ངྷ་སྟེང་བོད་ཁྱིམ་བཟོ་གྲྭར་ཧིན་སྒོར་འབུམ་ ༥ ལྷག་ལྐོག་ཟ་བྱས་འདུག

འདོན་སྤེལ། ༢༠༡༣/༠༧/༠༩

བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་བཟོ་གྲྭའི་འགན་འཛིན་དང་རྩིས་པ་གཉིས་བཅས་མི་གསུམ་གྱིས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ ལོའི་བར་གྱི་བཟོ་གྲྭའི་ཡོང་འབབ་ལས་ཧིན་སྒོར་འབུམ་ལྔ་ལྷག་ལྐོག་ཟ་བྱས་པ་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁུངས་ཀྱིས་ལོ་འཁོར་རྩིས་ཞིབ་སྐབས་ཤེས་རྟོགས་བྱུང་འདུག

ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་བཟོ་གྲྭ་ (T.C.V. Handicraft Center) ཡི་འགན་འཛིན་མིག་དམར་ལྷུན་འགྲུབ་དང་རྩིས་པ་ལེགས་མཛེས། རྩིེས་པ་བསྟན་འཛིན་ཚེ་རིང་གསུམ་གྱིས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ ལོའི་བཟོ་གྲྭའི་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆ་ ༡༠% ཁེ་སང་ (Bonus) བགོ་འགྲེམས་སྐབས། རང་ཉིད་ཀྱི་ཡོང་འབབ་ཙམ་མིན་པར་མི་གཞན་གྱི་ཡོང་འབབ་མིང་ཁ་བསྒྱུར་ཏེ་ཁྱོན་ཧིན་སྒོར་འབུམ་ ༢ ལྷག་སྒེར་ཟ་བྱས་ཡོད་པ་དང་། རྩིས་པ་ལེགས་མཛེས་ཀྱིས་ཧིན་སྒོར་འབུམ་ ༡ ལྷག རྩིས་པ་བུད་མེད་བསྟན་འཛིན་ཚེ་རིང་གིས་ཧིན་སྒོར་ ༧༠༠༠༠ ལྷག་བཅས་སྒེར་ཟ་བྱས་ཡོད་པ་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ དང་། ༢༠༡༡ ནས་ ༢༠༡༢ ལོ་བཅས་ཀྱི་ལོ་འཁོར་རྩིས་ཞིབ་སྐབས་ཤེས་རྟོགས་བྱུང་སྟེ། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་འགན་འཛིན་མིག་དམར་ལྷུན་འགྲུབ་ལ་དངུལ་ཆ་ཚང་ཕྱིར་སློག་བྱེད་བཅུག་རྗེས་རྩ་དགོངས་བཏང་ཡོད་པ་དང་། ལེགས་མཛེས་ཀྱི་གནས་རིམ་གཅིག་མར་ཕབ་རྗེས་མུ་མཐུད་ལས་བྱེད་དུ་ཉར་ཡོད་འདུག དེ་བཞིན། རྩིས་པ་བསྟན་འཛིན་ཚེ་རིང་ལོ་གཅིག་སྔོན་དུ་བཟོ་གྲྭ་ནས་དགོངས་པ་ཞུས་ཏེ་ཕྱི་རྒྱལ་དུ་ཕྱིན་ཡོད་འདུག

