ནང་ཆོས་ནང་སྡུག་ཤོས་གཅིག་མངོན་སུམ་ལ་སྙོན་པ་དེ་རེད།

འདོན་སྤེལ། ༢༠༡༣/༠༦/༢༤

གངས་སྐྱིད་བོད་ཀྱི་དཔེ་མཛོད་དང་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་ཆེན་མཉམ་འབྲེལ་ཐོག་གདན་ས་གསུམ་གྱི་དགེ་འདུན་པ་སྐོར་ཞིག་ལ་ཚན་རིག་སློབ་ཁྲིད་བྱེད་ཀྱིན་ཡོད་པའི་ཁྲོད། ༢༠༡༠ ལོར་དགེ་འདུན་པ་ ༦ ཨ་རིའི་ཨེ་མོ་རི་སློབ་ཆེན་ནང་ཚན་རིག་ཆེད་སྦྱོང་དུ་བཏང་སྟེ་ལོ་གསུམ་གྱི་སློབ་ཡིན་རྫོགས་ཏེ། ཉེ་ལམ་ཕྱིར་རྒྱ་གར་ནང་ལོག་ཡོད་པར་གསར་འགོད་པའི་བཅར་འདྲི་ཞུས་ཡོད།

༸གོང་ས་མཆོག་གི་བཀའ་དགོངས་ལྟར་ ༡༩༩༩ ལོ་ནས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག གྲྭ་བཙུན་ཚོར་ཚན་རིག་ཟབ་སྦྱོང་ཞིག་མགོ་འཛུགས་གནང་ཡོད་ཅིང་། ༢༠༠༧ ལོར་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་ཆེན་དང་མཉམ་འབྲེལ་ཐོག་གདན་ས་ཁག་གི་ཚན་རིག་འཛིན་གྲྭ་སྔར་ལས་ཇེ་རྒྱས་བཏང་ཐོག་ལོ་ལྟར་ཟླ་གཅིག་རིང་ཚན་རིག་ཟབ་སྦྱོང་སྤྲད་ཡོད། ༢༠༡༠ ལོར་སྐབས་དང་པོའི་དགེ་འདུན་པ་ ༦ ལོ་གསུམ་རིང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་ནང་ཚན་རིག་ཆེད་སྦྱོང་དུ་བཏང་སྟེ་ཉེ་ཆར་སློབ་ཡུན་རྫོགས་ཏེ་ཕྱིར་རྒྱ་གར་དུ་ལོག་ཡོད། འདིའི་སྐོར་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་བརྗོད་པ་ལྟར་ན། སྐབས་གཉིས་པའི་སློབ་ཡུན་ལོ་ ༢ ཡིན་འདུག་པ་དང་། དེ་ནི་དགེ་འདུན་པ་ཚོའི་དབྱིན་ཡིག་དང་གློག་ཀླད་ཀྱི་གནས་ཚད་ཞན་པའི་དབང་གིས་ཨ་རི་ནས་ལོ་དང་པོ་འཕྲོ་བརླག་ལྟ་བུ་ཆགས་འགྲོ་སྟབས། མ་འོངས་པར་ཕར་འགྲོ་གཏན་ཁེལ་བའི་རིགས་ལ། སྔོན་ལ་རྒྱ་གར་ནང་ལོ་གཅིག་རིང་གློག་ཀླད་དང་དབྱིན་ཡིག་གི་སློབ་སྦྱོང་སྤྲད་རྗེས་གཏོང་རྒྱུ་དང་། ལོ་ ༡༠ ནང་སྐབས་ ༥ དང་དགེ་འདུན་པ་ ༣༠ ཙམ་ལ་གོ་སྐབས་རག་ཐབས་བྱ་རྒྱུ་ཡིན་འདུག ༢༠༡༤ ལོ་ནས་གདན་ས་གསུམ་གྱི་ནང་སྒྲིག་འཛུགས་རང་བཞིན་གྱི་ཚན་རིག་སློབ་སྦྱོང་དངོས་སུ་མགོ་འཛུགས་བྱ་གཏན་འཁེལ་ཡོད་ཚུལ་བརྗོད་བྱུང་

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་འདུན་པར་ཚན་རིག་ཟབ་སྦྱོང་རིམ་པའི་སྐད་སྒྱུར་པ་ཉི་མ་རྒྱལ་མཚན་ལགས།

དྲི་བ། ཁྱེད་རང་ཚན་རིག་ཐོག་སློབ་སྦྱོང་གང་འཚམ་ཡོད་མཁན་ཞིག་གི་ངོས་ནས་བལྟས་ན། ཐེངས་འདིར་ཨེ་མོ་རི་སློབ་ཆེན་ནང་ལོ་གསུམ་རིང་ཚན་རིག་ལ་སློབ་གཉེར་གནང་མཁན་དགེ་འདུན་པ་དག་གི་ཚན་རིག་ཤེས་ཚད་གང་འདྲ་ཞིག་ལ་མཐོང་གི་འདུག

ལན། དགེ་འདུན་པ་ ༦ ལ་མཚོན་ན་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་ནང་མ་ཞུགས་གོང་དགེ་འདུན་པའི་ཆེད་དུ་ཚན་རིག་(Science for monks) ཟེར་པ་དང་། བོད་ཀྱི་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་(Sicence leadership) ཞེས་པ། ཚན་རིག་དང་ནང་ཆོས་འཕྲད་པ་(Science meets Dharma) སོགས་སུ་མཉམ་ཞུགས་གནང་སྟེ་ཚན་རིག་ལ་སློབ་གཉེར་གནང་ཡོད་པ་དང་། ཨེ་མོ་རེ་བོད་ཀྱི་ཚན་རིག་ལས་འཆར་ཁོངས་སུ་ལོ་ ༥ རིང་ལོ་ལྟར་ཟླ་རེའི་ཚན་རིག་འཛིན་གྲྭར་ཞུགས་པ་སོགས་ཁྱོན་ལོ་བཅུ་གྲངས་རིང་ཚན་རིག་ཐོག་དོ་སྣང་གནང་བཞག་པ་རྐྱང་རེད། ལྷག་པར་ལོ་ ༣ རིང་ཨེ་མོ་རི་སློབ་ཆེན་ནང་ཚན་རིག་ལ་སློབ་སྦྱོང་བྱས་ཡོད། ང་རང་ཕར་སློབ་ཆེན་དུ་ཕྱིན་ཏེ་ཁོང་ཚོའི་རྒྱུགས་འབྲས་དང་ནང་སྦྱོང་གི་གྲུབ་འབྲས་སོགས་ལ་བལྟས་ཡོང་ན། རྒྱ་གར་མཐོ་སློབ་ནས་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབས་འབྱམས་པ་དང་གཙུག་ལག་རབས་འབྱམས་པ་ཐོན་མཁན་ཚོ་ལས་ཚད་མཐོ་བ་མེད་ན་སྐྱོ་བ་མེད་པ་ངས་ཁག་ཐེག་བྱས་ཏེ་བཤད་ཐུབ་ཀྱི་འདུག

