ཏཱ་ལའི་བླ་མའི་མཛད་རྗེས་ལ་དྲན་གསོ་བྱས་ཏེ་བོད་དོན་ལ་རྒྱབ་སྐྱོར་འཐོབ་སྲིད།

འདོན་སྤེལ། ༢༠༡༣/༠༧/༠༤

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ (Tibet watch) ཁང་གི་འགན་འཛིན་ལྕམ་ཨེ་ལེ་ནོར་(Eleanor Byrne Rosengre) ལགས་སུ། ཁོང་མོའི་སྐྱེས་ཡུལ་སི་ཀོ་ཊི་ལན་ཌའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་འབྲེལ་ཏེ་བོད་དོན་གནས་བབ་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་ཅིག་གནང་རོགས།

ལན། ང་རང་སི་ཀོ་ཊི་ལན་ཌི་( Scotland) ཡི་བྱང་ཤར་རམ་ནུབ་བྱང་ཕྱོགས་ཀྱི་གླིང་ཕྲན་ཧེད་བྷེར་ཌེ་སི་ (Hebrides) ཞེས་པར་སྐྱེས་ཤིང་། ཕྱིས་སུ་ཕ་མ་གཉིས་སི་ཀོ་ལན་ཌི་ནང་གནས་སྤོར་བྱས་ཏེ་བསྡད་པ་རེད། ང་རང་སློབ་འབྲིང་མཐར་ཕྱིན་རྗེས། ༡༩༩༥ ལོར་རྒྱ་གར་ཀ་ལོན་སྦུག་གི་སན་ཌི་ཨོ་གྔོ་སི་ཌིན་(  St.Augustine) སློབ་གྲྭར་ཨང་རྩིས་དགེ་རྒན་བྱས་ཏེ་བསྡད་པ་ཡིན། སློབ་གྲྭ་དེའི་ནང་རྒྱ་གར་དང་བོད། འབྲས་ལྗོངས། འབྲུག ཀ་ལི་ཀ་ཏར་གནས་སྡོད་རྒྱ་རིགས་སོགས་ཡོད། ང་སློབ་གྲྭ་དེར་ལོ་གཅིག་རིང་དགེ་རྒན་བྱས་རྗེས་ཕྱིར་སི་ཀོ་ལན་ཌིར་ལོག་ནས་ཁྲིམས་ལུགས་ཐོག་སློབ་སྦྱོང་བྱས་ཤིང་། སློབ་ཐོན་རྗེས་སི་བེ་ཌེན་(Sweden)རྒྱལ་ཁབ་ནང་གི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་ལོ་ཁ་ཤས་རིང་བྱས་པ་ཡིན། གང་ཡིན་ཞེ་ན། ངའི་ཁྱོ་ག་སི་བེ་ཌིན་རྒྱལ་ཁབ་ཀྱི་མི་སེར་རེད། ངེད་གཉིས་ཁྲིམས་ལུགས་སློབ་གྲྭའི་ནང་སྡོད་སྐབས་ངོ་ཐུག་པ་ཡིན། ང་རང་གིས་གཙུག་ལག་རབ་འབྱམས་པ་དེ་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་བྱས་པ་ཡིན། ༢༠༠༦ ལོ་ནས་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཉམས་ཞིབ་དང་ཨ་རིའི་སྲོག་ཁྲིམས་དགེ་རྩ་ཚོགས་པའི་གྱོད་དོན་འགན་འཛིན་སོགས་བྱས་པ་ཡིན

དྲི་བ། སྔོན་མ་ཁྱོད་རང་གིས་དབྱིན་ལན་དུ་ཨ་རིའི་སྲོག་ཁྲིམས་ཉེས་ཅན་པ་ཚོར་ཁྲིམས་རྩོད་ཀྱི་ལས་ཀ་ཞིག་བྱས་ཡོད་རབས་གསུངས་སོང་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས

