འབྲེལ་མོལ་མུ་མཐུད་ཡོང་ཐབས་ཀྱི་འབད་རྩོལ་སྔར་ལྷག་ཞུ་རྒྱུ་ཡིན།

འདོན་སྤེལ། ༢༠༡༣/༠༧/༠༦

དེ་རིང་ནི་༧གོང་ས་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་ཁེལ་ཡོད་སྟབས། ངྷ་ས་གཙུག་ལག་ཁང་དང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཙོས་པའི་བཙན་བྱོལ་བོད་མི་གནས་སྡོད་ས་གནས་ཁོང་ཡོངས་སུ་དུས་ཆེན་སྲུང་གཙིའི་མཛད་སྒོ་ཚོགས་བཞིན་ཡོད་པ་དང་། མཛད་སྒོའི་འདིའི་སྲིད་སྐྱོང་གི་གཏམ་བཤད་ནང་། ད་ལོའི་ཕྱི་ཟླ་ ༩ པའི་ནང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོངས་ཏེ་ཚོགས་མི་གསར་པ་ཁག་ཅིག་བསྐོ་བཞག་བྱས་ཏེ་འབྲེལ་མོལ་བསྐྱར་མཐུད་ཐོག་འབོད་བརྩོན་ཞུ་རྒྱུ་ཡིན་སྐོར་བཀོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་ངག་དབང་འཕེལ་རྒྱས་མཆོག བོད་མི་མངའཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་པའི་སྤྱི་འཐས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་གཙོས་པའི་གཞུང་ཞབས་ལས་བྱེད་ཆེ་ཕྲ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན། ངྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མི་མང་ལྷན་འཛོམས་ཐོག ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོའི་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་པ་དང་རྒྱལ་གླུ་གྱེར་འདོན་གནང་སོང་ 

དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་བཞི་ལ་ལེགས་སྐྱེས་ཕུལ་ཡོད་པ་དང་། སྲིད་ཚབ་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་(Status of Tibetan Women in exile,2012) ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། ཞབས་ལོ་ ༢༥ ཧྲིལ་བོ་འཁོར་བའི་སྲི་ཞུ་ལས་བྱེད་དག་ནི། བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ཚེས་གསུམ་ལྷ་མོ་ལགས། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཚེ་དབང་བཀྲ་ཤིས་ལགས། སྤུ་རུ་ཝ་ལ་ས་གནས་མགོ་འཛིན་དྲུང་ལས་<ཚེ་རིང་དབང་འདུད་ལགས་བཅས་རེད། མཇུག་ཏུ་ཚོགས་སྐྱིད་ཁག་དང་སློབ་གྲྭ་ཁག་གིས་གཞིས་སྣ་འཁྲབ་སྟོན་བཅས་གནང་སོང་

སྲིད་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོགས་སྦྱང་གནང་བའི་ནང་༧གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་འབྲེལ་ལམ་གོང་འཕེལ་ཡོང་སླད། ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དབུ་འཁྲིད་ཁག་ཕན་ཚུན་གོ་རྟོགས་སྤེལ་རེས་གནང་ཡོད་པ་མ་ཟད། ཆོས་ལུགས་གཞན་དག་གི་ལྷ་ཁང་དང་གནས་ཆེན་ཁག་ཏུ་གནས་གཟིགས་སུ་ཕེབས་ཡོད་པ་དང་དེ་བཞིན། དཔལ་ན་ལེནྟ་ནས་བརྒྱུད་པའི་ནང་ཆོས་དེབརྗོད་བྱའི་ཆ་ནས་གཞི་དངོས་པོའི་གནས་ལུགས་དང་འབྲེལ་བའི་ཚན་རིག་དང་ལྟ་གྲུབ། ལམ་དང་འབྲས་བུ་སྟོན་པའི་ཆོས་ལུགས་བཅས་སྡེ་ཚན་གསུམ་དུ་དབྱེ་བ་མཛད་པ། ལྷག་པར་དེང་རབས་ཚན་རིག་དང་ནང་པའི་ཚན་རིག་དང་ལྟ་གྲུབ་བར་བགྲོ་གླེང་གི་ལས་གཞི་སྤེལ་བ་ལ་བརྟེན་ནས་ཕྱོགས་གཉིས་ཀར་རྣམ་དཔྱོད་དང་བློ་བསྐྱེད་སྤེལ་རེས་གནང་སྟེ་མཛད་རྗེས་བླ་མེད་ཆགས་པ་སོགས་བཀོད་འདུག