དྲི་བ། ཨེ་མོ་རེ་སློབ་ཆེན་དུ་དགེ་འདུན་པ་གཏོང་སྟངས་དང་འདེམས་སྒྲུག་བྱེད་སྟངས་གང་འདྲ་ཡིན་ནམ།

ལན། ལས་འཆར་འདིའི་ནང་ཚུད་རྒྱུར་སྔོན་མ་ཡིན་ན་གཙོ་བོ་ནང་པའི་གཞུང་ལུགས་ཚད་མཐོ་བོ་དགོས་པ་རེད། མ་མཐར་དབུ་མ་རམས་འབྱམས་པ་ཐོན་ཟིན་པ་ཞིག་དགོས་པ་རེད། སོ་སོའི་རིག་གཞུང་གི་རྒྱབ་ལྗོངས་ལ་གོ་རྟོགས་མཐོ་བོ་ཡོད་པའི་སྟེང་དབྱིན་ཡིག་དང་ཚན་རིག་ཤེས་ཚད་ཡག་པོ་ཡོད་མཁན་དང་། ནམ་རྒྱུན་འགན་འཁུར་ཕྱོགས་དང་གྲྭ་ཚང་ལ་བསྡད་དེ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་ཡོད་པ། སློབ་སྦྱོང་ཐོན་རྗེས་ཕྱིར་ལོག་ངེས་ཡིན་པ། ཨེ་མོ་རེ་བོད་ཀྱི་ཚན་རིག་ལས་འཆར་འཛིན་གྲྭ་ཐོན་པའི་གྲུབ་འབྲས་བཅས་ཀྱི་ཐོག་ནས་སྐབས་དང་པོར་དགེ་འདུན་པ་ ༦ འདེམས་སྒྲུག་གིས་ཨ་རིར་བཏང་བ་རེད། འདི་ལོ་ནས་ཆ་རྐྱེན་དེ་དག་ཐོག་ཚུད་རྒྱུགས་བཏང་སྟེ་འདེམས་སྒྲུག་བྱེད་ཀྱི་ཡོད་རེད།

དྲི་བ། ཁྱེད་རང་ཉེ་ཆར་ཨ་རིའི་ཨེ་མོ་རིའི་སློབ་ཆེན་དུ་སྐྱོད་སྐབས་མཐོང་ཐོས་གང་འདྲ་བྱུང་སོང་

ལན། ཨ་རིའི་ཨེ་མོ་རི་སློབ་ཆེན་ནང་བོད་ཀྱི་རིག་གནས་སོགས་སློབ་སྦྱོང་སྤྲོད་ཀྱི་ཡོད་སྐོར་གོ་ཐོས་བྱུང་པ་ཙམ་ཡིན་ཡང་། ཉེ་སྔོན་སོ་སོ་དངོས་སུ་ཕར་ཕྱིན་པའི་སྐབས་དེར་ཡོད་པའི་བོད་པའི་སྨན་དང་རིག་གནས། ཚན་རིག་སོགས་བོད་དང་འབྲེལ་པའི་ལས་གཞི་མང་པོ་ཞིག་ཡོད་པ་དེ་དག་གི་གནས་བབ་ད་སྔའི་འཆར་སྣང་ལས་ལྷག་ཅིག་རེད་འདུག དེ་གང་འདྲ་བྱས་ནས་རེད་འདུག་ཟེར་ན། ཨེ་མོ་རི་སློབ་ཆེན་འདི་ལོ་ ༡༥༠ ཙམ་གྱི་གོང་ནས་དབུ་བརྙེས་པ་ཞིག་རེད། སློབ་ཆེན་དེའི་རྩ་འཛིན་ཚུལ་ཁྲིམས་(Ethic) སམ་ཀུན་སྤྱོད་རེད། ལྷག་པར་དུ་ཆབ་སྲིད་ཀྱི་གོད་ཆག་ཕོག་པའི་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གཞུང་ཐོག་རྒྱབ་སྐྱོར་དང་ཐུགས་ཁུར་བྱེད་ཀྱི་ཡོད་པ་ཞིག་རེད། བོད་པའི་དགེ་འདུན་པ་ཚོ་ཐོག་མར་སློབ་ཆེན་དུ་འབྱོར་སྐབས་སྣེ་ལེན་བྱེད་སྟངས་དང་ཁོང་ཚོའི་སྐད་ཆ་ལ་ཆ་འཇོག་ཆེན་པོ་བྱས་འདུག

འབྲས་སྤུངས་བློ་གསལ་གླིང་གི་གྲྭ་དགེ་ལེགས་རྒྱ་མཚོ་ལགས།

དྲི་བ། མི་མང་པོ་ཞིག་གིས་ཆོས་ལུགས་དང་ཚན་རིག་གཉིས་འགལ་བ་ལྟག་སྤྲོད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཉིད་ཀྱིས་འདས་པའི་ལོ་མང་རིང་ནང་ཆོས་དང་ཚན་རིག་མཉམ་དུ་སློབ་སྦྱོང་གནང་བའི་གོ་རིམ་ཁྲོད་ནང་ཆོས་དང་ཚན་རིག་གཉིས་འགལ་ཟླ་ཞིག་ཏུ་མཐོང་སོང་ངམ།

ལན། ང་ལ་ཉམས་མྱོང་ཆེ་ཤོས་ཤིག་ནི། དགོན་པ་ན་ཡོད་དུས་མང་པོ་ཞིག་རྩད་བསྡད་པ་རེད། ཧུན་རྡི་དང་གྲང་ཅན་པ། བྱེ་བྲག་སྨྲ་བ་སོགས་ཀྱི་འདོད་ཚུལ་དང་ནང་པའི་འདོད་ཚུལ་བར་རྩོད་སྒྲུབ་སྤངས་གསུམ་མང་པོ་ཞིག་བྱེད་ཀྱི་ཡོད་རེད་དེ། སོ་སོས་དངོས་སུ་མཐོང་གི་མེད་པར་དཔེ་ཆའི་ནང་ན་ཡོད་པ་དག་གཞི་རུ་འཛིན་གྱི་ཡོད་སྟབས་སེམས་ལ་ཚོར་བ་དེ་ཙམ་ཡོང་གི་མི་འདུག འོན་ཀྱང་། ང་ཚན་རིག་གི་ཟབ་སྦྱོང་མང་པོ་ཞིག་ལ་ཞུགས། ཨེ་མོ་རི་སློབ་ཆེན་ནས་ཚན་རིག་ལ་སློབ་སྦྱོང་དང་ཚན་རིག་དགེ་རྒན་ཚོ་མཉམ་དུ་གོ་བསྡུར་བྱས་པ་བརྒྱུད་དེ། ནང་ཆོས་ཀྱི་རིན་ཐང་སྔར་ལས་ཆེ་རུ་མཐོང་ཡོང་གི་འདུག དཔེར་ན། ནང་ཆོས་ནང་ཕར་ཕྱོགས་ན་ཆུ་ཕོར་བ་གང་ཡོད་པ་དེ་ལྷ་ཡིས་བདུད་རྩི་དང་མི་ཡིས་ཆུ། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་གི་ཡོད་པར་གསུང་གི་རེད། དེར་ལྷ་མི་ཡི་དྭགས་གསུམ་གྱི་མིག་ཤེས་ཚད་མར་བཞག་ཐོག་རྩོད་པ་བརྒྱབ་པ་རེད། ཚན་རིག་གིས་མེ་ཏོག་དཀར་པོ་རྐང་གཅིག་ལ་མི་དང་སྦྲང་མ་སོགས་སྲོག་ཆགས་མ་འདྲ་བ་མང་པོ་ཞིག་གི་མིག་ཤེས་ཀྱི་དབང་ནུས་མ་འདྲ་བ་ལ་བརྟེན་ནས་འོད་དཀར་པོའི་ཁ་དོག་བདུན་(Spectrum) གྱི་འཇུ་ནུས་དང་འོད་རླབས་མ་འདྲ་བ་མིག་གིས་འཛིན་པ་ལ་བརྟེན་མིས་མཐོང་ཡུལ་གྱི་མེ་ཏོག་དཀར་པོ་དེར་སྲོག་ཆགས་གཞན་གྱིས་ཁ་དོག་མ་འདྲ་བ་མཐོང་གི་ཡོད་པ་ར་སྤྲོད་ཡོང་སྐབས། ཨ་ཙི། དངོས་ནས་ང་ཚོའི་ནང་ཆོས་ནང་ཆུ་ལ་ལྷ་མི་ཡི་དྭགས་གསུམ་གྱི་མཐོང་སྣང་མ་འདྲ་བ་ཡོད་པར་གསུང་པ་དེ་འདྲ་ཡོང་ཆོག་གི་འདུག་ཨང་བསམ་བསམ་དྲན་གྱི་འདུག

