ལྷོ་ཀོ་རི་ཡར་དབུ་མ་འཇུག་པར་བགྲོ་གླེང་

འདོན་སྤེལ། ༢༠༡༣/༠༦/༢༤

རིགས་སློབ་སློབ་ཟུར་ཚུལ་ཁྲིམས་རྒྱ་མཚོལགས་ཀྱིས་ལྷོ་ཀོ་རི་ཡ་ནས་གནང་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༢༡ ཉིན་ལྷོ་ཀོ་རི་ཡའི་གྱོའོང་ཇུའུ་ཟེར་བའི་ས་གནས་སུ་ཡོད་པའི་ཌོན་གུག་གཙུག་ལག་སློབ་གྲྭ་ཆེན་མོ(Dongguk University)ཡི་བོད་ཀྱི་བཀའ་བསྟན་ཉམས་ཞིབ་བསྟི་གནས་ཁང་གི་གོ་སྒྲིག་འོག དཔལ་ལྡན་ཐལ་འགྱུར་བའི་ལུགས་ཀྱི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་སྐོར་གྱི་བགྲོ་གླེང་དཔལ་ལྡན་ཟླ་བས་མཛད་པའི་དབུ་མ་ལ་འཇུག་པ་ལ་དཔྱད་ཞེས་པ་ཞིག་ཚོགས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་གཙུག་ལག་སློབ་གྲྭ་འདིའི་སློབ་སྤྱི་མཆོག་གིས་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་དང་བཅས་ཚོགས་འདུ་དབུ་འབྱེད་གནང་རྗེས། ཉམས་ཞིབ་ཁང་གི་འགན་འཛིན་གྱིས་བགྲོ་གླེང་དེའི་དགོས་པ་དམིགས་ཡུལ་ངོ་སྤྲོད་གནང་བ་ལྟར་བགྲོ་གླེང་འདི་བརྒྱུད་དེ་ཀོ་རི་ཡའི་ནང་དབུ་མ་འཇུག་པའི་སྐོར་ལ་ཤེས་རྟོགས་ཆེ་རུ་གཏོང་རྒྱུར་དམིགས་པ་ཞིག་དང་། མ་འོངས་པར་མུ་མཐུདབགྲོ་གླེང་འདི་ལྟ་བུ་ཚོགས་ཐུབ་པའི་རེ་བ་བྱེད་ཀྱིན་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་བགྲོ་གླེང་ཐོག་གཙུག་ལག་སློབ་གྲྭ་དང་མཐོ་སློབ་ཁག་ཅིག་གི་དགེ་རྒན་དང་སློབ་མ། བོད་ཀྱི་ནང་ཆོས་དང་དབུ་མའི་ལྟ་གྲུབ་ལ་དོ་སྣང་ཡོད་པའི་གྲྭ་བཙུན་དང་མི་སྐྱ་བཅས་ཁྱོན་མི་ ༡༢༠ ཙམ་མཉམ་ཞུགས་གནང་ཡོད་འདུག བགྲོ་གླེང་སྐབས་དབུ་མ་འཇུག་པའི་བརྗོད་བྱ་ལ་སྡེ་ཚན་གསུམ་དུ་བགོས་ཏེ་དཔྱད་རྩོམ་སྒྲོག་སྦྱོང་པ་རྣམས་ནས་སོ་སོའི་ལྟ་གྲུབ་མཚོན་པའི་རྩོམ་ཡིག་རྣམས་སྒྲོགས་སྦྱང་བྱས་རྗེས་ཚོགས་ཞུགས་པ་རྣམས་ཀྱིས་དེ་དང་འབྲེལ་ཡོད་ཀྱི་དོགས་འདྲི་བྱེད་ཆོག་པ་སོགས་བགྲོ་གླེང་གི་རྣམ་པ་ལྡན་པའི་ཚོགས་འདུ་ཞིག་རེད།

ཐེངས་འདིར་རྩོམ་ཡིག་སྒྲོགསྦྱང་བྱེད་མཁན་རྣམས་ནི་རིགས་སློབ་གྱི་སློབ་དཔོན་ཆེན་མོ་དགེ་བཤེས་རྒྱ་མཚོ་ལགས་ཀྱིས་"དབུ་མ་འཇུག་པའི་ལྟ་གྲུབ་གྱི་རིན་ཐང་དང་དགེ་མཚན"ཞེས་པའི་བརྗོད་གཞི་དང་ ཇོན་ནམ་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་གྱིམ་ཧྱོན་གུ་ལགས་ཀྱིས་"སློབ་དཔོན་ཟླ་གྲགས་ཀྱིས་སེམས་ཙམ་པར་དགག་ཚུལ"ཞེས་པའི་བརྗོད་གཞི། དེ་བཞིན། བོད་ཀྱི་བཀའ་བསྟན་ཉམས་ཞིབ་བསྟི་གནས་ཁང་གི་ཉམས་ཞིབ་སློབ་དཔོན་བྱང་རྩེ་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་"དཔལ་ལྡན་ཐལ་འགྱུར་བའི་ལུགས་ཀྱི་བཀའ་གནད་ཆེན་པོ་བརྒྱད"ཅེས་པའི་བརྗོད་གཞིབཅས་ཀྱི་ཐོག་རིམ་པ་བཞིན་རང་རང་གི་རྩོམ་ཡིག་སྒྲོགས་སྦྱང་གནང་ཡོད་འདུག

ཉིན་དེའིཆུ་ཚོད་ ༡།༣༠ ནས་ ༦།༠༠ བར་བགྲོ་གླེང་དངོས་གཞི་དང་། དེའི་རྗེས་དྲི་བ་དྲིས་ལན་བཅས་གནང་སྟེ། ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་བགྲོ་གླེང་ཡོངས་སུ་མཇུག་བསྒྲིལ་ཡོད་འདུག

ཤོག་ངོས་འདི་ཐེངས་ ༡༤༣༩ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།