ལན། ངས་ཨ་རིའི་མངའ་སྡེ་ཁག་གི་དང་བླངས་ཁྲིམས་རྩོད་པ་སྒེར་བ་ཁག་ཅིག་ལ་འབྲེལ་བ་བྱས་ཏེ། ཁོང་ཚོ་དང་དབྱིན་ཇིའི་ནང་གི་དང་བླངས་ཁྲིམས་རྩོད་པ་ཁག་ཅིག་བཅས་མཉམ་ལས་བྱས་པ་ཡིན། སྐབས་དེར་ང་དང་དབྱིན་ཇིའི་ཁྲིམས་རྩོད་པ་ཚོས་གྱོད་གཞིའི་བྱུང་རིམ་ཞིབ་འཇུག་བྱས་མཐར། གྱོད་གཞི་དེའི་སྐོར་གྱི་གནས་ཚུལ་དང་ཁྲིམས་ལུགས་ཀྱི་ཐག་གཅོད་བྱེད་སྟངས་སྐོར་གྱི་ཡིག་ཆ་ཨ་རིའི་ཁྲིམས་རྩོད་པ་ཚོར་བསྐུར་ཏེ་རོགས་རམ་བྱེད་ཀྱི་ཡོད། ཨ་རིའི་ནང་སྲོག་ཁྲིམས་བཅད་པ་སྐྱེས་པ་ལས་བུད་མེད་མང་པོ་འདུག་སྟབས། མི་སྒེར་སོ་སོར་སྲོག་ཁྲིམས་ཉེས་ཆད་ཕོག་པའི་སྐྱེས་པ་ཚོར་ཁྲིམས་མཐུན་གྱི་ཐོག་ནས་རོགས་རམ་རྒྱབ་སྐྱོར་བྱས་ཀྱང་། ཨ་རི་ལྟ་བུའི་རྒྱལ་ཁབ་ནང་དངུལ་གྱི་འགྲོ་སོང་བཏང་ནས་ཁྲིམས་མཐུན་གྱི་རོགས་སྐྱོར་བྱེད་ཐུབ་པ་དང་དེ་མིན་ཧ་ཅང་རྙོག་འཛིང་ཚ་བོ་རེད། ང་ཚོས་ཞོར་དུ་དབྱིན་ཇིའི་ཁྲིམས་རྩོད་པ་ཚོར་ཨ་རིའི་ནང་གི་སྲོག་ཁྲིམས་སྐོར་གྱི་ཁྲིམས་ལུགས་སློབ་གསོ་དང་སྦྱོང་བརྡར་སྤྲད་པ་ཡིན

དྲི་བ། ཁྱེད་རང་ཐོག་མར་བོད་དོན་ལ་དོ་སྣང་ཇི་ལྟར་བྱུང་བ་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་ལས་ཀའི་ནང་ག་དུས་ཤིག་ལ་ཇི་ལྟར་འཛུལ་ཞུགས་བྱས་པ་ཡིན

ལན། ང་རང་དུས་ཚོད་ནམ་ཞིག་ལ་བོད་དོན་དང་འབྲེལ་བ་བྱུང་མིན་དྲན་སོས་ཀྱི་མི་འདུག དེ་ནི་ལོ་མང་པོ་ཞིག་གི་སྔོན་རེད། ང་རང་ཉིད་ཀྱི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིའི་ལོ་རྒྱུས་ལ་བལྟས་ཏེ་བོད་དོན་ལ་དོ་སྣང་བྱུང་སོང་། དུས་རབས་ ༡༨ ནང་དབྱིན་ཇི་རྒྱལ་ཁབ་ཀྱིས་སི་ཀོ་ཊི་ལན་ཌིར་བཙན་འཛུལ་དབང་བསྒྱུར་ཐེངས་མང་བྱས་པའི་རྙོག་འཛིང་གི་འབྲེལ་ལམ་བྱུང་པ་ནས་བཟུང་། ང་ཚོའི་སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ལ་ཉམ་ཆག་ཆེན་པོ་བྱུང་བ་རེད། དེང་སང་སི་ཀོ་ཊི་ལན་ཌིའི་ནང་དབྱིན་ཇི་སྤྱི་སྐད་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ངའི་ཨ་མ་གཙོས་པའི་མི་ཉུང་ཤས་ཤིག་གིས་སི་ཀོ་ཌིའི་མ་སྐད་གྷད་ལེ་(Gaelic)མ་གཏོགས་ཤེས་ཀྱི་མེད། ངས་བོད་སྐོར་གྱི་དཔེ་དེབ་མང་པོར་བལྟས་པ་ཡིན། སྔོན་མ་དབྱིན་ཇིའི་ས་བདག་ཚོས་ས་ཞིང་ནི་དངུལ་ཡིན་སྟབས། ས་ཞིང་གི་ཆེད་དུ་ཕྱུག་རྫི་དང་ལུག་གཉིས་བཙན་གྱིས་ཨ་རིར་གནས་སྤོ་བཏང་ཡོད། གལ་སྲིད་ཕྱུག་རྫི་མ་སོང་བ་ཡིན་ན་ཕྱུག་རྫི་དང་ལུག་གཉིས་ཀ་ཁང་པའི་ནང་བཅུག་སྟེ་མེར་བསྲེགས་བཏང་བ་སོགས་ང་རང་གི་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་ཡོད་སྟབས། ངས་ཆུང་དུས་ནས་དེ་འདྲའི་སྐོར་ལ་དོ་སྣང་བྱས་པ་ཡིན

དྲི་བ། དེང་སྐབས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་དང་རང་བཙན་བཅས་རིགས་གཉིས་ཡོད་པ་རེད། འདི་གཉིས་ལས་ཁྱེད་རང་གིས་གང་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ

ལན། ངས་བོད་དོན་འཐབ་རྩོད་ལ་ལངས་ཕྱོགས་གཉིས་ཡོད་པ་ཧ་གོ་ཡི་ཡོད། དེ་སྔོན་ལོན་ཌོན་དུ་རྟེན་གཞི་བྱས་ཡོད་པའི་༧ཏཱ་ལའི་བླ་མའི་སྐུ་ཚབ་ཐུབ་བསྟན་བསམ་འགྲུབ་ལགས་དང་དབུ་མའི་ལམ་གྱི་སྐོར་ལ་བགྲོ་གླེང་ཐེངས་མང་བྱས་པ་ཡིན། དེའི་སྐོར་ལ་བཤད་རྒྱུ་ཧ་ཅང་ཁག་པོ་རེད། གང་ཡིན་ཞེ་ན་མཇུག་འབྲས་དང་དཀའ་རྙོག་མང་པོ་ཞིག་འཐབ་རྩོད་ཀྱི་ཐབས་ལམ་ལ་རགས་ལས་ཡོད་པ་རེད། ཟླ་འདིའི་ནང་སི་ཀོ་ཊི་ལན་ཌིའི་ནང་སྲིད་དབང་བཅོས་བསྒྱུར་སྐོར་ལ་བགྲོ་གླེང་བྱ་རྒྱུ་རེད། ལོ་རྗེས་མའི་ནང་སི་ཀོ་ལན་ཌི་དབྱིན་ཇིའི་འོག་ནས་རང་བཙན་བྱེད་མིན་ཐད་མི་མང་ལ་འོས་བསྡུ་རྒྱུ་རེད། ང་རང་ལོན་ཌོན་དུ་སྡོད་པའི་དབང་གིས་ང་རང་ལ་འོས་ལྡུག་རྒྱུའི་ཐོབ་ཐང་མེད་ཀྱང་། ང་ལ་སི་ཀོ་ཊི་ལན་ཌིར་རང་བཙན་འཐོབ་པ་མཐོང་འདོད་ཆེན་པོ་འདུག དེ་བཞིན་བོད་ལ་རང་བཙན་འཐོབ་པར་ལྟ་འདོད་ཤིན་ཏུ་ཆེན་པོ་འདུག ང་སྒེར་གྱི་བསམ་ཚུལ་ཡིན་ན་བོད་ལ་རང་དབང་རང་བཙན་ངེས་པར་ཐོབ་དགོས་པ་ཞིག་རེད། ཡིན་ནའང་ང་རང་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་གྱི་མིང་ཐོག་ནས་བརྗོད་རྒྱུ་ཁག་པོ་འདུག རྒྱུ་མཚན་ཅི་ཡིན་ཟེར་ན། བོད་པའི་མཐར་ཐུག་གི་མངོན་འདོད་དེ་བོད་ནང་གི་བོད་མི་ཚོར་དབང་བ་རེད

དྲི་བ། ཨ་རིའི་ཧོད་ལེ་ཝོ་ཌི་( Hollywood)ཕབ་སྐྲུན་བྱས་པའི་སི་ཀོ་ཊི་ལན་ཌིའི་དབྱིན་ཇིའི་བཙན་འཛུལ་འོག་ནས་རང་དབང་རྩོད་ལེན་བྱེད་བཞིན་པའི་གློག་བརྙན་སྙིང་སྟོབས་ཅན་གྱི་དཔའ་བོ་(Brave heart) ཞེས་པ་དེར་གཟིཊ་ཚུལ་གང་འདྲ་ཡོད་དམ

ལན། གློག་བརྙན་དེའི་གནས་ཚུལ་མང་ཆེ་བདེན་པ་རེད། ཡིན་ནའང་ཨ་རིའི་གློག་བརྙན་བཟོ་སྐྲུན་པ་ཚོས་སི་ཀོ་ཊི་ལན་ཌིའི་ལོ་རྒྱུས་ཡག་པོ་མ་ཤེས་པའི་གནས་ཚུལ་རེ་ཟུང་འདུག གློག་བརྙན་དེར་སི་ཀི་ཊི་ལན་ཌིའི་མི་མང་པོ་ཞིག་གིས་དགའ་བོ་བྱེད་ཀྱི་ཡོད་ཀྱང་། ལ་ལས་དེའི་གནས་ཚུལ་ཁ་ཤས་དངོས་ཡོད་ལོ་རྒྱུས་དང་མཐུན་གྱི་མེད་པའི་རྙོག་དྲ་ཤོད་མཁན་ཡང་ཡོད། དཔེར་ན། གློག་བརྙན་ནང་གི་མི་སྣ་གཙོ་བོ་ཝེ་ལེམ་ཝ་ལ་(William Wallace) གདོང་ལ་ཚོན་སྔོན་པོ་བྱུག་ཡོད་པ་དེ། ལོ་རྒྱུས་ནང་ཁོས་རང་ཉིད་ཀྱི་གདོང་ལ་ཚོན་སྔོན་པོ་གཏན་ནས་བྱུག་ཡོད་པ་མ་རེད། ལོ་ ༢༠༠༠ལྷག་གི་སྲོལ་རྒྱུན་ལྟར་ན་ཚོན་མདོག་སྔོན་པོ་དེ་ཕག་པར་བྱུག་གིན་ཡོད་པའི་སྲོལ་ཞིག་རེད་འདུག ཁོས་རང་བཙན་འཐབ་རྩོད་བྱས་པ་དང་མཐར་ཁོ་རང་བཟུང་ནས་བསད་པ་སོགས་བདེན་པ་རེད། གློག་བརྙན་དེ་ནི་སི་ཀོ་ཊི་ལན་ཌིའི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ཕྱོགས་ངོས་ཆུང་ཆུང་ཞིག་རེད། ང་ཚོ་སི་ཀོ་ཊི་ལན་ཌིས་ལོ་བརྒྱ་ཕྲག་རིང་ལ་དབྱིན་ཇི་ལ་དམག་བརྒྱབ་ནས་ཐོབ་ཤོར་མང་པོ་བྱུང་ཡོད་པ་རེད