དྲི་བ། ཁྱེད་རང་གིས་ཚན་རིག་སྦྱངས་པའི་གོ་རིམ་ཁྲོད་རྙེད་དོན་ཟེར་ན་འདྲ། ངེས་ཤེས་དང་ཚོར་རྟོགས་གསར་པ་ག་རེ་རྙེད་སོང་ངམ།

ལན། ངས་ཕྲ་ཕུང་སྐྱེས་དངོས་ཚན་རིག་(Cell biology) ལ་སློབ་སྦྱོང་བྱེད་སྐབས་ཀྱི་དགེ་རྒན་སྐད་གྲགས་ཆེན་པོ་རེད། ཁོང་གི་སློབ་ཕྲུག་ཚོའང་ང་ཡིན་ཟེར་མཁན་རྐྱང་རེད་འདུག དགེ་རྒན་དེས་བདུན་ཕྲག་དང་པོ་གཉིས་པ་ཚང་མ་སྒོམ་ཉམས་ལེན་སྐོར་རྐྱང་ཁྲིད་སོང་། ཁོ་ཚོས་མིའི་སེམས་ནད་ཀྱི་རྫས་(stress hormones) ཟེར་པ་དེ་སེམས་ལ་གནོན་ཤུགས་དང་དཀའ་ངལ་འཕྲད་པ་ལ་བརྟེན་ནས་འཕེལ་གྱི་ཡོད་པ་དང་། སེམས་ནད་ཀྱི་རྫས་དེ་འཕེལ་བ་ལ་བརྟེན་ནས་སྙིང་ནད་དང་ལུས་ཁམས་ལ་ནད་ཚ་གཞན་ཡོང་གི་ཡོད་སྟབས། སྒོམ་ཉམས་ལེན་ལ་བརྟེན་ནས་སེམས་ནད་ཀྱི་རྫས་དེ་ཉུང་དུ་འགྲོ་གི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་། སྒོམ་ཉམས་ལེན་བྱེད་མཁན་དང་མི་བྱེད་མཁན་བར་སེམས་ནད་ཀྱི་རྫས་དེའི་འགྱུར་བ་ཁྱད་པར་ཆེན་པོ་འགྲོ་བཞིན་ཡོད་པ། ལྷག་པར་དུ་བརྟག་དཔྱད་བརྒྱུད་སྨན་བཅོས་དང་སྒོམ་ཉམས་ལེན་གཉིས་ཀྱིས་ནད་ཚ་དྲག་སྐྱེད་གཅིག་མཚུངས་བྱུང་གི་ཡོད་ཀྱང་། སྨན་བཅོས་བརྒྱུད་ན་ཚ་དྲག་སྐྱེད་བྱུང་ཡང་རྗེས་སུ་ན་ཚ་བསྐྱར་ལོག་རྒྱག་སྲིད་ཀྱང་སྒོམ་ཉམས་ལེན་བརྒྱུད་དྲག་སྐྱེད་བྱུང་པའི་ན་ཚ་དེ་བསྐྱར་ལོག་རྒྱག་གི་མེད་པ་སོགས་ཤེས་རྟོགས་བྱུང་འདུག དེ་འདྲ་མཐོང་ཡོང་སྐབས། ང་ཚོའི་ནང་ཆོས་ནང་འདི་འདྲ་ཞིག་ཡོད་རེད། སེམས་རྩེ་གཅིག་ཏུ་ཞི་གནས་སྒོམ་ན། དེར་སེམས་ཞི་སྦྱོང་དང་ལུས་ཞི་སྦྱོང་གཉིས་ཡོད་རེད། སེམས་ཞི་སྦྱོང་ལ་བརྟེན་ནས་ལུས་ཞི་སྦྱོང་ཡོང་གི་ཡོད་པར་གསུང་ཡོད་རེད། འདི་ཚོ་མཐོང་ཡོང་སྐབས་དངོས་གནས་ང་ཚོའི་ནང་ཆོས་འདི་ཚན་རིག་པས་རིན་ཐང་ཆེན་པོ་སྤྲོད་ཀྱི་ཡོད་པ་ཙམ་མ་ཡིན་པར་རིག་པའི་གཞུང་ལུགས་དང་ཁ་ཡོད་ལག་ཡོད་ཐོག་ཧ་ལས་པ་ཞིག་རེད་བསམ་པའི་སྤོབས་པ་ཡོང་གི་འདུག

དྲི་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བསླབ་པ་སློབ་གཉེར་བྱེད་མཁན་གྲྭ་བཙུན་ཚོར་ཚན་རིག་གི་སློབ་སྦྱོང་འདི་ངེས་པར་དུ་དགོས་གལ་ཞིག་ཏུ་མཐོང་གི་འདུག་གམ་ཡང་ན་ཉེན་ཁ་ཞིག་ཏུ་མཐོང་གི་འདུག