གནས་ཚུལ་དེའི་ཐད་གསར་འགོད་པས་བོད་ཕྲུག་ཁྱིམ་སྡེའི་ད་ལྟའི་བཟོ་གྲྭའི་འགན་འཛིན་ཀརྨ་འཕྲིན་ལས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། གནས་ཚུལ་འདི་བོད་མིའི་སྒྲིག་འཛུཊ་རྩིས་ཞིབ་ལས་ཁུངས་ཀྱིས་ ༢༠༡༠ ནས་ ༢༠༡༡ དང་། ༢༠༡༡ ནས་ ༢༠༡༢ བཅས་ལོ་གཉིས་རིང་གི་ལོ་འཁོར་རྩིས་ཞིབ་གནང་སྐབས། རྩིས་རྙོག་བྱུང་སྟབས་ཡར་མར་རྩད་གཅོད་བྱས་ཏེ་རིམ་གྱིས་གནས་ཚུལ་ར་འཕྲོད་པ་རེད། སྤྱིར་བཏང་བོད་ཁྱིམ་ཚོང་ལས་སྡེ་ཚན་དེ་བོད་ཁྱིམ་ཁྱབ་ཁོངས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་སྟབས། སྡེ་ཚན་འགན་འཛིན་ལ་དབང་ཚད་ཅིག་ཡོད་ཀྱང་  ལས་དོན་ཐག་གཅོད་བྱེད་སྐབས་ཚོགས་ཆུང་བཙུགས་ཏེ་གྲོས་བསྡུར་དང་། སྤྱི་ཁྱབ་ཡིག་ཚང་ལ་བསྟུན་ཤེས་ཐོག་ནས་ཐག་གཅོད་བྱེད་དགོས་པ་རེད། ཡིན་ནའང་། འགན་འཛིན་གྱིས་ཁོ་རང་གི་དབང་ཚད་བེད་སྤྱད་དེ་དངུལ་བགོ་འགྲེམས་སྐབས་འཐུས་ཤོར་ཕྱིན་འདུག ང་ཚོའི་སྒྲིག་གཞིའི་ནང་ལོ་གཅིག་གི་ཚོང་བརྒྱབ་པའི་སྤྱི་བསྡོམས་ལས་ཁེ་གྱོང་གང་འདྲ་བྱུང་ཡང་། འགན་འཛིན་ལྷན་ཚོགས་ཀྱིས་ལོ་རེའི་ཁེ་སང་ (Bonus)གི་བརྒྱ་ཆའི་ ༡༠% ཙམ་འགན་འཛིན་དང་རྩིས་པ། ཚོང་པ་བཅས་ལ་གནས་རིམ་དང་གླ་ཕོགས་ཀྱི་བརྒྱ་ཆ་གཞིར་བཟུང་བགོ་འགྲེམས་བྱེད་དགོས་པའི་ཐག་གཅོད་ཡོད་པ་རེད། འོན་ཀྱང་། ཐེངས་འདིར་འགན་འཛིན་དང་རྩིས་པ་གཉིས་ལོ་གཉིས་བསྡད་པའི་རིང་བརྒྱ་ཆའི་དངུལ་བགོ་འགྲེམས་བྱེད་སྐབས་འགན་འཛིན་གྱིས་བརྒྱ་ཆ་མང་བ་ཟོས་པ་དང་། གཞན་གྱི་མིང་ཐོག་ཏུ་ཡོད་པ་དེ་ཚུར་ཁ་བསྒྱུར་བྱས་བཞག་པ། ལས་བྱེད་གཞན་གྱི་མིང་བཀོད་དེ་ཐོལ་བ་བླངས་པ། རྩིས་པ་གཉིས་ལ་བགྲོ་འགྲེམས་བྱས་པ་སོགས་གནས་ཚུལ་མང་པོ་ཞིག་བྱུང་འདུག ང་རང་གི་གོ་ཐོས་ལ་མིག་དམར་ལྷུན་འགྲུབ་ཀྱིས་ཧིན་སྒོར་འབུམ་ ༢ ལྷག་དང་། རྩིས་པ་ལེགས་མཛེས་ཀྱིས་ཧིན་སྒོར་འབུམ་ ༢ མ་ཟིན་ཙམ། གཞན་རྩིས་པ་བསྟན་འཛིན་ཚེ་རིང་ཟེར་བ་ཞིག་ཡོད་པ་ང་འདིར་ཡོང་དུས་དགོངས་པ་ཞུས་ཏེ་ཧྤ་རན་སིར་ཕྱིན་ཚར་འདུག མོ་ལ་སྒོར་ ༧༠༠༠༠ ཡས་མས་ཤིག་རག་ཡོད་ས་རེད། མོས་བཤད་པ་ལྟར་ན་སྐབས་དེར་ཁོང་ཚོས་དངུལ་དེ་འདྲ་ཞིག་འཐོབ་རྒྱུ་མེད་པ་ཧ་གོ་ཡི་ཡོད་ཚུལ་བཤད་ཀྱང་། འགན་འཛིན་གྱིས་ངའི་ལག་པར་ཡོད་པ་རེད་ཅེས་ལབ་ཡོད་འདུག  དངུལ་རྐྱང་བགོ་བཤའ་བརྒྱབ་པ་དེ་འདྲ་མ་རེད། རྩིས་པ་ཚོར་འགན་འཁུར་བ་ནང་བཞིན་རག་གི་རེད་ཅེས་བགོ་བཤའ་བརྒྱབ་ཡོད་སྟབས། རྩིས་པ་གཉིས་ཀྱིས་ལབ་མ་ཕོད་པར་ལེན་རྐྱང་བྱས་འདུག འདིའི་སྐོར་འགན་འཛིན་ལྷན་ཚོགས་ལ་ཞུས་སྐབས། བརྒྱ་ཆའི་བཅུ་བགོ་བཤའ་བརྒྱབ་ཡོད་པའི་ཤོག་བུ་བསྟན་པ་ལས་རྒྱག་ལུགས་རྒྱག་སྟངས་ལབ་མེད་སྟབས། བཀག་སྡོམ་བྱེད་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། ལོ་རེ་རེའི་རྩིས་ཐོའི་ནང་གང་འདྲ་བྱས་ཏེ་བགོ་བྱ་བརྒྱབ་ཡོད་མེད་གསལ་བོ་ཡོད་པ་མ་རེད། སྤྱིར་བཏང་གླ་ཕོགས་ཀྱི་ཆ་ནས་འགན་འཛིན་མིག་དམར་ལྷུན་འགྲུབ་ལ་ཟླ་རེར་ཧིན་སྒོར་ ༡༠༥༠༠ དང་། ལེགས་མཛེས་དང་བསྟན་འཛིན་ཚེ་རིང་གཉིས་ལ་ ༧༠༠༠ ཡས་མས་རེད། དེ་མིན་གྱི་ཐོབ་ཐང་ཁག་རྩིས་པ་ཡིན་ན་ལོ་རེར་འབུམ་ ༡ རེ་རག་གི་ཡོད་པ་རེད། ཅེས་བརྗོད་བྱུང་