གསུང་བཤད་ནང་མུ་མཐུད་དུ་བཀོད་དོན། “བོད་རིགས་ནང་ཁུལ་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་དབྱེ་བ་མེད་པར་སྔར་ལྷག་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ངང་གནས་ཐུབ་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་འབའ་ཞིག་ལས་བྱུང་བ་ཡིན། ད་ལྟའི་དུས་སྐབས་འདིར་བོད་མི་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཆོས་ སྲིད་ཀྱི་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་ཉམས་ལེན་ཚུལ་བཞིན་ཞུ་རྒྱུ་རང་དོན་རང་གཅེས་ཡིན་སྟབས། ཚང་མས་དེ་དོན་གནང་ཕྱོགས་ཡོང་བ་དང་། ཁྱད་པར་གཞོན་སྐྱེས་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་པ་དགོས་རྒྱུ་གལ་ཆེན་ཡིན་པ་སེམས་ཚོར་ཆེན་པོའི་སྒོ་ནས་དྲན་སྐུལ་ཞུ་རྒྱུ་ཡིན” ཞེས་བཀོད་འདུག

དབུ་མའི་ལམ་གྱི་བྱུང་རིམ་དང་གྲུབ་འབྲས་ཐད། “ བོད་དོན་དཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གིས་བདུན་ཅུ་དོན་གྲངས་ནས་བོད་རྒྱ་མི་རིགས་གཉིས་ཀའི་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་དངོས་ཡོད་གནས་སྟངས་ལ་གཟིགས་ཏེ། བོད་རྒྱ་ནག་ནས་ཁ་བྲལ་རྩོད་མི་དགོས་པ་གང་ཞིག་ལ་ད་ལྟའི་དྲག་གནོན་དང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་འགྱུར་བ་གཏང་རྒྱུའི་དབུ་མའི་ལམ་གྱི་སྲིད་བྱུས་རྨད་དུ་བྱུང་བ་ཞིག་ཕྱག་བཞེས་གནང་ཡོད། སྲིད་བྱུས་འདི་ཏེང་ཞའོ་ཕིང་གིས་ བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་ཐག་གཅོད་བྱེད་ཆོགཅེས་བཤད་པ་དང་ཡོངས་སུ་མཐུན་པ་ཡིནཞེས་བཀོད་འདུག་ལ། དབུ་མའི་ལམ་བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པ་དང་། དབུ་མའི་ལམ་ལ་བརྟེན་ཏེ་བོད་རྒྱའི་བར་འབྲེལ་མོལ་ཐེངས་མང་བྱུང་བ། གཞིས་བྱེས་བར་འགྲོ་འོང་གོ་སྐབས་བརྒྱུད་སློབ་ཕྲུག་དང་གྲྭ་བཙུན་ཁྲི་སྟོང་མང་པོར་བཙན་བྱོལ་དུ་སློབ་སྦྱོང་གི་གོ་སྐབས་རག་པ། དེ་བཞིན། "འཛམ་གླིང་རྒྱལ་སྤྱིའི་ཁྱོན་དུ་བོད་མིའི་སྒྲིག་འཛུགས་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཁག་ལ་ཡུལ་ཁྲིམས་དང་ཆབ་སྲིད་ཀྱི་འགོག་རྐྱེན་མེད་པར་གྱུར་པ། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བོད་དོན་སྐོར་གླེང་སློང་དང་རྒྱབ་སྐྱོར་མངོན་གསལ་དོད་པོས་བྱེད་ཐུབ་པ་བྱུང་ཡོདཅེས་སོགས་བཀོད་འདུག

