བཞུཊ་སྒར་དུ་ཞབས་སོར་བཀོད།

འདོན་སྤེལ། ༢༠༡༣/༠༦/༢༤

༸གོང་ས་མཆོག་གིས་འདས་པའི་བདུན་ཕྲག་གཉིས་རིང་ནེའུ་ཛི་ལེན་ཌི་དང་ཨོ་སི་ཊོ་ལི་ཡའི་ནང་མཛད་འཕྲིན་བསྐྱངས་ཏེ། དེ་རིང་སྔ་དྲོར་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་སོང་   

༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༢ བར་གྱི་ཉིན་བཞིའི་རིང་ནེའུ་ཛི་ལེན་ཌིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་དང་མཇལ་འཕྲད་ཀྱིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་གནང་ཡོད་པ་དང་། གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཚོར་མ་འོངས་པར་ཁ་ཕྱོགས་ཏེ་འཚེ་བ་མེད་པའི་འཇིག་རྟེན་ཞིག་གསར་བསྐྲུན་བྱེད་དགོས་སྐོར། དེ་བཞིན། ནེའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་དང་རྒྱ་ནག་གཞུང་གི་གནས་སྟངས་སྐོར་ལ་གསུང་བཤད། ཡུལ་དུའི་གསར་ལམ་གྲགས་ཅན་ཁག་ཅིག་གི་བཅར་འདྲི་དང་ལེན་བཅས་གནང་ཡོད།

ཕྱི་ཚེས་ ༡༣ ནས་ ༢༡ བར་ཨོ་སི་ཊོ་ལི་ཡའི་ནང་ཆིབས་བསྒྱུར་གྱིས་གཙུག་ལག་སློབ་གྲྭ་དང་ཤེས་ཡོན་བསྟི་གནས་ཁང་བཅས་སུ་མཁས་དབང་དང་ཆོས་ལུགས་མི་སྣ་སོགས་ལ་འགྲོ་བ་མིའི་བྱམས་བརྩེ་སྐོར་དང་། དད་ལྡན་མང་ཚོགས་ལ་ཆོས་འབྲེལ་དང་། དེ་བཞིན། བོད་པ་དང་སོག་པོ། ལ་དྭགས་པ་བཅས་ལ་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་བདག་གཅེས་གནང་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་ཏེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་ཕོ་བྲང་ཏུ་ཞབས་སོར་བཀོད་སོང་

ཟླ་འདིའི་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་༧གོང་ས་མཆོག་གིས་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། ༧གོང་ས་མཆོག་ཁོང་རང་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་ལེགས་བཤད་བློ་གསལ་མིག་འབྱེདབཀའ་ཁྲིད་གནང་རྒྱུ་ཡིན་པ་དང་། སྐབས་དེར་དྷ་ས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་མ་དང་། ས་རཱ་མཐོ་སློབ་དང་སྨན་རྩིས་ཁང་མཐོ་སློབ། ནོར་གླིང་མཐོ་སློབ། དེ་བཞིན་ལྡི་ལི་མཐོ་སློབ་སོགས་གུང་གསེང་དུ་ཡོད་པའི་རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་མ་བཅས་ཞུགས་རྒྱུ་ཡིན་པ་དང་། ཨ་རི་དང་འཇར་མན་སོགས་ཕྱི་རྒྱལ་ཁག་ནས་ཀྱང་ནང་ཆོས་དོན་གཉེར་བ་མང་པོ་བཅར་འཆར་ཡོད་འདུག  

 

ཤོག་ངོས་འདི་ཐེངས་ ༩༤༡ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།