གསར་འགོད་པས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་སུ་ལྐོག་ཟ་བྱེད་མཁན་ཚོར་ཐག་གཅོད་གང་འདྲ་གནང་ཡོད་མེད་དྲིས་པར། ཁོང་གིས། བོད་ཁྱིམ་བཟོ་གྲྭའི་འགན་འཛིན་དང་རྩིས་པས་ཟོས་པའི་དངུལ་དེ་སྦྱིན་བདག་གི་དངུལ་མ་རེད་ལ། བྱིས་པ་ཚོའི་དངུལ་ཡང་མ་རེད། དེ་བཟོ་གྲྭའི་ཚོང་འབྲེལ་སྡེ་ཚན་གྱི་དངུལ་རེད། ཐེངས་འདིར་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁུངས་ཀྱིས་རྩིས་ཞིབ་གནང་སྐབས་འགན་འཛིན་གྱིས་མིག་དམར་ལྷུན་འགྲུབ་ཀྱིས་འབུམ་ ༢ ལྷག་དང་། རྩིས་པ་ལེགས་མཛེས་ཀྱི་འབུམ་ ༡ ལྷག་བཅས་ཁྱོན་བསྡོམས་འབུམ་ ༣ ལྷག་བཅས་བཏོན་ཡོད་པ་རེད། བཏོན་ཡོད་པ་ཧ་གོ་རྗེས་ང་ཚོས་ལམ་སང་མིག་དམར་ལྷུན་འགྲུབ་འདི་ནས་མར་བྷིང་ལོར་གནས་སྤོར་བཏང་ཡོད་པ་སྐོང་འགུག་བྱས་ཏེ། མིག་དམར་ལྷུན་འགྲུབ་ལ་ང་ཚོས་ལས་མཚམས་ཞོག་ཅེས་ལབ་པ་ལྟར་ཁོས་ལས་མཚམས་བཞག་པ་མ་ཟད། ཕྱི་ཟླ་ ༦ པའི་ཚེས་ཤར་ལ་ཁོ་གཉིས་ཀྱིས་དངུལ་ཆ་ཚང་ཕྱིར་སློག་བྱས་ཡོད། བརྒྱུད་རིམ་ལ་བལྟས་ཡོང་ན། ནག་ཉེས་ཆེ་བ་དང་གཙོ་བོ་དེ་མིག་དམར་ལྷུན་འགྲུབ་རང་རེད། ཁོས་བཀོད་བྱུས་འོག་རྩིས་པ་ལེགས་མཛེས་ཀྱིས་ག་རེ་ལས་ཟེར་བ་དེ་ལས་པ་རེད་མ་གཏོགས། ལེགས་མཛེས་ཁོ་རང་རང་གིས་ཟ་འདོད་དང་། རྫུན་མ་འཁྲབ་པ་དེ་འདྲ་ཕལ་ཆེར་རེད་མི་འདུག གང་ལྟར། མིག་དམར་ལྷུན་འགྲུབ་ཀྱིས་ལེགས་མཛེས་བེད་སྤྱོད་བཏང་སྟེ། ལེགས་མཛེས་ལ་དངུལ་ཕྲན་བུ་རག་གི་ཡོད་སྟབས། ཁེ་ཕན་དེར་བལྟས་ཏེ་གོང་གི་བཀའ་ལ་ཉན་པ་དེ་འདྲ་རེད། དེར་བརྟེན། མིག་དམར་ལྷུན་འགྲུབ་ང་ཚོས་རྩ་དགོངས་བཏང་བ་རེད། ལེགས་མཛེས་ཀྱིས་དངུལ་རྩིས་སྤྲོད་བྱེད་དགོས་པ་དེ་བྱས་ཚར་བ་རེད། ཡིན་ནའང་། བཀོད་བྱུས་ཀྱི་རྐང་མིག་དམར་ལྷུན་འགྲུབ་ཀྱིས་བྱས་སྟབས། རྩ་དགོངས་བཏང་ཡོད་པ་མ་རེད། ཁོ་ལ་བཟོ་གྲྭའི་རྩིས་པ་ངོ་མ་ནས་རྩིས་པའི་ལས་རོགས་ཀྱི་གནས་རིམ་བར་མར་ཕབ་སྟེ་མུ་མཐུད་ཕྱག་ལས་གནང་གི་ཡོད། ཅེས་བརྗོད་བྱུང་