དྲི་བ། སྐུ་ཉིད་ཀྱི་གཟིགས་ཕྱོགས་ལྟར་ན། བོད་དོན་འཐབ་རྩོད་དེ་སྔོན་ཆད་སི་ཀོ་ཊི་ལན་ཌིའི་རང་བཙན་འཐབ་རྩོད་དང་རྒྱ་གར་གྱི་རང་བཙན་འཐབ་རྩོད་སོགས་དང་མཚུངས་བསྡུར་བྱས་ན་འགྲིག་གམ

ལན། དུས་རབས་མང་པོའི་རིང་སི་ཀོ་ཊི་ལན་ཌིའི་རང་བཙན་འཐབ་རྩོད་ནང་དམག་འཁྲུག་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་མི་སྟོང་ཕྲག་མང་པོ་ཤི་བ་རེད། མཐའ་མར་ང་ཚོ་སི་ཀོ་ཊི་ལན་ཌིའི་རང་བཙན་ཤོར་བ་རེད། གང་ལྟར། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་གྲོས་མཐུན་བྱུང་སྟེ། སི་ཀོ་ཊི་ལན་ཌི་དབྱིན་ཇི་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཆགས་ཡོད། ངས་བཤད་པའི་གནས་ཚུལ་འབྲེལ་བ་ཡོད་མེད་མི་ཤེས་ཀྱང་། དབྱིན་ཇིའི་རྒྱལ་མོ་དང་སི་ཀོ་ཊི་ལན་ཌིའི་རྒྱལ་མོ་གཉིས་བར་དམིགས་བསལ་འབྲེལ་བ་ཞིག་ཡོད། གལ་སྲིད། དབྱིན་ཇིའི་རྒྱལ་མོ་ལ་རྒྱལ་སྲས་མ་བྱུང་སྔོན་ལ་ཤི་བ་ཡིན་ན། སི་ཀོ་ཊི་ལན་ཌིའི་རྒྱལ་སྲས་དབྱིན་ཇིའི་རྒྱལ་སྲིད་ལ་བསྐོས་ཏེ་རྒྱལ་རྒྱུད་སྐྱོང་ཆོག་གི་ཡོད། དེ་ནི་ཆབ་སྲིད་ཀྱི་ངོ་བོ་ཅིག་ཆགས་པས་རེད། དེང་དུས་ཀྱི་གནས་སྟངས་དེ་དང་འདྲ་གི་མ་རེད། བོད་མི་ཚོས་སྔོན་གྱི་ལོ་རྒྱུས་དེ་དག་ལ་དཔེ་བལྟས་པ་ཡིན་ན་ཕམ་ཁ་རག་གི་རེད། ལྷག་པར་དུ་འཚེ་བ་དང་དྲག་སྤྱོད་ཀྱི་ལས་འགུལ་སོགས་སྤེལ་བ་ཡིན་ན་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་གི་མ་རེད

དྲི་བ། བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཚད་གཞི་གང་འདྲ་ཞིག་ལ་བསླེབས་ཡོད་པ་དང་། བོད་རྒྱའི་དཀའ་ཉོག་སེལ་རྒྱུར་དུས་ཚོད་དང་རེ་བ་གང་འདྲ་ཞིག་མཐོང་གི་ཡོད་དམ