ལན། ང་ཕར་ཕྱོགས་ན་ཡོད་དུས་གྲོགས་པོ་འགའ་རེ་ཡིས་ཁ་པར་ཡོང་ནས་སྐད་ཆ་ཡར་མར་མང་པོ་འདྲི་གི་འདུག ངས་ཚན་རིག་ལ་སློབ་སྦྱོང་བྱས་ཏེ་སེམས་པ་འགྱུར་འགྲོ་གི་མེད་ན། ནང་ཆོས་ལ་ཡིད་ཆེས་བརླག་འགྲོ་གི་མེད་ན་བསམ་གྱི་ཡོད་པ་འདྲ། ནང་ཆོས་ནང་བཤད་པ་ཁ་ཤས་མི་བདེན་པ་དེ་འདྲ་ཡོང་གི་རེད། དཔེར་ན། རིའི་རྒྱལ་བོ་རི་རབ་དང་། ཉི་འཛིན་ཟླ་འཛིན་སོགས་མི་བདེན་པ་མང་པོ་ཡོད་རེད། ང་ཚོའི་ནང་ཆོས་ནང་བཤད་བཞག་པ་ཚང་མ་དངོས་ཡོད་གནས་ཚུལ་ལ་ཡོད་དགོས་པ་དེ་འདྲ་མ་རེད། གང་ཡིན་ཟེར་ན། ཚན་རིག་གི་བཤད་སྲོལ་དང་ང་ཚོའི་བཤད་སྲོལ་ལོག་ཀ་རེད། སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་གསུངས་ཡོད། དྲངས་ངེས་གཉིས་ལ་ཡག་པོ་གཟིགས་མྱོང་མཁན་ཞིག་ཡིན་ན་དེར་སྐྱོན་གང་ཡང་ཡོང་གི་མ་རེད། མདོ་བསྡུས་ན་ནང་ཆོས་ཕྲན་བུ་ལས་ལྟ་མྱོང་མེད་མཁན་ཞིག་གིས་ཚན་རིག་སྦྱོང་ན་བློ་འགྱུར་སྲིད་ཀྱང་། ནང་ཆོས་ལ་སློབ་གཉེར་གཏིང་ཟབ་མོ་བྱེད་མཁན་ཞིག་ཡིན་ན་ཚན་རིག་སྦྱངས་པ་དེས་ནང་ཆོས་ལ་རིན་ཐང་ཇེ་ཆེ་དང་ངེས་ཤེས་ཇེ་ཟབ་ཏུ་འགྲོ་རྒྱུ་ལས་ཉེན་ཁ་ཅན་ཞིག་ཏུ་མཐོང་གི་མི་འདུག

དྲི་བ། ཚན་རིག་གི་རིག་ལམ་ནང་དེ་སྔ་ཚན་རིག་པ་ཞིག་གིས་རིག་པའི་གཞུང་ལུགས་སམ་རྙེད་དོན་གསར་པ་གང་ཞིག་གཏན་འབེབས་ཟིན་ཡོད་ཀྱང་། རྗེས་སུ་གོང་གི་དེ་དང་མི་མཐུན་པའི་རྙེད་དོན་གསར་པ་བྱུང་ན་གཞུང་ལ་འགྱུར་བ་གཏོང་པ་དང་། ཡང་ན་རྩ་བ་ནས་དོར་བ་སོགས་ཡོང་གི་ཡོད་སྟབས་ནང་ཆོས་ལ་དེ་འདྲ་ཡོང་ཆོག་གམ།

ལན། ནང་ཆོས་ནང་སྡུག་ཤོས་གཅིག་མངོན་སུམ་ལ་སྙོན་པ་དེ་རེད། དངོས་ཡོད་གནས་ཚུལ་གང་ཞིག་མིག་གིས་མཐོང་བཞིན་དུ་ཁས་ལེན་མི་བྱེད་པར་དེ་མ་རེད་ཅེས་སྙོན་པར་བྱེད་པ་ལ་མངོན་སུམ་ལ་སྙོན་པ་ཟེར་གི་རེད། དེང་སང་ང་ཚོས་སའི་གོ་ལ་འདི་ཟླུམ་གཟུགས་མ་རེད་ཅེས་བཤད་ན་དེ་མངོན་སུམ་ལ་སྙོན་པ་རེད། ང་ཚོས་ག་རེ་ཡིན་ན་དངོས་ཡོད་གནས་ཚུལ་གཞིར་བཞག་འགྲོ་དགོས་རེད། ཚན་རིག་ཟེར་པ་དེ་དྲང་པོ་ཞིག་རེད། དངོས་ཡོད་ལ་ཞིབ་འཇུག་བྱས། དཔང་རྟགས་ར་འཕྲོད་གསལ་བོ་བྱུང་ན་མ་གཏོགས་གང་བྱུང་འགྲེལ་བཤད་རྒྱག་གི་མ་རེད། དེར་བརྟེན་ཚན་རིག་དང་ནང་ཆོས་ཅུང་འདྲ་གི་མ་རེད། སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་མང་པོ་ཞིག་གསུངས་ཡོད་པ་རེད། ཕ་མ་ཞིག་ལ་མཚོན་ན། དངོས་ཡོད་ཡིན་མིན་གང་ལྟར་ཕྲུ་གུའི་ཁམས་དང་མོས་པ་ལ་བསྟུན་ནས་བཤད་ཤེས་སྐྱོང་ཤེས་དང་། འཇམ་རྩུབ་གཉིས་ཀ་སྤྱད་དེ་ལུས་སེམས་འཚར་ལོངས་ཡོང་ཐབས་བྱེད་དགོས་རེད། གར་ལྟར་གཞུང་ཡིག་ལ་འགྱུར་བ་གཏོང་དགོས་ན་དངོས་ཡོད་ལ་ཁས་ལེན་དགོས་པ་རེད།

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་རྔ་པ་ཤེས་རབ་ལགས།

དྲི་བ། ཁྱེད་ཀྱི་ནང་ཆོས་དང་ཚན་རིག་སློབ་སྦྱོང་གི་ཉམས་མྱོང་ལས་ཆོས་དང་ཚན་རིག་གཉིས་སོ་སོའི་ལྟ་གྲུབ་དང་ལག་ལེན་ཐད་ནས་འགལ་ཟླ་ཡོང་གི་མི་འདུག་གམ།

ལན། དེ་ཡོད་ཡོད་པ་རེད། ལྟ་གྲུབ་ཀྱི་ཕྱོགས་ནས་ནང་ཆོས་ཀྱི་བཤད་སྟངས་དང་ཚན་རིག་གི་བཤད་སྟངས་མི་མཐུན་པའི་ཆ་མང་པོ་ཡོད་པ་རེད་ལ། མཐུན་པའི་ཆ་ཡང་ཡོད་རེད། ལག་ལེན་ཐད་ནས་བརྟག་དཔྱད་ཁང་ནས་སྲོག་ཆགས་འབུ་སོགས་ལ་ཚོད་ལྟ་དང་ཞིབ་འཇུག་བྱེད་པ་དེ་ཁོ་ཚོས་འཚེ་བ་ཞིག་དང་སྡིག་ལས་ཤིག་ཡིན་པ། མ་རུང་པ་ཞིག་ཡིན་པའི་བསམ་བློ་ཙམ་ཡང་ཡོད་མ་རེད། ནང་ཆོས་ཀྱི་ཐད་ནས་དེ་ཚང་མ་སྡིག་ལས་དང་མ་རུང་པ་རྐྱང་ཆགས་ཡོད་རེད།

དྲི་བ། བོད་པའི་གྲྭ་བཙུན་ཚོར་ཚན་རིག་སློབ་སྦྱོང་ཐོག་ཤུགས་ཆེ་རུ་འགྲོ་བཞིན་པ་འདིས། ནང་བསྟན་ཆོས་ལུགས་ཉམས་ལེན་ཐོག་ཤུགས་རྐྱེན་ཐེབས་སྲིད་དམ།