ཡང་ཁོང་ལ་སྔོན་ཆད་བོད་ཁྱིམ་དུ་སྤྱི་དངུལ་སྒེར་ཟ་བྱས་པའི་གནས་ཚུལ་བྱུང་<ཡོད་མེད་དང་། ད་རེབ་ཀྱི་གནས་ཚུལ་བརྒྱུད་དེ་ལས་བྱེད་ཚོར་དམ་དོན་གང་འདྲ་གནང་ཡོད་མེད་དྲིས་པར། ཁོང་གིས། ལོ་རྒྱུས་ནང་བལྟས་བ་ཡིན་ན། སྔོན་མ་ཇོ་ཚེ་རིང་གི་སྐབས་སུ་གནས་ཚུལ་ཏོག་ཙམ་བྱུང་འདུག དེ་ལོ་མང་པོའི་སྔོན་ལ་རེད། ཕལ་ཆེར་བརྒྱད་ཅུ་གྱ་གྲངས་ནང་ཡིན་རྒྱུ་རེད། དུས་དེ་ནས་བཟུང་གཅིག་ཀྱང་བྱུང་མེད། ཐེངས་འདིའི་གནས་ཚུལ་འདི་བརྒྱུད་དེ་ང་ཚོས་མི་དྲང་པོ་དྲང་རྐྱང་བྱ་རྒྱུ་དང་  སྔོན་རྩིས་ཡིན་ནའང་རྩིས་ཀྱི་འགྲོ་སྟངས་མེད་པར་རྩིས་པའི་ས་ཡིག་རྒྱག་དགོས་པ། ཉོ་དགོས་པའི་རིགས་དེ་དེབ་སྐྱེལ་བྱེད་ཐུབ་རྒྱུ། ཟླ་རེའི་ནང་ཡན་ལག་སོ་སོའི་རྩིས་ཁྲ་མཉམ་དུ་ཡོང་དགོས་པ། སྒོར་ ༡༠ གཏོང་དགོས་ཀྱང་དབུ་འཛིན་གྱི་མཚན་རྟགས་དང་བཀའ་འཁྲོལ་མེད་པར་འགྲོ་ཆོག་གི་མ་རེད། རྩ་བའི་ལམ་སྲོལ་དེ་སྔོན་ནས་ཡོད་པ་རེད། ཡིན་ནའང་དམ་དུ་གཏོང་རྒྱུར་སྤྱི་ཁྱབ་ཡིག་ཚང་ལ་ཟླ་རེར་དངུལ་གྱི་རྩིས་ཁྲ་ (Monthly Account) བསླེབས་དགོས་བཅས་བྱས་ཡོད་པ་རེདཅེས་བརྗོད་བྱུང་