ལན། ང་ཚོས་མཐོང་ཐུབ་པའི་ལེ་བྷེ་ཡ་(Libya)ལྟ་བུར་མཚོན་ན། ང་རང་ཆུང་ཆུང་སྐབས་ལེ་བྷེ་ཡ་ནི་སྲིད་དབང་སྒེར་འཛིན་རིང་ལུགས་ཀྱི་རྒྱལ་ཁབ་ཞིག་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་སྲིད་གཞུང་ལ་འགྱུར་བ་འགྲོ་རྒྱུ་དེ་ཕལ་ཆེར་མི་སྲིད་པ་ཞིག་ཏུ་མཐོང་གི་ཡོད། གློ་བུར་དུ་ལེ་བྷེ་ཡའི་ནང་གསར་བརྗེ་བྱུང་སྟེ། སྲིད་དབང་སྒེར་འཛིན་པ་མེད་པར་བཏང་སྟེ་གཞུང་གསར་པ་ཞིག་འཛུགས་ཐུབ་པ་བྱུང་སོང་། དབྱིན་ཇིའི་ལོ་རྒྱུས་ལ་བལྟས་ན། སྔོན་མ་དབྱིན་ཇིས་རྒྱལ་ཁབ་མང་པོ་བདག་བཟུང་བྱས་ཏེ་རྒྱལ་ཁོངས་ཧ་ཅང་ཆེན་པོ་ཡོད་པ་རེད་དེ། དེང་སང་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། སྔོན་མ་ཡུ་རོབ་ནང་གོང་མ་དང་རྒྱལ་མོས་སྲིད་གཞུང་བཟུང་བའི་དུས་སྐབས་ཞིག་བྱུང་བ་རེད། ཁོང་ཚོའི་གནས་སྟངས་ཀྱང་འགྱུར་བ་ཕྱིན་ཏེ་དེང་སང་མི་མང་གིས་འོས་འདེམས་བྱས་པའི་དམངས་གཙོའི་གཞུང་ཆགས་ཡོད། ལོ་ངོ་ཉི་ཤུའི་སྔོན་ལ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་རྒྱལ་ཁབ་ཆུང་ཆུང་མང་པོ་ཆགས་པ་རེད། དེ་བཞིན། ལོ་བརྒྱ་ཕྲག་རིང་ལ་རཱོ་མན་གྱིས་རྒྱལ་ཁབ་མང་པོ་བདག་བཟུང་བྱས་པ་རེད་དེ། དེང་སང་མཐོང་རྒྱུ་མེད་པ་ཆགས་ཚར་ཡོད། དེ་བཞིན་རྒྱ་ནག་ཀྱང་རྟག་བརྟན་ཞིག་མ་རེད། ད་ལྟ་དཔལ་འབྱོར་སོགས་གང་ཐད་ནས་ཆེན་པོ་ཆགས་བསྡད་པ་ཞིག་ཏུ་སྣང་ཡང་ནམ་ཞིག་འགྱུར་བ་ཆེན་པོ་ཞིག་ཏན་ཏན་འགྲོ་གི་རེད

དྲི་བ། སྐུ་ཉིད་ཀྱི་ངོས་འཛིན་ལྟར་ན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་ནང་གི་བོད་མི། བཙན་བྱོལ་མི་མང་། རྒྱལ་སྤྱིའི་སྤྱི་ཚོཊ་བཅས་ལས་བོད་དོན་འཐབ་རྩོད་ཐོག་གལ་ཆེ་ཤོས་སུ་ཞིག་ཆཊ་ཡོད

ལན། དེ་༧གོང་ས་ཏཱ་ལའི་བླ་མ་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཐ་ན་ཁོང་ཉིད་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་དགོངས་པ་ཞུས་ཡོད་ཀྱང་། འཛམ་གླིང་མི་མང་གིས་༸གོང་ས་ཏཱ་ལའི་བླ་མ་ངོ་ཤེས་ཀྱི་ཡོད་པ་དང་། རྒྱལ་ཁབ་མང་པོའི་ནང་གི་མི་མང་ཚོས་ཁོང་ཉིད་ལ་གུས་བཀུར་དང་རྩིས་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཟེར་ན་༧གོང་ས་ཏཱ་ལའི་བླ་མ་མཐོང་གི་ཡོད། གང་ཡིན་ཞེ་ན། ཁོང་ནི་བོད་ཀྱི་འཐབ་རྩོད་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྐྱེན་རེད། ངས་བསམ་ན། ད་ལྟའི་དུས་ཚོད་འདིའི་ནང་བོད་པའི་གནས་སྟངས་ལ་འགྱུར་བ་གཏོང་མཁན་དང་། བོད་དོན་ཐག་གཅོད་བྱེད་མཁན་ཉག་གཅིག་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཆགས་བསྡད་ཡོད་པ་རེད། གཞན། བོད་གཞུང་གི་དབུ་ཁྲིད་སྲིད་སྐྱོང་དང་། ཚོགས་པ་སྒྲིག་འཛུགས་སུ་གང་གིས་ཀྱང་ནུས་པ་འཐོན་ཐུབ་གི་མ་རེད། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་མཚན་སྨོད་ཅི་ཙམ་བྱས་ཀྱང་། རྒྱལ་སྤྱིའི་ཐོག་ཁོང་ལ་ཆེ་མཐོང་དང་སྙན་གྲགས་ཆེན་པོ་ཡོད་པ་དེ་ནག་གསུབ་གཏོང་ཐུབ་གི་མ་རེད

དྲི་བ། ༧གོང་ས་མཆོག་ལོ་གསུམ་གྱི་རྗེས་དགུང་ལོ་ ༨༠ ལ་ཕེབས་ཀྱི་ཡོད་པ་རེད། ནམ་ཞིག་ཁོང་ཉིད་དགོངས་པ་རྫོགས་པ་ཡིན་ན་བོད་ཀྱི་གནད་དོན་དེ་གང་འདྲ་ཞིག་ཆགས་སྲིད་དམ