ལན། དེར་སྐྱོན་ཅུང་མཐོང་གི་མི་འདུག ཚན་རིག་པ་རྐྱང་པ་ཞིག་གི་ངོས་ནས་འཚེ་བ་ཟེར་པ་དེ་ཡོང་ཆོག་པ་ཞིག་དང་། ཚན་རིག་གི་ཐད་ནས་འཚེ་བ་ཡོང་བསྡད་པ་ཞིག་རེད། སྤྱིའི་ཆ་ནས་ཚན་རིག་གི་དམིགས་ཡུལ་འཚེ་བ་མིན་པར་སྤྱི་ཚོགས་འཕེལ་རྒྱས་དང་འཛམ་གླིང་ཞི་བདེ་ཡིན་པར་ཚན་རིག་པ་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ནང་པའི་གྲྭ་བཙུན་ཞིག་གིས་ཚན་རིག་སྦྱངས་ན་སོ་སོའི་འཚེ་བ་མེད་པའི་རིག་གཞུང་གི་ལྟ་གྲུབ་ལ་གནོད་པ་ཞིག་མཐོང་གི་མེད། དེ་ལས་ནང་ཆོས་ཀྱི་ཤུགས་རྐྱེན་ཕར་ཚན་རིག་པ་ལ་ཐེབས་སྲིད་གི་རེད་དྲན་ཡོད། ལྷག་པར་དུ་ནང་པའི་ཆོས་ལུགས་ཟེར་པ་ནི་དད་པ་རྐྱང་རྐྱང་ཞིག་མ་ཡིན་པར་དངོས་ཡོད་གནས་ཚུལ་གང་ཡིན་བརྟག་དཔྱད་བརྒྱུད་འཚོལ་ཞིབ་བྱེད་རྒྱུ་དེ་རེད། རིག་ལམ་གཉིས་ཀྱིས་ཕན་ཚུན་རོགས་འདེཊ་ཡོང་པའི་ཕན་པ་ཞིག་མཐོང་གི་ཡོད།

དགའ་ལྡན་བྱང་རྩེ་གྲྭ་ཚང་གི་བློ་གྲོས་བཟང་པོ་ལགས།

དྲི་བ། ཁྱོད་རང་གི་ད་ལྟའི་བར་གྱི་ཉམས་མྱོང་ལ་བཞུགས་ན་ནང་པའི་གྲྭ་བཙུན་ཞིག་ཚན་རིག་པ་ཚད་ལྡན་ཞིག་ཡོང་ཐུབ་པའི་ལམ་ཁ་འདུག་གམ།

ལན། ད་ཚན་རིག་པ་ངོ་མ་ཞིག་ཆགས་ཐུབ་མིན་བཤད་ཡོང་དུས། དང་པོ་ཚན་རིག་གི་ཁྱབ་ཁོངས་ལ་བལྟས་ཏེ་བཤད་དགོས་རེད། སྐྱེ་དངོས་ཚན་རིག་(Biology) ལ་མཚོན་ན་བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་སེམས་ཅན་རིགས་གསོད་དགོས་པ་མང་པོ་ཞིག་ཡོང་གི་ཡོད་པས་བསམ་བློ་གཏོང་ས་ཞིག་ཆགས་ཡོད་རེད། དེ་རྩོད་གཞི་ཞིག་ཆགས་ཡོད་ཀྱང་སོ་སོའི་བསམ་བློ་གཏོང་སྟངས་ཞིག་ལའང་རགས་ལས་ཡོད་རྒྱུ་རེད། གལ་སྲིད་སེམས་ཅན་མང་པོ་ཞིག་གི་ཆེད་དུ་སྲོག་ཆགས་གཅིག་གསོད་དགོས་པ་ལྟ་བུར་མཚོན་ན་གཅིག་བྱས་ན་འགྲོ་ཆོག་པ་ཞིག་རེད་དྲན་གྱི་ཡོད། དཔེར་ན་འབྲས་སྐྲན་(Cancer)དང་གཉན་ནད་རེག་དུག་(Aids)བཅོས་ཐབས་ཞིབ་འཇུག་བརྟག་དཔྱད་ལ་གྲུབ་འབྲས་ཡག་པོ་ཞིག་འདོན་ཐུབ་པ་ཡིན་ན་ཚེ་སྲོག་གྲངས་ལས་འདས་པ་ཞིག་གི་སྲོག་སྐྱོབ་ཐུབ་ཀྱི་ཡོད་པའི་ཀུན་སློང་འོག སེམས་ཅན་རེ་ཟུང་གི་ཚེ་སྲོག་ལ་བརྟག་དཔྱད་བྱ་དགོས་ཀྱང་གྲུབ་འབྲས་ལ་བལྟས་ནས་འགྲོ་ཆོག་པ་ཞིག་རེད་དྲན་གྱི་འདུག དེ་མིན་སེམས་ཅན་མང་པོ་ཞིག་གསོད་དགོས་དུས་སྐྱེ་དངོས་ཚན་རིག་པ་ཞིག་བྱ་རྒྱུ་ཁག་པོ་རེད། གཞན་དངོས་ཁམས་ཚན་རིག་(Physics) ལ་མཚོན་ན་སེམས་ཅན་གཞན་གསོད་དགོས་པ་སོགས་རྙོག་དྲ་གང་ཡང་མེད་སྟབས། ནང་པའི་གྲྭ་བཙུན་མཚན་ཉིད་ཚང་པ་ཞིག་དངོས་ཁམས་ཚན་རིག་ཐོག་འགྲོ་ཆོག་གི་རེད་དྲན་གྱི་ཡོད།

དྲི་བ། ནང་པའི་ལྟ་སྤྱོད་དང་གྲྭ་བཙུན་གྱི་སྡོམ་ཁྲིམས་དང་ཁ་མ་བྲལ་པའི་ཐོག་ནང་པའི་དགེ་བཙུན་ཚོ་ཚན་རིག་པ་ངོ་མ་ཞིག་ཆགས་རྒྱུར་ལམ་ཀ་ཡོད་དམ།ཁྱེད་རང་གི་ངོས་ནས་དགེ་བཙུན་ཚན་རིག་པ་ཐོན་རྒྱུར་རེ་བ་འཛིན་གྱི་ཡོད་དམ།