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

ཤོག་ངོས་འདི་ཐེངས་ ༤༩༡༥ ལ་བཀླགས་འདུག
རིག་པ་འདོན་པ།
གཡག
༢༠༡༣/༠༧/༡༠ ཉིན་འདོན་སྤེལ་བྱས།
གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དག་ལ་རྩིས་གཞི་ལ་ལྟ་སྐུལ་ནན་མོ་བྱེད་དགོས་།སྔོན་མ་ནོར་བུ་གླིང་ཁའི་དཔོན་པོ་ཞིག་གི་དངུལ་ཟོས་ཡོད་རེད་ཟེར་རྒྱུ་དང་རྩིས་པ་ཞིག་ཕྱི་རྒྱལ་ལ་བྲོས་རེད་ཟེར་རྒྱུ་འདུག
དེ་མིན་ཚོགས་སྡེ་ཁག་ནང་དེ་ཙམ་གཙང་མ་ཡོད་ན།
རྩིས་ཞིབ་པས་མགོ་ནས་འཇུག་བར་དུ་ཞིབ་བཤེར་ཡག་པོ་ཞིག་བྱེད་ནས་གསལ་སྒྲག་ཞིག་བྱེད་ན་ཡག་མོ་ཡོད་ཤག
བོད་པའི་ནང་ལ་དངུལ་དངོས་ཟ་མཁན་མང་རུ་འགྲོ་བའི་འདུག
གསར་འགྱུར་ཐོག་མང་པོ་ཞིག་མཐོང་སོང།
ཧོར་བུ་ཡེ་ཤེས
༢༠༡༣/༠༧/༡༠ ཉིན་འདོན་སྤེལ་བྱས།
གསར་འགོད་པས་ཁོ་ཚོའི་འདྲ་པར་ཡང་གསར་འགྱུར་མཉམ་དུ་བཞག་ཡོད་ན་ག་འདྲའི་ཡག་པོ་རེད །ད་ལྟ་བར་དུ་མི་དེ་ཚོའི་པར་རྩ་ནས་བཞག་མ་སོང་ །རྗེས་སུ་བྱས་ངན་བསྒྲུབ་མཁན་ཚོའི་པར་ཡིན་ཅིག་འཇོག་རོགས་ཞུ་རྒྱུ་ཡིན་
བདེ་རྒྱལ།
༢༠༡༣/༠༧/༡༠ ཉིན་འདོན་སྤེལ་བྱས།
ད་འདི་ལྟར་བསམ་ཚེ་བོད་མིའི་ཡ་རབས་དང་ལས་འབྲས། གཞན་ཕན། ངོ་ཚ། ཁྲེལ་ཡོད་ལ་སོགས་པ་ཉམས་ཆག་ལ་ཤོར་བའི་རྟགས་ཤིག་གི་མཐོང་གི་འདུག ངན་རུལ་བ་ཇེ་མང་དུ་སོང་ཚེ་བོད་པ་ཞེས་འཛམ་གླིང་ནང་ཆེས་མཐོང་ཞིག་ཡོད་པ་དེའང་བརླག་རྒྱུར་ཐག་མི་རིང་། ངོ་མ་ཞབས་འདྲེན་རེད། བོད་མིའི་སྤྱིའི་ཞབས་འདྲེན། ལུང་ཚན་གྱི་ཞབས་འདྲེན། ཕ་མེས་དག་གི་ཞབས་འདྲེན། བུ་རབས་ཚ་རྒྱུད་རྣམས་ཀྱི་ཞབས་འདྲེན། ་
ཤར་མདའ།
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
འདི་ལྟར་བྱེད་སྟངས་ལ་གཟིགས་དང་དམ་༧གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་གང་འདྲ་གནང་གི་འདུག་ངོ་མ་ཡིད་ཕམས་བྱེད་ལས་མི་འདུག་རེ་རེ་བཞིན་པར་སོགས་བཀྲམས་ནས་ངོ་ཚ་བཟོ་དགོས་པ་རེད་འདི་འདྲ་ཞབས་འདྲེན་ད་དུང་མང་ནི་རེད་ཡ།
ཤག་སྒང་པ།
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
རྩིས་པ་ནས་གནས་རིམ་མར་ཕབ་ན་རྩིས་པ་ལས་ལོགས་སུ་འགྱུར་བའི་གནས་རིམ་གཞན་དང་གླ་ཕོགས་སོ་སོ་བ་ཞིག་ཡོད་པ་མ་རེད། རྩིས་དཔོན་ནི་ཡིན་ས་མ་རེད།