དབུ་མའི་ལམ་གྱི་གྲུབ་འབྲས་གལ་ཆེ་བ་གཅིག་ནི་རྒྱ་རིགས་ཤེས་ཡོན་ཅན་ཚོའི་ཁྲོད་བྱུང་ཡོད་པ་དང་། ༢༠༠༨ ལོའི་ཞི་བའི་གྱེན་ལངས་སྐབས་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོས་རྒྱ་ནག་གི་མགོ་འཁྲིད་ལ་ཞུ་ཡིག་ཕུལ་བའི་ནང་། ༸གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་ལ་རྒྱབ་སྐྱོར་དང་། བོད་རྒྱ་མི་རིགས་གཉིས་བར་འཁོན་འཛིན་སློང་གཞིའི་བདེན་པ་མ་ཡིན་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་མཚམས་འཇོག་དགོས་པ་སོགས་འཁོད་ཡོད། ད་བར་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་རྣམས་ཀྱིས་བོད་མིར་ཤ་ཚ་དང་། འབྲེལ་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་བཅས་ཀྱི་རྩོམ་ཡིག་སྟོང་ཕྲག་བརྒལ་བ་སྤེལ་ཡོད།

བཀའ་ཤག་སྐབས་བཅུ་བཞི་བའི་སྲིད་བྱུས་དང་ལས་དོན་སྤེལ་ཕྱོགས་སྐོར་བཀོད་དོན། “ བཀའ་ཤག་གི་ངོས་ནས་ཀྱང་ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་། བར་དུ་དངོས་གཞིའི་ལས་འགུལ་ཁག་སྤེལ་རྒྱུ། དེ་གཉིས་ཀ་མཐར་འབྲེལ་མོལ་ཐོག་འབབ་རྒྱུ་བཅས་ཀྱི་ལས་དོན་གོ་རིམ་ངེས་ཅན་ཞུས་ཡོད། དེ་ཡང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་འདི་ལམ་ལྷོངས་ཡོང་ཐབས་སུ་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུའི་ལས་དོན་སྤེལ་བའི་ཁོངས། དྷ་རམ་ས་ལར་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་དང་། རྒྱ་གར་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བཅས་བསྐོང་ཚོགས་ཞུས་ཡོད” ཅེས་དང་ དངོས་གཞིའི་ལས་འགུལ་གྱི་ཁོངས་སུ་ནེའུ་ཡོག་དང་། ལྡི་ལི་གསར་པ། སྦར་སིལ། ཁྲོ་ཀི་ཡོ། སི་ཌི་ནི་བཅས་ནང་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཟུང་འབྲེལ་ཐོག་གྲོས་ཚོགས་ཁག་ནང་རྒྱབ་སྐྱོར་ཐོབ་ཐབས། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནང་དྲིལ་བསྒྲགས་རྒྱ་གང་ཆེ་ཡོང་ཐབས་བཅས་ཞུས་ཡོད། ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་། དངོས་གཞིའི་ལས་འགུལ་སྤེལ་རྒྱུ། འབྲེལ་མོལ་བཅས་གསུམ་ཕན་ཚུན་འབྲེལ་བ་ཡོད་པ་མ་ཟད། མཐར་ཐུག་གི་དམིགས་ཡུལ་འབྲེལ་མོལ་ཐོག་འབབ་རྒྱུའི་ཆེད་ཡིན་སྟབས། ཆོད་སེམས་བརྟན་པོའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཞུས་ཏེ་འབྲེལ་མོལ་མུ་མཐུད་ཡོང་ཐབས་ཀྱི་འབད་རྩོལ་སྔར་ལྷག་ཞུ་རྒྱུ་ཡིན” ཞེས་བཀོད་འདུག

མཇུག་ཏུ། “ ཉེ་དུས་བོད་ནང་བྱུང་བའི་གནས་ཚུལ་གསར་པ་ཁག་ལའང་ཞིབ་ཚགས་པོས་བསམ་ཞིབ་བྱེད་མུས་ཡིན་པ་དང་། རིང་མིན་ཕྱི་ཟླ་ ༩ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་བསྐོང་ཚོགས་དང་། ཚོགས་མི་གསར་པ་ཁག་ཅིག་ཀྱང་བསྐོ་གཞག་ཞུ་འཆར་ཡིན། ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་གཞི་རྩའི་ལྟ་གྲུབ་གསུམ་ལ་བརྟེན་ནས་བོད་མིའི་མངོན་འདོད་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མིར་རང་དབང་ཐོབ་ཐབས་ཀྱི་འབད་རྩོལ་མུ་མཐུད་ཞུ་རྒྱུ་ཡིན” ཞེས་སོགས་བཀོད་འདུག

དེའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་། ཉེ་ལམ་ཕྱི་ཟླ་ ༣ ཚེས་  ༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་དང་མཉམ་མཇལ་འཕྲད་སྐབས། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་ངོས་འཛིན་གསལ་པོ་བྱས་ཏེ་བོད་མི་རིགས་ཀྱི་ཆོས་ དད་རང་མོས་ལ་བརྩི་འཇོག་དང་། བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབ་བྱེད་པ་བཅས་མི་རིགས་ས་གནས་རང་སྐྱོང་ གི་ཁྲིམས་ལུགས་དངོས་སུ་ལག་བསྟར་དོན་འཁྱོལ་གྱིས་བོད་ལྗོངས་ཡུན་བརྟན་འཕེལ་རྒྱས་སུ་འགྲོ་ཐུབ་ཅེས་སོགས་གསུངས་པ་དང་། ཉེ་ལམ་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་དབུས་གཞུང་ཏང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་པོ་ཅིན་ཝུས་ལགས་ཀྱིས་ཧོང་ཀོང་དུས་དེབ་ཀྱི་བཅར་འདྲིར་ལན་འདེབས་སྐབས། རྒྱ་ནག་དབུས་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ཞི་མོལ་བསྐྱར་གནང་དགོས་ཞེས་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་རིམ་པས་བོད་ཀྱི་ཆོས་ལུགས་ཐད་ཀྱི་སྲིད་བྱུས་འཛིན་སྟངས་ལ་ཐལ་ཆ་བྱུང་ཡོད་ཅེས་གསུངས་པ་ནི། རྒྱ་གཞུང་གིས་དེ་སྔོན་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་བྱུང་བར་ངོས་འཛིན་གྱི་རྣམ་པ་ཞིག་མངོན་པ་དང་། དེ་དང་འབྲེལ་བའི་ཉེ་ལམ་དྲ་ལམ་ཁག་ཏུ་ཐོན་བཞིན་པའི་གནས་ཚུལ་རྣམས་དངོས་འབྲེལ་ཡིན་ཚེ། རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་པ་ཞིག་གམ་བོད་མི་ཉེས་མེད་ལ་ངན་ཁག་དཀྲི་བྱེད་ཇི་ཡིན་ཆ་མ་འཚལ་ཡང་། དོན་གནད་འདི་དག་ནི་བོད་རྒྱ་མི་རིགས་གཉིས་ཀར་འཕྲལ་ཡུན་ཀུན་ཏུ་ཕན་རླབས་ལྡན་པའི་བྱ་གཞག་ཞིག་ཏུ་འགྱུར་རྒྱུར་བརྟེན་བོད་ལྗོངས་རྒྱ་ཁྱབ་ཏུ་ལག་བསྟར་ཐུབ་པའི་རེ་བ་བྱེད་བཞིན་ཡོད

གཏམ་བཤད་ནང་མི་མཐུད་དུ་བསྟན་དོན། ཡང་ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༩ ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བས་ཚུར་ལོག་རང་མི་དང་། ཚུར་ལོག་རང་མིའི་ནང་མི་བཅས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཏེ་ཚོགས་འདུར་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་མཐོ་རིམ་ཚང་མ་མཉམ་ཞུགས་བྱས་ཡོད་པ་དང། ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཁག་ཅིག་ནས་ཕྱི་ཕྱོགས་སུའང་དེ་ལྟ་བུའི་གཏམ་བཤད་བྱས་འདུག་པས། འདི་ནི་མ་འོངས་པར་ཕྱིར་སྡོད་བོད་མི་ནང་འགུག་བྱ་ཐབས་ཀྱི་སྲིད་བྱུས་འོག་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཕྱོགས་གང་ས་ནས་ཉམས་དམས་སུ་གཏོང་ཐབས་ལ་སྔར་བས་ཤུགས་གནོན་ཆེ་བ་རྒྱག་པ་ཞིག་ཡིན་པར་བརྟེན། བོད་མི་རྣམས་ཀྱིས་གནས་སྐབས་དཔལ་འབྱོར་གྱི་ཁེ་ཕན་ཕྲན་ཚེགས་དང་། མཁས་སྙན་གྱི་བསླུ་བྲིད་དང་མགོ་བསྐོར་འོག་མི་འཚུད་པའི་ཡིད་གཟབ་གནང་གལ་ཆེ་བའི་བརྡ་སྟོན་ཞུ་རྒྱུ་ཡིནཞེས་བཀོད་འདུག

བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་དགོས་པའི་སྐོར་བཀོད་དོན། ད་ལྟའི་རྒྱ་ནག་གི་འགོ་འཁྲིད་གསར་པ་རྣམས་སླེབས་རྗེས་བོད་དང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་བོད་རྒྱ་གཉིས་སྨན་གྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་དང་། ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་གི་ཉེས་མེད་བཙོན་པ་ཡོངས་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ནང་ཞི་བའི་གྱེན་ལངས་དང་། དེ་རྗེས་རང་ལུས་མེར་སྲེག་གནང་མཁན་དང་། ཁོང་རྣམ་པ་དང་འབྲེལ་བ་ཡོད་ཚུལ་ལ་བསྙད་དེ་ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་བརྒྱ་ཕྲག་བརྒལ་བ་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་སྡུག་སྦྱོང་མྱོང་བཞིན་པ་རྣམས་བཅས་འཕྲལ་དུ་གློད་གྲོལ་གྱིས་འགྲོ་བ་མིའི་རིགས་སྤྱི་མཚུངས་ཀྱི་བདེ་སྐྱིད་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་དགོས་པའི་འབོད་སྐུལ་ནན་ཏན་བྱ་རྒྱུ་ཡིནཞེས་བཀོད་འདུག

མཇུག་ཏུ། ཉེ་སྔོན་བོད་ནང་དོན་དག་ཆུང་ཙག་ལའང་ས་གནས་ཉེན་རྟོག་པས་བོད་མིར་རྡུང་རྡེག་ཚོད་མེད་བཏང་བའི་རྐྱེན་གྱིས་འགའ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་དུང་བོད་མིར་མཐོང་ཆུང་བརྙས་བཅོས་བྱས་པ་གྲངས་ཀྱིས་མི་ལངས་པ་ཡོད་འདུག འདི་རིགས་ནི་རྒྱ་ནག་གི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་དང་། ཡུལ་ནང་ཁྲིམས་ལུགས་གཅིག་གྱུར་བཅས་ལག་བསྟར་ཇི་བཞིན་མེད་པ་ཕྱོགས་རིས་སུ་ཡོད་པའི་རྣམ་པ་གསལ་པོ་ཐོན་པར་བརྟེན་རྒྱ་གཞུང་ནས་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ངེས་པར་ལག་བསྟར་གནང་དགོསཞེས་བཀོད་འདུག

གཞན། དེ་རིང་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་གྲྭ་ཚང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་གྱི་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་ཅིང་། སྐུ་མགྲོན་དུ་ཀཱར་ན་ཊ་ཀཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག དེ་བཞིན། ཀཱར་ན་ཊ་ཀཱ་མངའ་སྡེའི་ནང་གི་ཆོས་ལུགས་ཆེ་ཁག་ཧིན་རྡུ་དང་ཡེ་ཤུ ཁ་ཆེ་གསུམ་གྱི་སྐུ་ཚབ་བླ་ཆེན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཕེབས་ཡོད་འདུག མཛད་སྒོའི་ཐོག་སྦེལ་ཀོབ་སེར་སྐྱ་མི་མང་ཡོངས་ཀྱིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོ་ཆེད་"'འཇིག་རྟེན་མུན་སེལ"ཞེས་པའི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་འདུག

 

ཤོག་ངོས་འདི་ཐེངས་ ༢༨༨༥ ལ་བཀླགས་འདུག
རིག་པ་འདོན་པ།
ཤག་སྒང་པ།
༢༠༡༣/༠༧/༠༨ ཉིན་འདོན་སྤེལ་བྱས།
༧གོང་ས་མཆོག་བྷེལ་ཀོབ་ཏུ་ཆིབས་བསྒྱུར་གནང་སྐབས། ཕེབས་ལམ་ལྡོག་ཕྱོགས་ན་རྒན་གཞོན་བར་གསུམ་དང་སེར་སྐྱ་ཕོ་མོ་དབྱེ་མེད་ཀྱི་སྡེ་ཁག་ཅིག་ནས།

