚོར་ས་ཆའི་བདག་དབང་སོགས་གང་ཅིའི་ཐད་གྱོང་ཆེན་པོ་རག་གི་རེད།ཅེས་བརྗོད་སོང་

མཇུག་ཏུ་ཁོང་གིས་བོད་ནང་གི་བོད་མི་ཚོ་རང་གི་སྐད་ཡིག་ལ་སྔར་ལས་དོ་སྣང་ཆེ་ཞིང་། ཐ་ན་ཁ་པར་ཨང་གྲངས་ཚུན་ཆད་བོད་སྐད་ཐོག་ནས་འབོད་རྒྱུར་ཕན་ཚུན་ལ་སྐུལ་འདེད་དང་ཉེས་ཆད་གཅོད་རེས་སོགས་བྱེད་ཀྱི་ཡོད་སྐོར་དང་། བོད་རིགས་ལས་བྱེད་ཚོར་ཁ་བརྡ་བྱས་ན། རྒྱ་ནག་གཞུང་གི་འོག་ཏུ་ལས་ཀ་མི་བྱེད་ཐབས་མེད་ཆགས་པ་ཙམ་ལས་མི་རིགས་ཀྱི་<ཞེན་ཁོག་ཧ་ཅང་ཆེན་པོ་དང་། རྒྱ་གཞུང་གི་གསང་བའི་སྐྱོན་ཆ་སྣ་ཚོགས་བཤད་རྒྱུ་ཡོད་སྐོར་སོགས་བརྗོད་སོང་

ཤོག་ངོས་འདི་ཐེངས་ ༢༤༣༩ ལ་བཀླགས་འདུག
རིག་པ་འདོན་པ།
སྐར་མདའ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
བྱམས་པ་ལགས་ཀྱིས་རང་གི་མཐོང་སྣང་གསལ་བརྗོད་ཡག་པོ་བྱས་འདུག རྒྱ་གཞུང་གི་སྲིད་བྱུས་གསར་བ་དེ་ཚོ་རྒྱ་དམར་གྱི་མཐུན་གྲོགས་དབུ་ལམ་པ་ཚོའི་གྲུབ་འབྲས་རེད། ཁོ་ཚོ་རྒྱ་དམར་གྱིས་ཤོད་ཀྱིན་པའི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་རྒྱུར་གྲ་སྒྲིག་འདི་ཆེད་དུ་བྱས་པ་མིན་འགྲོ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།