ལན། བདུན་འགའི་སྔོན་ང་ཚོ་དང་ལོན་ཌོན་དུ་ཡོད་པའི་༸གོང་ས་མཆོག་གི་སྐུ་ཚབ་མཉམ་དེའི་སྐོར་ལ་གླེང་མོལ་བྱས་པ་ཡིན། སྐུ་ཚབ་ཁོང་གིས་ཀྱང་དེའི་སྐོར་ལ་སེམས་ཁྲལ་ཆེན་པོ་གནང་གི་འདུག ༧གོང་ས་མཆོག་གི་ཐུན་མོང་མ་ཡིན་པའི་མཁྱེན་དཔྱོད་ལ་འཛམ་གླིང་མི་མང་གིས་དད་གུས་དང་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སྐད་ཆ་དྲང་མོ་བཤད་ན་ཁོང་སྐུ་གཤེགས་པ་ཡིན་ན། ཁོང་གི་རླབས་ཆེན་མཛད་པ་ལ་རྗེས་དྲན་ཆེད་འཛམ་གླིང་མི་མང་གིས་བོད་དོན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་ཀྱང་སྲིད་པ་རེད། གང་ཡིན་ཞེ་ན། ཁོང་ཉིད་སྐུ་གཤེགས་ཀྱང་། ཁོང་གིས་འཛམ་གླིང་ལ་བཞག་པའི་རླབས་ཆེན་མཛད་རྗེས་དང་ཁོང་གི་མཚན་སྙན་གྲགས་འཛམ་གླིང་ནང་གསོན་པོར་གནས་རྒྱུ་ཉག་གཅིག་རེད། སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གི་ཕྱག་ལས་དང་སྙན་གྲགས་ད་རུང་འཛམ་གླིང་མི་མང་གིས་བསྔགས་བརྗོད་དང་རྗེས་དྲན་བྱེད་བཞིན་ཡོད་པ་ལྟ་བུ་རེད། སྐབས་དེར་བོད་པའི་སྲིད་སྐྱོང་རིམ་བྱུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཤུགས་རྒྱག་ཐུབ་མིན་ལ་རག་ལས་ཡོང་གི་རེད

དྲི་བ། བོད་མི་ ༡༡༩ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་འཛམ་གླིང་ཐོག་མི་རིགས་ཀྱི་རང་དབང་ཆེད་རང་ལས་མེར་བསྲེགས་གནང་བ་མང་ཤོས་ཡིན་རྒྱུ་རེད། ཡིན་ནའང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་ཆབ་སྲིད་དབུ་ཁྲིད་ཚོས་འོས་འཚམ་གྱི་རྒྱབ་སྐྱོར་ཐོབ་ཀྱི་མེད་པ་དེ་གང་ལ་ཐུག་ཡོད་དམ

ལན། བོད་མིའི་རང་ལུས་མེར་བསྲེགས་དེ་རྒྱལ་སྤྱིའི་སྟེང་གནས་ཚུལ་ཆེན་པོ་ཆགས་མ་ཐུབ་པ་དེར་རྒྱུ་མཚན་གསུམ་ཡོད་རྒྱུ་རེད་སྙམ། གཅིག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དབང་གིས་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་འོག་ཕྱིན་པ་རེད། གཉིས་པ་རྒྱ་ནག་གི་དམ་དྲག་དང་བོད་ནང་ཤེས་ཡོན་དང་སྤྱི་ཚོགས་གནས་སྟངས་རྗེས་ལུས་ཡིན་སྟབས་གནས་ཚུལ་ཆ་ཚང་བ་ཞིག་དུས་ཐོག་ཕྱི་ལོགས་སུ་ཐོན་མ་ཐུབ་པས་རེད། གསུམ་པ་རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་བཟོ་བྱས་ཏེ། རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་དབང་བོ་སྐྱོན་ཅན་ཡིན་པ་དང་། ཁྱིམ་ཚང་གི་རྙོག་དྲ་ཡིན་པ། དཔལ་འབྱོར་གྱི་དཀའ་ངལ་ཡིན་པ་སོགས་བཤད་དེ། རྒྱལ་སྤྱིའི་ཐོག་ནས་བདེན་རྫུན་དབྱེ་བ་བཀར་མ་ཐུབ་པར་སྣང་མེད་ལྟ་བུར་བཞག་པ་རེད། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་སྐོར་གྱི་སྐད་ཆ་རྒྱ་ནག་ལ་བཤད་ཐུབ་ཀྱི་ཡོད་པ་མ་རེད། སྔོན་མ་དབྱིན་ཇི་རྒྱལ་ཁབ་ཀྱི་བོད་ཀྱི་གནད་དོན་ལ་ལངས་ཕྱོགས་ཡག་པོ་ཡོད་ཀྱང་། དེང་སྐབས་སྡུག་ཏུ་འགྲོ་བཞིན་ཡོད། དབྱིན་ཡུལ་ཀྱི་བོད་དོན་རྒྱབ་སྐྱོར་པ་ང་ཚོས་དབྱིན་ཇིའི་གཞུང་ལ་གནོན་ཤུགས་དང་སྐྱོན་བརྗོད་བྱེད་རྒྱུ། དེ་བཞིན་གྲོས་ཚོགས་འཐུས་མིར་ཐུག་སྟེ་བོད་དོན་སྐུལ་སློང་སོགས་བྱེད་ཀྱི་ཡོད། སྐབས་རེར་ལས་ཀ་བྱེད་སྐབས་གཞུང་གིས་སེམས་ཤུགས་ཆག་འཇུག་གི་འདུ

