རྒྱ་དཔོན་ཞིག་གིས་བཙན་གཡེམ་བྱས།

འདོན་སྤེལ། ༢༠༡༣/༠༦/༢༡

ཧི་ནན་ཞིང་ཆེན་ཡུང་ཁྲིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཟུར་བ་ལི་ཤིན་གུང་ཟེར་བས། ནར་མ་སོན་པའི་བུ་མོ་བཅུ་གྲངས་ཤིག་ལ་བཙན་གཡེམ་བྱས་འདུག

རྒྱ་ནག་ཧི་ནན་ཞིང་ཆེན་ཡུང་ཁྲིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཟུར་བ་དང་ཐེངས་མང་གུང་ཁྲན་ཏང་གི་ལས་བྱེད་ཕུལ་བྱུང་བར་བདམས་པའི་ལི་ཤིན་གུང་ཟེར་བ་ཞིག་གིས།  དྲ་རྒྱའི་བརྒྱུད་ལམ་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ངོ་ཤེས་བཟོས་ཏེ། ཁོ་རང་ཡུང་ཁྲིན་གྲོང་ཁྱེར་ཁྲལ་བསྡུ་ཁང་གི་འགན་འཛིན་ཡིན་པ་དང་། གཉེན་སྒྲིག་བྱས་མེད་ལུགས་སོགས་བརྗོད་དེ། བུ་མོ་ཆུང་ཆུང་ཚོ་ཁོ་རང་གི་རླངས་འཁོར་ནང་དུ་ཁྲིད་ཡོང་ནས་བཙན་གཡེམ་བྱས་ཡོད་པ་མ་ཟད། སློབ་མ་ཁག་ཅིག་ལ་ལྐོག་དངུལ་སྤྲད་དེ་བུ་མོ་ཆུང་ཆུང་ཚོ་ངོ་སྤྲོད་བྱེད་དུ་བཅུག་པ་སོགས། ཕྱི་ལོ་༢༠༡༢ ལོ་ནས་བཟུང་སྟེ། ནར་མ་སོན་པའི་བུ་མོ་ ༡༡ ལྷག་ལ་བཙན་གཡེམ་བྱས་པ་དངོས་སུ་ཤེས་རྟོགས་བྱུང་སྟབས། ཟླ་འདིའི་ཕྱི་ཚེས་ ༡༨  ཉིན། ཧི་ནན་ཞིང་ཆེན་ཆེས་མཐོའི་ཁྲིམས་ཁང་གིས་ཁོང་ལ་སྲོག་ཁྲིམས་བཅད་པ་གསལ་བསྒྲགས་བྱས་འདུག

ཐོག་མར་ཧི་ནན་ཞིང་ཆེན་ཧྲང་ཆོས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལི་ཤིན་གུང་ལ་སྲོག་ཁྲིམས་གཅོད་དགོས་པའི་ཐག་གཅོད་བྱས་ཡོད་ཀྱང་། ལི་ཡིས་ངོས་ལེན་མ་བྱས་པར་བསྐྱར་དུ་གཏུག་བཤེར་བྱས་མཐར།  ཧི་ནན་ཞིང་ཆེན་ཆེས་མཐོའི་ཁྲིམས་ཁང་གིས་ཐེངས་གཉིས་པ་ཁྲིམས་ཞིབ་བྱས་པ་བརྒྱུད། ཁོང་ལ་སྲོག་ཁྲིམས་གཅོད་རྒྱུ་བསྐྱར་དུ་ཐག་གཅོད་བྱུང་ཡོད་འདུག

གནས་ཚུལ་དེ་ཕྱིར་བསྒྲགས་བྱས་རྗེས། བརྒྱུད་ལམ་ཁག་ཏུ་མི་མང་གིས་ཉེ་བའི་ལོ་ཤས་ནས་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་ནང་དུ་དབང་ཆ་དང་གཞུང་རྒྱུ་སྒེར་སྤྱོད་ཀྱིས་ཆུང་མ་དང་དགའ་རོགས་མང་དུ་ཉར་བ། མི་སེར་དཀྱུས་མའི་ནར་མ་སོན་པའི་བུ་མོ་ཚོར་བཙན་གཡེམ་བྱེད་པ་སོགས་ཀྱི་བྱ་སྤྱོད་ངན་པ་མང་དུ་འབྱུང་བཞིན་པ་ཐག་གཅོད་ནན་པོ་བྱེད་དགོས་པའི་རེ་སྐུལ་དང་། དེང་སང་རྒྱ་ནག་ནང་བུད་མེད་བོར་བརླག་ཏུ་གྱུར་བ་དང་རྒྱུ་རྐྱེན་ངེས་བརྟན་མེད་པར་འདས་གྲོངས་སུ་ཕྱིན་པ། ད་དུང་ཁང་རྩེག་ཐོག་ནས་གཡུགས་པ་སོགས་ཀྱི་དོན་རྐྱེན་རིམ་པར་འབྱུང་བཞིན་ཡོད་སྐོར་སོགས་བརྗོད་དེ། གཞུང་གི་ལས་བྱེད་ཚོའི་བྱ་སྤྱོད་ལ་འཁོན་སེམས་དང་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེན་སྟོན་གྱི་ཡོད་འདུག

ཤོག་ངོས་འདི་ཐེངས་ ༣༢༥༦ ལ་བཀླགས་འདུག
རིག་པ་འདོན་པ།
མི་རྒོད།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
རྒྱ་སྤྱང་བ་དཔོན་གནས་བཀྲིན་རེད།།
དུས་འདས་ན་ལས་འབྲས་མིག་གསལ་རེད།།
བོད་ལྐུག་པ་ཤེས་རིག་འཕོང་རྟགས་རེད།།
དུས་ད་ལྟའང་འཕོང་མིའི་མང་མང་ཡོད།།
དེ་སུ་ཡིས་མ་ལན་རང་གིས་ལན།།
དེར་ཕན་པའི་སྨན་མཆོག་ཡོད་ཡོད་ཀྱང་།།
དེ་བོར་ནས་ལས་འབྲས་རྙོག་མཁན་མང་།།
དེ་སྨིན་དུས་དཀོན་མཆོག་ཀྱེ་ཧུད་མཛད།།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
ཕྱི་ལོ་༢༠༡༢ ལོ་ནས་བཟུང་སྟེ། ནར་མ་སོན་པའི་བུ་མོ་ ༡༡ ལྷག་ལ་བཙན་གཡེམ་བྱས་པ་དངོས་སུ་ཤེས་རྟོགས་བྱུང་སྟབས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན། ཧི་ནན་ཞིང་ཆེན་ཆེས་མཐོའི་ཁྲིམས་ཁང་གིས་ཁོང་ལ་སྲོག་ཁྲིམས་བཅད་པ་གསལ་བསྒྲགས་བྱས་འདུག ་ཟེར།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།