ལན། གྲྭ་བཙུན་གྱི་འདུལ་ཁྲིམས་ཆ་ཚང་གི་ཐོག་ནས་བཤད་ན་གྲྭ་བཙུན་ཚན་རིག་པ་ཞིག་ཡོང་ཐབས་ཡོད་པ་མ་རེད། ཡིན་ནའང་ཉུང་མཐར་གྲྭ་བའི་མཚན་ཉིད་ཕམ་པ་བཞི་མ་འགོས་པ་ཞིག་དགོས་པ་རེད། སྡོམ་ཁྲིམས་དེ་འདྲ་ཞིག་གི་ཐོག་ནས་ཡོང་ཐུབ་གི་རེད་དམ་ཟེར་ན་ཐུབ་གི་རེད། དེ་མིན་ལྷག་མ་བཅུ་གསུམ་སོགས་འདུལ་བའི་སྡོམ་ཁྲིམས་མང་པོ་ཞིག་ཡོད་པ་ཚང་མ་སྲུང་པའི་གྲྭ་བཙུན་ཚན་རིག་པ་ཞིག་ཡོང་ཡ་ཡོད་པ་མ་རེད་ལ། མ་གཞི་ཚན་རིག་གི་སྐད་ཆ་མ་ཡིན་པར་སྤྱིའི་ཆ་ནས་ཀྱང་དེང་སང་འདུལ་བ་གཞིར་བཟུང་གིས་འདུལ་ཁྲིམས་ཆ་ཚང་ལ་གནང་མཁན་ཧ་ཅང་དཀོན་པོ་རེད། ལྟ་གྲུབ་ཀྱི་ཕྱོགས་ནས་དཀའ་ངལ་ཞིག་མཐོང་གི་མི་འདུག ང་ཚོའི་ནང་ཆོས་ནང་ཞིབ་འཇུག་བྱེད་ཆོག་གི་རེད་ཅེས་བདག་ཅག་གི་སྟོན་པས་གསུངས་ཡོད་པ་རེད། ཚན་རིག་ཀྱང་གཙོ་བོ་ཞིབ་འཇུག་ཅིག་རེད། དེ་མ་གཏོགས་ང་ཚོས་སྐྱབས་གཞན་པ་ཞིག་འཚོལ་གྱི་ཡིན་དང་ཚན་རིག་གིས་ཅིག་རྙེད་སོང་ན་དེར་ཡིད་ཆེས་བྱེད་ཀྱི་ཡིན་ཟེར་གི་ཡོད་མ་རེད། ཚན་རིག་ལ་ཆོས་ལུགས་གཞན་དག་དང་མ་འདྲ་བའི་དམིགས་བསམ་ཁྱད་ཆོས་ཤིག་ཡོད་རེད། ཚན་རིག་ལ་དུས་ཀྱི་རིམ་པའི་འགྱུར་པ་རེད། མཐའ་གཅིག་ཏུ་འདི་བདེན་པ་རེད་ཟེར་པ་ཞིག་མེད་པ་ནི་ཚན་རིག་གི་ཁྱད་ཆོས་དང་ལྟ་གྲུབ་རེད། ཚན་རིག་པ་ཡང་དག་པ་ཞིག་ཡིན་ན་རྙེད་དོན་གང་དེ་མཐའ་གཅིག་ཏུ་བདེན་པ་དང་ཡང་དག་པར་ཁས་ལེན་ཆོག་གི་མ་རེད། གྲྭ་བཙུན་ཚན་རིག་པ་ཡོང་རྒྱུར་རེ་བ་ཡོད་པ་རེད། དཔེར་ན་གྲྭ་ཚང་སོ་སོའི་ནང་ཚན་རིག་བརྟག་དཔྱད་ཁང་དེ་འདྲ་བཙུགས་པ་ཡིན་ན། སེ་ར་ནས་ད་ཆར་མགོ་འཛུགས་གནང་གི་ཡོད་རེད། ཚན་རིག་པ་ཚད་ལྡན་ཟེར་ན་ལོ་མང་པོའི་སྐད་ཆ་རེད་དེ་ཏན་ཏན་རེ་བ་ཡོད་པ་རེད།

དྲི་བ། ནང་ཆོས་ནང་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་གསུངས་རེད་ཅེས་པ་དེའི་ཤུགས་སུ། སངས་རྒྱས་ཀྱི་གསུང་ནང་དངོས་བདེན་མིན་པ་ཡོད་པར་ཁས་ལེན་གྱི་ཡོད་པ་རེད།དེ་འདྲ་ཡིན་ན་ད་ཆར་ནང་ཆོས་ནང་གི་དངོས་བདེན་མ་ཡིན་པའི་རིགས་ལ་འགྱུར་བཅོས་གཏོང་ཐབས་ཡོད་དམ།

ལན། ཆོག་དང་ཆོག རྒྱུ་མཚན་དང་རིག་པའི་ཐོག་ནས་གསལ་བོ་བཟོ་ཐུབ་ན་ནང་ཆོས་ལ་བསྒྱུར་བཅོས་གཏོང་མ་ཆོག་པ་ཁྱོན་ནས་ཡོད་པ་མ་རེད་དྲན་གྱི་ཡོད། ༧གོང་ས་མཆོག་གི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་ནང་། གལ་ཏེ་དངོས་སུ་ར་འཕྲོད་ཐུབ་པའི་ནང་པའི་ལྟ་བ་རྙིང་པ་དེའང་མེད་པ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་ན། དེར་ཁས་ལེན་རྒྱུ་རང་རེད་གསུངས་ཡོད། སྔོན་མ་གསུངས་པ་མང་ཆེ་པ་ཞིག་འཇིག་རྟེན་ཡོངས་གྲགས་དང་མཐུན་པ་ཞིག་གསུང་དགོས་ཀྱི་ཡོད་རེད། དགོས་པའི་དབང་གིས་མི་མང་པོའི་འདོད་ཕྱོགས་དང་བསྟུན་ནས་མ་སྨྲས་པ་ཡིན་ན་ཆོས་ལ་མ་ཞུགས་པ་སོགས་མང་པོ་ཞིག་ཡོང་གི་ཡོད་པ་རེད། ༧གོང་ས་མཆོག་གིས་སློབ་དཔོན་དབྱིག་གཉེན་སླར་བྱོན་པ་ཡིན་ན་མཛོད་ཡང་བསྐྱར་གསར་པ་རྩོམ་ངེས་རེད་གསུང་གི་ཡོད་པ་རེད། གཞན་དེ་སྔོན་ང་ཚོའི་ཚན་རིག་ཟབ་སྦྱོང་ཞིག་ཚར་ནས་༧གོང་ས་མཆོག་ལ་མཇལ་ཁ་རག་སྐབས། རྒྱ་གར་གྱི་པཎ་གྲུབ་ཚོ་དང་། བདག་ཅག་གི་སྟོན་པ་དེང་སྐབས་སྐུ་དངོས་སུ་བཞུགས་ཡོད་ན། ངས་ད་ཆར་ནང་པའི་དགེ་བཙུན་ཚོས་ཚན་རིག་སྦྱོང་དགོས་པ་རེད་ཟེར་པ་འདིར་རྒྱབ་སྐྱོར་གཙང་མ་གཙང་རྐྱང་གནང་རྒྱུ་ཡིན་པར་ང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་གསུངས་སོང་

དྲི་བ། ཁྱེད་རང་ད་སྔ་ཚན་རིག་ཟབ་སྦྱོང་དང་ཚན་རིག་ཆེད་སྦྱོང་བཅས་བྱས་ཏེ་མ་འོངས་པར་ཕྱག་ལས་ག་རེ་གནང་འཆར་ཡོད།