ཅོང་བརྡས་ཟེར་བ་བཞིན། རྗེས་སོར་བོད་ཁྱིམ་དུ་དངུལ་བརྐུའི་རྩོད་རྙོག་བྱུང་ན་ཉེས་ཆད་དེ་རང་དུ་གཏན་འཁེལ་བའི་བཟོ་འདྲ་ཞིག་ཆགས་ཚར་བ་རེད་བ།

འོ་རེད་བོད་ཁྱིམ་གྱི་མི་རྒན་མགོ་ཚོས་པོ་དེ་ཚོས་ནམ་རྒྱུན་སྐད་ཆ་ཞིག་ལབ་ཀྱི་རེད། ང་ཚོ་བོད་ཕྲུག་ཁྱིམ་སྡེའི་བསྒྲིགས་གཞི་ནི་ཞ་སྨྱུག་གི་བྲིས་པ་ཞིག་རེད་ཟེར་བ་དེ་ཡང་དྲན་དུ་འོངས་སོང་


ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
ང་ཚོ་བོད་པ་ཚང་ཆུང་ཆུང་འདིའི་ནང་ན་རུལ་སུང་དང་ལྐོག་ཟ་ཡིས་ཁེངས་འདུག།
ད་ག་རེ་བྱེད་
ཚོགས་པ་ཚང་མའི་ནང་ན་ལྐོག་ཟ་བྱེད་མཁན་མང་པོ་ཡོད་ས་རེད།

གནས་རིམ་རེ་མར་ཕབ་ནས་ག་རེ་ཕན་
རྗེས་མ་རྣམས་ཀྱང་གནས་རིམ་རེ་མར་ཕབ་པ་ལས་གཞན་གང་ཡང་བྱེད་ཡ་ཡོད་མ་རེད།
དངོས་གནས་བོད་པ་ཚང་གི་དཔོན་ཆེ་ཆུང་གཉིས་ཀར་ཞེན་པ་ལོག་གི།
ཀརྨ་རྡོ་རྗེ།
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་འགན་འཛིན་མིག་དམར་ལྷུན་འགྲུབ་ལ་དངུལ་ཆ་ཚང་ཕྱིར་སློག་བྱེད་བཅུག་རྗེས་རྩ་དགོངས་བཏང་ཡོད་པ་དང་། ལེགས་མཛེས་ཀྱི་གནས་རིམ་གཅིག་མར་ཕབ་རྗེས་མུ་མཐུད་ལས་བྱེད་དུ་ཉར་ཡོད་འདུག དེ་བཞིན། རྩིས་པ་བསྟན་འཛིན་ཚེ་རིང་ལོ་གཅིག་སྔོན་དུ་བཟོ་གྲྭ་ནས་དགོངས་པ་ཞུས་ཏེ་ཕྱི་རྒྱལ་དུ་ཕྱིན་ཡོད་འདུག ་ཟེར།
མི་ཆུང་
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
གནས་ཚུལ་འདི་རིགས་རིམ་གྱིས་ཡོང་གི་འདུག དེ་ཡང་གསར་དུ་བྱུང་བ་ཞིག་མ་རེད། ང་ཚོའི་ཁྱིམ་ཚང་ཆུང་ཆུང་ཞིག་ནང་འདི་འདྲ་ཐོན་པ་ནི། ཉུང་ཉུང་ཞིག་མ་རེད། མང་པོ་ཞིག་གིས་ཟོས་རྒྱུ་བཟོས། རྒྱག་རྒྱུ་བརྒྱབས། ད་ལྟ་ལྟོ་བ་ཉི་མར་བསྲོ་ནས་བསྡད་ཡོད།