དྲི་བ། སྐུ་ཉིད་ཀྱི་མཐོང་ཚུལ་ལ་རང་ལུས་མེར་བསྲེགས་སོཊ་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཐོག་ནས་བདག་པོ་མ་བརྒྱབ་པ་ཡིན་ན། མ་འོངས་པར་བོད་དོན་འཐབ་རྩོད་བྱེད་སྟངས་ལ་འགྱུར་བ་འགྲོ་སྲིད་མ།

ལན། ཉེ་ཆར་ངས་གནས་ཚུལ་དེ་འདྲ་ཞིག་གོ་སོང་། དེར་གནད་འགག་ཆེན་པོ་ཡོད་པ་ཞིག་ཀྱང་རེད་འདུག བོད་ཀྱི་འཐབ་རྩོད་ཀྱི་ཐབས་ལམ་ནི་ཐུན་མོང་མ་ཡིན་པ་མ་ཟད། འཚེ་མེད་ཞི་བདེའང་རེད། དེ་ནི་འཚེ་མེད་ཞི་བདེའི་ངང་ནས་འཐབ་རྩོད་བྱེད་པའི་ལོ་རྒྱུས་ནང་ལོ་རྒྱུན་རིང་ཤོས་ཆགས་པ་རེད། གལ་སྲིད་འཚེ་མེད་ཞི་བདེ་འདི་ལ་ལེགས་འགྲུབ་མ་བྱུང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོཊ་ཚང་མར་ཉེས་འཛུགས་སྐྱོན་བརྗོད་བྱས་ཆོག་པ་དང་། ད་ལྟ་འཚོ་བཞིན་པའི་འཛམ་གླིང་མི་མང་གིས་བོད་པའི་འཚེ་མེད་ཞི་བདེའི་འཐབ་རྩོད་ལ་རོགས་སྐྱོར་དང་ལེན་བྱེད་མ་ཐུབ་ན། འབྱུང་འགྱུར་གྱི་མི་རབས་ང་ཚོའི་བྱིས་པའི་མི་རབས་རྗེས་མའི་རྗེས་མ་ཚོའི་མདུན་ལམ་དང་མི་ཚེ་ཡང་ཧ་ཅང་དཀའ་ཚེཊ་དང་རྙོག་འཛིང་ཅན་ཞིག་ཏུ་ཆཊ་སོང་བ་རེད། གནས་ཚུལ་འདི་ཧ་ཅང་ཡིད་སྐྱོ་དགོས་པའི་བསླབ་བྱ་ཞིག་རེད

དྲི་བ། རྒྱ་ནག་གི་སྲིད་བྱུས་འོག་བོད་མི་ཚོས་རང་སྲེག་དང་བཙོན་འཇུག་མནར་གཅོད་མྱོང་མ་དགོས་པའི་ཐོག་ནས། ཐབས་ལམ་གཞན་གྱི་སྟེང་བོད་མི་ཚོས་ཇི་ལྟར་བྱས་ན་བོད་ཀྱི་ཆོས་དང་རིག་གཞུང། ངོ་བོ་སྲུང་སྐྱོབ་བྱེད་ཐུབ་བམ

ལན། ངས་བསམ་ན་རིག་གཞུང་སྲུང་སྐྱོབ་རྒྱུན་སྲིང་བྱེད་རྒྱུ་ནི་གལ་ཆེན་པོ་རེད། གང་ཡིན་ཞེ་ན། རིག་གཞུང་ནི་བོད་ཀྱི་ངོ་བོའི་གྲུབ་ཆ་ཞིག་ཡིན།གལ་སྲིད་རྒྱ་ནག་གཞུང་གིས་སློབ་གྲྭ་ནང་བོད་ཡིག་སློབ་སྦྱོང་བྱས་མ་བཅུག་པ་ཡིན་ན། ཕ་མ་ཚོས་སོ་སོའི་ནང་ནས་ཕྲུ་གུ་ཚོར་བོད་ཡིག་སློབ་ཁྲིད་ཐོག་ཤུགས་རྒྱག་དགོས་པ་རེད། རྒྱ་ནག་གིས་བོད་ནང་གི་ཆོས་ལུགས་མཛད་སྒོའི་སྐབས་བོད་མི་འདུ་འཛོམས་བྱེད་པར་བཀག་འགོག་བྱས་ན། བོད་མིས་ཁ་ཐུག་གིས་ངོ་རྒོལ་མ་བྱས་པར་ལོ་ནས་ལོ་བསྟུད་དེ་རྒྱུན་སྐྱོང་ངེས་པར་བྱེད་དགོས། འདི་དང་གཅིག་མཚུངས་ཀྱི་གནས་སྟངས་སི་ཀོ་ཊི་ལན་ཌིའི་ལོ་རྒྱུས་ནང་བྱུང་ཡོད་པ་རེད