ལན། ངའི་ངོས་ནས་ནང་ཆོས་སློབ་སྦྱོང་ཨང་དང་པོ་དང་ཚན་རིག་སློབ་སྦྱོང་ཨང་གཉིས་པར་འཇོག་དགོས་རེད་ཟེར་གྱི་ཡོད། ཨེ་མོ་རེ་ནས་ལོ་གསུམ་རིང་ཚན་རིག་སློབ་སྦྱོང་བྱས་པ་ཕུད་ལོ་ ༡༧ ལྷག་ལ་ནང་ཆོས་སྦྱངས་པ་ཡིན། དང་པོ་དགེ་ལུགས་རྒྱུགས་སྤྲོད་དེ་ཚར་པ་བྱས་རྗེས་ཚན་རིག་ཐོག་འགན་རང་འཁུར་གྱིས་ཅིག་བྱེད་དགོས་བསམ་ཡོད། ཚན་རིག་ཐོག་འགན་འཁུར་གྱི་ཆོད་སེམས་དང་སྤྲོ་བ་ཡོད། ཕར་གྲྭ་ཚང་ལ་ཕྱིན་ཏེ་ཚན་རིག་བསླབ་དགོས་ན་འདྲ། ག་རེ་བྱ་དགོས་ན་དེ་ལྟར་བསྒྲུབ་རྩིས་ཡོད། ད་ཆར་གྲྭ་ཚང་ཁག་གི་ཆེད་ཚན་རིག་སློབ་དེབ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། གཞན། སྒོམ་ཉམས་ལེན་བྱེད་མཁན་གྲྭ་བ་ཉུང་ཉུང་རེད། ཚན་རིག་པའི་ཁྲོད་སྒོམ་ཉམས་ལེན་ལ་དོ་སྣང་དང་བརྟག་དཔྱད་བྱས་ཏེ་གྲུབ་འབྲས་ཐོན་པ་མང་པོ་ཞིག་ཡོང་གི་ཡོད་པ་དེ་དག་ངོ་སྤྲོད་དང་ཁྱབ་སྤེལ་ཐོག་ཤུགས་རྒྱག་འཆར་ཡོད།