ད་དུང་གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་ཙམ་ལྷག་ཡོད། དེ་ཚོར་རྩིས་ཞིབ་སུས་བྱེད་ཀྱི་རེད། དེ་རིང་བར་རྒྱགས་པ་འདོད་མཁན་ཚོ་ཆགས་ཚར་བ་རེད། གཞིས་གྲོང་མང་པོ་ན། ཉམ་ཐག་མང་པོ་ལུས་ཡོད། དེ་ཚོར་རྟོག་ཞིབ་ནན་མོ་ཞིག་སུས་བྱེད་ཀྱི་རེད།

བོད་པ་ཚོ་ལས་རྒྱུ་འབྲས་ཞིག་འདོད་ཀྱི་ཡོད་ན། གནམ་འོག་ན་ཁ་མིག་ཅིག་ཡོད་ན།
ཚེ་རིང་རྡོ་རྗེ།
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
རྩིས་ཞིབ་པ་ཚོས་ལྐོག་ཟ་མཁན་ཙི་ཙི་འདྲ་འཛིན་ཐུབ་པ་ནི་དགའ་འོས་པར་འདུག གལ་སྲིད་གོང་འོག་བར་གསུམ་ན་དེ་ལས་འཇིགས་སུ་རུང་བའི་ལྐོག་ཟ་མཁན་སྟག་འདྲ་གཟིག་འདྲ་དང་། འཕར་སྤྱང་ལག་སྦྲེལ་གྱི་རིགས་ཡོད་ཚེ། དེ་ཚོ་འཛིན་ཨེ་ཕོད་དམ།
ཚེ་རིང་བསམ་འགྲུབ།
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
གསར་འགོད་པ་ཐུགས་རྗེ་ཆེ། བོད་ཁྱིམ་དང་བཟོ་གྲྭའི་རྩིས་ཉོག་དེར་ལག་པ་འཆང་སྲོལ་ཡོད་པ་མ་རེད། ངས་སྔོན་མ་ནས་འདིའི་སྐོར་གསལ་བོ་གསལ་རྐྱང་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་འདིའི་རིགས་སྦ་གསང་བྱེད་གང་ཐུབ་བྱས་ཏེ་མང་པོ་ཞིག་སྐྱག་ལངས་སུ་བཏང་ཡོད་པ་རེད། རྩ་བའི་གནས་ཚུལ་འདི་ད་རེས་ཙམ་མ་རེད་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་མང་གཉིས་དང་དབུས་ས་གཉིས་སུ་ཁེངས་བསྡད་ཡོད་པ་རེད། ཉེ་ལམ་བོད་གཞུང་གིས་ཀྱང་སོ་སོས་བརླག་མ་འཁེལ་བའི་བལ་ཡུལ་གྱི་གནས་ཚུལ་གཅིག་རང་ཐེར་འདོན་གནང་སོང་། ད་དུང་མང་པོ་ཞིག་གསང་བ་བྱས་བསྡད་ཡོད་པ་རེད། གནས་ཚུལ་འདིའི་རིགས་སྤྱི་ཚོགས་ནང་བཏོན་དགོས་པ་རེད། ང་ཚོ་བརྟེན་ས་གནམ་དང་སྐྱབས་མགོན་རིན་པོ་ཆེ། ཕྱི་རྒྱལ་རོགས་ཚོགས་ཁག་ལ་བརྟེན་བསྡད་ཡོད་པ་རེད། དངོས་གནས་དྲང་གནས་ཡག་པོ་མི་འདུག
གནས་ཚང་
༢༠༡༣/༠༧/༠༩ ཉིན་འདོན་སྤེལ་བྱས།
རྒྱ་གར་ཁྲིམས་ཁང་ལ་རྩིས་སྤྲོད་རོགས།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།