དྲི་བ། རྒྱ་ནག་གི་དཔལ་འབྱོར་མ་ཡིན་པའི་སྟེང་ནས་སྤྱིར་བཏང་གིས་རྒྱ་ནག་དང་རྒྱ་ནག་མི་མང་ལ་རྒྱལ་སྤྱིའི་མཐོང་སྣང་ངོས་འཛིན་ག་འདྲ་ཞིག་འཇོག་གི་ཡོད་དམ

ལན། ངས་བལྟས་ན་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉིས་ཁ་ཁ་རེད། རྒྱ་ནག་མི་མང་གིས་བོད་པའི་གནད་དོན་སྐོར་ལ་གཞུང་ཕྱོགས་ནས་དྲིལ་བསྒྲགས་ག་རེ་སྤེལ་བ་དེའི་ནང་ལ་འཐོམ་བསྡད་ཡོད་པ་རེད། བོད་ཀྱི་དངོས་ཡོད་གནས་སྟངས་ཧ་གོ་ཐུབ་ཀྱི་ཡོད་པ་མ་རེད་ལ། མི་རེ་ཟུང་ཞིག་གིས་གནས་ཚུལ་ཕྲན་བུ་རེ་བཤད་ཀྱང་སྣང་བར་འགྲོ་འདུག་ཀྱང་བཤད་ཁག་པོ་རེད། ཡིན་ནའང་དེང་སང་རྒྱ་རིགས་ཁོ་རང་ཚོ་ཡང་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་ཐོག་ལ་དོ་སྣང་གང་འཚམ་ཡོང་གི་འདུག དེ་ནི་མ་འོངས་པར་བོད་དོན་ལ་རྒྱབ་སྐྱོར་ཡོང་རྒྱུའི་ལམ་ཁ་ཞིག་ཆགས་བསྡད་ཡོད་པ་རེད།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

ཤོག་ངོས་འདི་ཐེངས་ ༢༣༢༨ ལ་བཀླགས་འདུག
རིག་པ་འདོན་པ།
བློ་བཟང་གྲགས་པ།
༢༠༡༣/༠༧/༠༥ ཉིན་འདོན་སྤེལ་བྱས།
མགོ་སེར་མ་འདིས་སྐད་ཆ་ཡག་པོ་བཤད་འདུག ཕྱི་རྒྱལ་བ་ཚོས་བོད་དོན་ཐོག་ལ་འདི་ལྟ་བའི་སེམས་ཁྲལ་དང་ཐུགས་རྒྱུས་ཡོད་ན་བོད་པ་ཚོས་སོ་སོའི་ཁེ་ཕན་དོན་ལ་ཉིན་རྟག་པར་རྒྱུག་ནས་བསྡད་ཡོད་པ་རེད། ལྷག་པར་དུ་མོ་རང་གིས་བཤད་པའི་སྐད་ཆ་ (ཁོང་སྐུ་གཤེགས་པ་ཡིན་ན། ཁོང་གི་རླབས་ཆེན་མཛད་པ་ལ་རྗེས་དྲན་ཆེད་འཛམ་གླིང་མི་མང་གིས་བོད་དོན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་ཀྱང་སྲིད་པ་རེད། གང་ཡིན་ཞེ་ན། ཁོང་ཉིད་སྐུ་གཤེགས་ཀྱང་། ཁོང་གིས་འཛམ་གླིང་ལ་བཞག་པའི་རླབས་ཆེན་མཛད་རྗེས་དང་ཁོང་གི་མཚན་སྙན་གྲགས་འཛམ་གླིང་ནང་གསོན་པོར་གནས་རྒྱུ་ཉག་གཅིག་རེད། སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གི་ཕྱག་ལས་དང་སྙན་གྲགས་ད་རུང་འཛམ་གླིང་མི་མང་གིས་བསྔགས་བརྗོད་དང་རྗེས་དྲན་བྱེད་བཞིན་ཡོད་པ་ལྟ་བུ་རེད། སྐབས་དེར་བོད་པའི་སྲིད་སྐྱོང་རིམ་བྱུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཤུགས་རྒྱག་ཐུབ་མིན་ལ་རག་ལས་ཡོང་གི་རེད། ) འདི་སྣང་བར་འགྲོ་ཤོས་རེད།
དེ་ནས་མོ་རང་གིས་བཤད་པའི་གློག་བརྙན་Brave heart་ཟེར་བ་འདི་བོད་ནང་ནས་ལྟ་ཐུབ་པ་ཡིན་ན་ཧ་ཅང་སེམས་ཤུགས་དང་ལ་རྒྱ་ཆེན་པོ་ཆགས་པའི་ཐོག་ཕན་ཐོག་ཏན་ཏན་ཡོང་ས་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།