གསར་འགོད་པ། བནྡེ་སྐྱབས།

ཤོག་ངོས་འདི་ཐེངས་ ༢༦༨༦ ལ་བཀླགས་འདུག
རིག་པ་འདོན་པ།
བོད་དགའ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
“སློབ་དཔོན་དབྱིག་གཉེན་སླར་བྱོན་པ་ཡིན་ན་མཛོད་ཡང་བསྐྱར་གསར་པ་རྩོམ་ངེས་རེད་གསུང་གི་ཡོད་པ་རེད།”
“བདག་ཅག་གི་སྟོན་པ་དེང་སྐབས་སྐུ་དངོས་སུ་བཞུགས་ཡོད་ན། ངས་ད་ཆར་ནང་པའི་དགེ་བཙུན་ཚོས་ཚན་རིག་སྦྱོང་དགོས་པ་རེད་ཟེར་པ་འདིར་རྒྱབ་སྐྱོར་གཙང་མ་གཙང་རྐྱང་གནང་རྒྱུ་ཡིན་པར་ང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་གསུངས་སོང་།” ཟེར།
སྟོན་པ་རྫོགས་པའི་སངས་རྒྱས་དང་སྲིད་ན་འགྲན་ཟླ་བྲལ་བའི་རྒྱ་གར་གྱི་པཎ་གྲུབ་དེ་ཚོས་བྱེ་བྲག་བཤད་མཛོད་ཆེན་མོ་སོགས་ཆོས་གསུངས་སྐབས་ཞིབ་བརྟག་མ་བྱས་པར་གསུངས་བཞག་པ་འདྲ། ད་སླར་ཡང་གཞི་ནས་དཔེ་ཆ་དེ་ཚོ་གསར་རྩོམ་དགོས་དུས་ཐོག་མར་ཁོང་རྣམ་པས་མི་ལོ་སྟོང་ཕྲག་ཁ་ཤས་རིང་མི་མང་ལ་མགོ་བསྐོར་བཏང་བ་དེ་དགོངས་སེལ་ཞུ་དགོས། དེ་ནས་གཞི་ནས་བལྟ་རྒྱུ་རེད། ཧ་ཧ་ཧ། རྩེད་མཚར་ཚུལ་དུ་ཡིན། ཚན་རིག་ཟབ་སྦྱོང་མཁན་དགེ་འདུན་པ་དེ་ཚོས་ལོ་མང་རིང་དངོས་གནས་སྐུ་ངལ་བསྐྱངས་སོང་ཐུགས་རྗེ་ཆེ་ཞུ།།
མཉམ་ཞུགས
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
དྲ་གྲོགས་ཇོ་རིང་པོ། ངང་རྒྱུད་རིང་པོ་དགོས། བརྟགས་དཔྱད་མེད་པར་གཏམ་བཤད་མང་པ་དང་སྔ་དྲགས་ན་དེ་ལས་ཀྱང་ཡག་པོ་མེད། གྲྭ་དགེ་ལེགས་ལགས་ཀྱིས་གསུངས་པ་དེ་བདེན་པ་རེད། ནང་ཆོས་ནང་མངོན་སུམ་ལ་སྙོན་པ་ཟེར་བ་དེ་སྡུག་ཤོས་ཤིག་ལ་བརྩི་གི་རེད་ཟེར་བ་ལས་ནང་ཆོས་ཁོ་རང་མངོན་སུམ་ལ་སྙོན་མཁན་ཞིག་རེད་ཅེས་རྩ་བ་ནས་གསུངས་མི་འདུག མངོན་སུམ་ལ་སྙོན་པ་ཟེར་བ་ནི་རིགས་པ་དང་རྒྱུ་མཚན་ཡང་དག་ཁས་མི་ལེན་པའམ་དངོས་ཡོད་གནས་ཚུལ་ཁས་མི་ལེན་པ་ཞིག་ལ་བརྗོད་ཀྱི་ཡོད་ལ་དེ་འདྲའི་གང་ཟག་དེ་ནང་པའི་ནང་སྡུག་ཤོས་ཤིག་ལ་བརྩི་གི་ཡོད་པ་གྲ་དགེ་ལེགས་ཀྱིས་གསུང་བ་བཞིན་བདེན་པ་རེད། ང་ཚོས་ནམ་རྒྱུན་ཁ་དཔེར་ལྟ་བུར་མངོན་སུམ་ལ་སྙོན་པ་ཕྱི་རོལ་རྒྱང་འཕེན་ལྟ་བུ་ཞེས་རྗོད་ཀྱི་མེད་དམ། ངས་ལྟོས་ན་གསར་འགོད་པས་ཀྱང་གྲྭ་དགེ་ལེགས་ཀྱི་ངག་ནས་ནང་ཆོས་ལ་སྐྱོན་བརྗོད་ཀྱི་ཚིག་ཅིག་ཐོན་སོང་བསམ་སྟེ་དགའ་ཐག་ཆོད་ནས་གསར་འགྱུར་འདིའི་འགོ་བརྗོད་དུ་བཀོད་པ་མིན་འགྲོ་བསམ་སོང་། དེ་མ་གཏོགས་དྲིས་ལན་ནང་འགོ་བརྗོད་བཀོད་འོས་པའི་ཚིག་སྙན་པོ་དེ་འདྲ་མང་པོ་འདུག གཅིག་བྱས་ན་དོན་ཆ་ཚང་རྟོགས་ཏེ་འགོ་བརྗོད་དུ་བཀོད་པའང་ཡིན་སྲིད། འོན་ཀྱང་དྲ་གྲོགས་ཇོ་རིང་པོ་ཟེར་བས་རྗོད་དོན་འདི་རྟོགས་མེད་པ་ཧ་ཅང་གསལ་བས་ཁོའི་ཆེད་ངས་བྲིས་པ་ཡིན།
བྱ་གཞུང་འཇམ་བྷེ
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
ཁོང་རྣམ་པའི་དཀའ་སྤྱད་སྡུག་རུས་ལྷོད་མེད་གནང་བར་བརྟེན་ནས་གཟེངས་སུ་ཐོན་པའི་གྲུབ འབྲས་འདི་བླངས་བ་རེད། ཁོང་རྣམ་པར་སྙིང་ནས་གུས་ཞབས་དང་ཡི་རང་བསྔགས་བརྗོད་གྲངས་མེད་ཞུ། སྤྱིར་ནས་བཤད་ན་གསར་འགོད་པའི་དྲི་བ་དང་ཁོང་རྣམ་པའི་གསུངས་ལན་དེ་དག་གིས་ཡིད་འགུག་འཐད་པ་ཞིག་འདུག ཡིན་ན་ཡང་། གསར་འགྱུར་འདིའི་ཁ་བྱང་འདོགས་སྟངས་འདི་དངོས་གནས་ཡག་པོ་མི་འདུག་བསམ ཁ་བྱང་འདིས་ཁོང་རྣམ་པའི་མར་ལོ་ལྟ་བུའི་གསུངས་ལན་དེ་དག་གི་བརྗོད་དོན་གསལ་མི་ཐུབ་པར་མ་ཟད་ཁོང་རྣམ་པར་དམངས་ཀྱིས་ཁ་ཉེས་དང་མཐོང་སྣང་མི་ལེགས་པ་ཡོང་བའི་ཉེན་ཁ་འདུག རྒྱུན་ཏུ་ནས་གསར་འགྱུར་གྱི་ཁ་བྱང་འདོགས་སྟངས་གཟབ་དགོས་པ་གལ་གནད་དུ་མཐོང་། ཚགས་ཤོག་སོགས་གློག་མཁན་ཕལ་ཆེ་བའི་ཁ་བྱང་ཞིབ་མོ་གློག་རྒྱུ་ལས་ནང་དོན་ཞིབ་གསལ་འདོན་མཁན་ཉུང་ཉུང་རེད། དེར་བརྟེན་དེ་སྐོར་ལ་གཟབ་ན་འོས་བར་སྙམ། ཁྱེད་རྣམ་པར་བཀོད་འདོམས་བྱེད་པའི་དབང་ཚད་བདག་ལ་མེད་པས་བསམ་ཚུལ་ཙམ་ཡིན།
གནས་ཚང་
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
བཀྲ་ཤིས་བདེ་བླག་གྲངས་མེད་ཡོད། ལྷན་རྒྱས་ནས་ཚན་རིག་ཐད་ཀྱི་དཔྱད་རྩོམ་གང་མང་སྤེལ་བར་རེ་སྒུག་ཡོད།
ཇོ་རིང་པོ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
དགེ་ལེགས་རྒྱ་མཚོ་ལགས་ཀྱིས་ནང་ཆོས་ནང་སྡུག་ཤོས་གཅིག་མངོན་སུམ་ལ་སྙོན་པ་དེ་རེད་གསུངས་འདུག་པ་དེ་ནི་བབ་ཅོལ་འབའ་ཞིག་སྟེ། ཁྱོད་ཀྱིས་ནང་ཆོས་ནང་མངོན་གསུམ་ལ་སྙོན་གྱི་རེད་ལབ་པ་འདི་བདག་ཅག་གི་སྟོན་པས་མངོན་སུམ་ལ་བསྙོན་པས་ནང་ཆོས་ནང་མངོན་སུམ་ལ་སྙོན་གྱི་རེད་གསུངས་པ་ཡིན་ནམ། ཡང་ན་རྗེས་འཇུག་གི་གང་ཟག་འགའ་ཞིག་གིས་མངོན་སུམ་ལ་བསྙོན་པས་ནང་ཆོས་ནང་མངོན་སུམ་ལ་སྙོན་གྱི་རེད་གསུངས་པ་ཡིན། དང་པོར་ལྟ་ན་མི་རིགས་ཏེ། བདག་ཅག་གི་སྟོན་པས་ཁྱེད་ཀྱིས་གསུངས་པ་བཞིན་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ཐ་སྙད་རྣམ་འཇོག་གི་ཚེར་ཕར་ཆེ་བ་འཇིག་རྟེན་སྒོ་བསྟུན་འབའ་ཞིག་མཛད་པས་མངོན་སུམ་ལ་བསྙོན་པ་གཞུང་གང་ན་ཡང་མི་དམིགས་པའི་ཕྱིར་དང་། མ་ཟད་རིགས་པའི་རྗེས་འབྲང་དང་དབང་པོ་རྣོན་པོ་ལ་དམིགས་ཀྱིས་གཙིགས་སུ་འཛིན་པའི་ཕྱིར་རོ། གཉིས་པ་ལྟ་ན་དེ་བས་མི་རིགས་ཏེ། རིགས་པ་དང་འགལ་ཞིང་མངོན་སུམ་ལ་སྙོན་པའི་རྗེས་འཇུག་འགལ་ཞིག་གིས་མངོན་སུམ་ལ་བསྙོན་པས་ནང་ཆོས་ནང་མངོན་སུམ་ལ་སྙོན་གྱི་རེད་ལབ་མི་ཐུབ་སྟེ། རིགས་པ་དང་འགལ་བའི་དོན་ཁས་བླངས་ན་སྨྲ་བ་པོ་སྐྱེས་བུ་ཚད་མ་མི་རུང་བས་དེས་མངོན་སུམ་ལ་བསྙོན་པས་ནང་ཆོས་ནང་མངོན་སུམ་ལ་སྙོན་པ་བཤད་མི་ཐུབ་པའི་ཕྱིར་དང་། རྗེས་འཇུག་གི་གང་ཟག་འགའ་ཞིག་གིས་འབྱུང་པོ་དམ་སྲིན་ཡང་ཡི་དམ་གྱི་ལྷ་ཡིན་པའང་བསྙད་པའི་ཕྱིར་ན་དེ་དག་ཀྱང་ནང་ཆོས་ནང་ཡི་དམ་ཡིན་པ་ཐལ་བའི་ཕྱིར་རོ། དེ་བས་ན་ནང་ཆོས་ནང་མངོན་སུམ་ལ་སྙོན་གྱི་རེད་ཟེར་བ་ནི་མ་བརྟགས་མ་དཔྱད་པར་བབ་ཅོལ་དུ་སྨྲས་པ་ཁོ་ནའོ།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།