ཐོད་པར་རས་གཞི་ལྗང་ཁུའི་སྟེང་དུ་འབོད་ཚིག ༧སྐྱབས་བླ་མ། ལམ་དབུ་མ། ཟེར་ནས་གསར་འགྱུར་གསར་པའི་བྱ་འགུལ་ཞིག་མཐོང་སོང་

འཁྲུག་ཆ་དོད་པོ་འདུག གསར་འགྱུར་བརྒྱུད་ལམ་ཁག་ནས་ཇི་ལྟར་གླེང་ཡོད་མེད་མ་ཤེས་མ་ཚོར་སོང་
ཀེ་ཏ་
༢༠༡༣/༠༧/༠༨ ཉིན་འདོན་སྤེལ་བྱས།
ཨ་གཙང་གནས་རྒྱམ་ལགས། ཁྱེད་ནས་ག་གེ་མགོ་འཚོས་མི་འདུག དུས་བབ་ཚང་གིས་བཀའ་སྤྱིའི་འཁྲུངས་སྐར་བསྒྲགས་གཏམ་སྤེལ་ཚར་འདུག པར་ཅིག་གིས་ག་རེ་ཕན་ཐོག་ན།

མ་གཞི་ནས་ལྷོ་ཕྱོགས་ཀྱི་འདུ་འཛོམས་དེ་སྲིད་སྐྱོང་བློ་སེང་ལ་ལས་ཀ་མེད་པའི་ལས་ཀ་རང་དུ་གྱུར་ཡོད་པ་རེད། ཁོས་གོང་ས་ཆེན་པོ་འཁྲིད་ནས་མི་མང་གི་མདུན་དུ་ཡང་བསྐྱར་རྫིག་ཉམས་གཅིག་སྟོན་རྩིས་རེད་མོད། ད་ཁག་པོ་རེད། མི་མང་གིས་འོས་ཤོག་ལྡུགས་ཀྱི་རེད་བསམས་བསམས་ཅིག་ད་རྩ་བ་ནས་མི་འདུག གཏམ་བཤད་གནང་ནས་རྫིག་ཉམས་སྟོན་རྒྱུ་ལ་སུས་ཀྱང་འཇོན་ངེས་རེད། དེ་ལས་ལས་ཀ་ཁ་ཡོད་ལག་ཡོད། མིག་ལ་བསྟན་རྒྱུ་ཡོད་པ་ཞིག་བྱེད་དགོས་པ་རེད་མོད། དེ་མི་འདུག་གཱ། དེའི་ཆ་ནས་ཁ་སང་གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་བཀའ་གནང་དགོས་དེ་རེད། སྲིད་སྐྱོང་བློ་སེང་ལ་དངོས་གནས་བཤད་ན། དབུ་མའི་ལམ་གྱི་སྐོར་ཞེ་དྲག་གསུངས་ཡ་མེད་པ་དེ་ད་སྦས་ཀྱང་འགེབས་མི་ཐུབ་པའི་རང་བཞིན་དུ་གྱུར་འདུག
ཨ་གཙང་གནས་རྒྱམ།
༢༠༡༣/༠༧/༠༧ ཉིན་འདོན་སྤེལ་བྱས།
ངས་བལྟས་ན་དུས་བབ་སང་གི་གསར་འགྱུར་འགོད་ཚུལ་ཧ་ཅང་ཞན་ཆ་ཆེ།དཔེར་ན། ཁ་སང་གི་གོང་ས་མཆོག་གི་འཁྲུངས་སྐར་ལྷོ་ཕྱོགས་སུ་བསྲུང་བརྩིའི་རྐོར་ལ།པར་གཅིག་ཀྱང་མཐོང་རྔྱུ་མེད་པ་ཅི་ཡིན།



བཀྲ་ཤིས་རྡོ་རྗེ།
༢༠༡༣/༠༧/༠༦ ཉིན་འདོན་སྤེལ་བྱས།
སྐྱེས་མཆོག་ལྷ་མོ་དོན་གྲུབ་ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལགས་གྲངས་མེད་ཞུ།།
ཇི་སྲིད་ནམ་མཁའ་གནས་པ་དང་།།
འགྲོ་བ་ཇི་སྲིད་གནས་གྱུར་བ།།
དེ་སྲིད་བདག་ནི་གནས་གྱུར་ནས།།
འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
རིག་པ་འདོན་པ།
རིག་<པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།