ཟླ་དྲུག་པ་ཧྲིལ་བོར་དབུས་སྣེ་ལེན་ཁང་སྟོང་པ་ཆཊ་འདུག

འདོན་སྤེལ། ༢༠༡༣/༠༧/༡༣

འདས་པའི་ལོ་འགའི་གོང་ནས་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཏེ། འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་མགོ་ནས་བཟུང་དབུས་སྣེ་ལེན་ཁང་སྟོང་པ་ཆགས་ཡོད་འདུག་ལ། བལ་ཡུལ་སྣེ་ལེན་ཁང་དུ་མི་ ༨ ཙམ་ལས་མེད་སྐོར་སྣེ་ལེན་འགན་འཛིན་ངག་དབང་ནོར་བུ་ལགས་ཀྱིས་བརྗོད་བྱུང་

ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་གཞུང་གིས་བོད་ནང་དུ་སྔར་ལས་དམ་དྲག་ཆེ་རུ་བཏང་པར་བརྟེན། བཙན་བྱོལ་ནང་གི་སློབ་གྲྭ་ཁག་དང་གདན་ས་ཁག་ཏུ་སློབ་ཞུགས་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་སྔོན་ནས་དབུས་སྣེ་ལེན་ཁང་སྟོང་པ་ཡིན་སྐོར་གོ་ཐོས་བྱུང་སྟབས། འདི་གའི་གསར་འགོད་པས་དབུས་སྣེ་ལེན་ཁང་གི་དབུ་འཛིན་ངག་དབང་ནོར་བུ་ལགས་སུ་དེའི་སྐོར་ལ་བཀའ་འདྲི་ཞུས་པར། ཁོང་གིས་འདི་ལོའི་ལོ་མགོ་ནས་བཟུང་བོད་ནས་འབྱོར་མཁན་ཉུང་དུ་སོང་སྟེ་ད་ལྟའི་བར་མི་ ༣༥ ལྷག་ཙམ་ལས་འབྱོར་མེད་སྐོར་གསུངས་སོང་

དབུ་འཛིན་ངག་དབང་ནོར་བུ་ལགས་ཀྱིས་གསུངས་བ་ལྟར་ན། སྣེ་ལེན་ཁང་གསར་པའི་ནང་དུ་བུ་མོ་ ༢༠༠ དང་བུ་ ༣༠༠ བཅས་ཁྱོན་མི་གྲངས་ ༥༠༠ ལ་འདུག་སའི་ཉལ་ཁང་དང་ཚོགས་ཁང་། ཟ་ཁང་བཅས་གྲ་སྒྲིག་ཆ་ཚང་ཡོད་ཀྱང་། ༢༠༠༨ ལོ་ནས་ད་ལྟའི་བར་ཁྱོན་མི་གྲངས་ ༣༢༠༠ ཙམ་འབྱོར་ཡོད་པ་དང་། ༢༠༠༨ ལོའི་ཡར་སྔོན་དུ་ལོ་རེར་མི་གྲངས་ ༣༥༠༠ ཡས་མས་འབྱོར་གྱི་ཡོད་སྟབས། འདས་པའི་ལོ་ ༥ ཡི་བསྡོམས་རྩིས་ཀྱི་གྲངས་འབོར་དེ་སྔོན་ཆད་ལོ་གཅིག་གི་གྲངས་འབོར་ལས་ཀྱང་ཉུང་བ་ཡིན་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་བོད་ནས་གསར་དུ་འབྱོར་མཁན་མང་ཆེ་བ་གྲྭ་བ་ཡིན་པ་དང་། དེའི་འཕྲོས་ཀྱི་སློབ་གྲྭར་འགྲོ་མཁན་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་དང་སུ་ཇ་བོད་ཁྱིམ་དུ་འགྲོ་མཁན་མ་གཏོགས།  རང་ལོ་ ༡༢ མན་ཆད་ཀྱི་བྱིས་པ་ཧ་ཅང་ཉུང་ཉུང་ཆགས་ཡོད་འདུག  

དབུས་སྣེ་ལེན་ཁང་ག་དུས་ནས་སྟོང་པ་ཆགས་པ་དང་། ད་ལྟ་བལ་ཡུལ་སྣེ་ལེན་ཁང་དང་ལྡི་ལི་སྣེ་ལེན་ཁང་དུ་གསར་འབྱོར་བ་ཡོད་མེད་དྲིས་པར་ཁོང་གིས། དབུས་སྣེ་ལེན་ཁང་སྟོང་པ་ཆགས་ཏེ་ཟླ་གཅིག་ཙམ་འགྲོ་བཞིན་ཡོད། གསར་འབྱོར་བ་མ་བསླེབ་ནས་ཟླ་བ་ ༡ ཙམ་འགྲོ་གྲབས་ཡོད་པ་རེད། དེའི་སྔོན་དུ་མི་ ༨ བསླེབས་ནས་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཕྱིན་ཚར་བ་རེད། སྤྱིར་བཏང་ད་ལོའི་ལོ་མགོ་ནས་བཟུང་གསར་འབྱོར་བ་སྔར་ལས་ཀྱང་ཉུང་དུ་ཕྱིན་ཏེ། ད་བར་གྱི་ཟླ་དྲུག་ལྷག་རིང་མི་གྲངས་ ༣༥ ཙམ་ལས་འབྱོར་མ་སོང་  ད་ལྟ་བལ་ཡུལ་སྣེ་ལེན་ཁང་དུ་མི་ ༨ བསླེབས་ཡོད་ཟེར་གྱི་འདུག ཅེས་བརྗོད་སོང་

ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དང་བལ་ཡུལ་དང་ལྡི་ལི་ཡན་ལག་སྣེ་ལེན་ཁང་བཅས་སུ་ཁྱོན་ལས་བྱེད་ག་ཚོད་ཡོད་མེད་དྲིས་པར། ཚང་མ་བསྡོམས་ན་ལས་བྱེད་ ༤༥ ཡོད་པ་རེད། ད་ལྟ་གསར་འབྱོར་བ་ཡོང་གི་མེད་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྣེ་ལེན་ཁང་སྒོ་མ་བརྒྱབ་པར་ཡག་པོ་གནས་བསྡད་ཡོད་པ་རེད། ལས་བྱེད་ཀྱང་ཚང་མ་རང་འཇགས་རེད། ཡིན་ནའང་། བཀའ་ཤག་གིས་གསར་འབྱོར་བ་ཉུང་དུ་སོང་ཡོད་སྟབས་ལས་བྱེད་ཀྱང་ཉུང་དུ་གཏོང་དགོས་པའི་སྐོར་རབ་རིབ་ཅིག་གསུང་གི་ཡོད་ཀྱང་། ད་ལྟའི་ཆར་ཡིག་ཐོག་ནས་བཀའ་གང་ཡང་འབྱོར་མ་སོང་ཞེས་གསུངས་སོང་

གལ་སྲིད་བོད་ནས་ཡོང་མཁན་རྦད་དེ་མཚམས་ཆད་པ་ཡིན་ན། མ་འོངས་པར་གྲ་སྒྲིག་དང་དགོངས་འཆར་ཅི་ཡོད་སྐོར་ལ་ཁོང་གིས། སྣེ་ལེན་ཁང་དེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྒོ་རྒྱག་ཐུབ་ཀི་མ་རེད། ག་དུས་ཡིན་ཡང་མི་འབོར་ལ་དཔག་པའི་སྣེ་ལེན་ཁང་ཞིག་དགོས་པ་རེད། ཡིན་ནའང་། སྣེ་ལེན་ཁང་གི་བྱེད་སྒོ་ཚང་མ་ད་ལྟ་ནང་བཞིན་མེད་པར་ཉུང་དུ་སོང་བ་ཡིན་ན། མི་འབོར་ལ་དཔག་པའི་ལས་བྱེད་མི་གྲངས་དང་སྣེ་ལེན་ཁང་འདི་གནས་ཐུབ་དང་མི་ཐུབ་བཤད་ཐབས་མེད་པ་ཞིག་རེད། ལྡི་ལི་སྣེ་ལེན་ཁང་སྒོ་རྒྱག་དགོས་མིན་ཐད་ང་ཚོས་གོ་བསྡུར་བྱས་ན་འགྲིག་གི་རེད་བསམ་གྱི་འདུག ཡིན་ནའང་། བལ་ཡུལ་སྣེ་ལེན་ཁང་དེ་རྒྱལ་སྤྱིའི་ལྟ་རྟོག་འོག་ཡོད་སྟབས། མུ་མཐུད་གནས་དགོས་པ་དེ་གལ་ཆེན་པོ་རེད། ཅེས་བརྗོད་སོང་

ལོ་རེ་བཞིན་གསར་འབྱོར་བ་ཉུང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་མེད་དྲིས་པར། རྒྱ་གཞུང་གིས་བོད་ནང་དུ་དྲག་གནོན་དང་དམ་དྲག་ཞེ་དྲག་བྱེད་ཀྱིན་ཡོད་སྟབས། བོད་ནས་ཡོང་མཁན་ཚོ་ཡོང་ཐུབ་ཀྱི་མེད་པ་རེད། སྔོན་མ་ནང་བཞིན་རྐང་པ་བརྒྱབ་སྟེ་དཀའ་ངལ་ཆེན་པོ་བརྒྱུད་ནས་ཡོང་མཁན་མེད་པ་དང་། ཡང་སྔོན་ཆད་འགྲམ་བརྒྱུད་དེ་དངུལ་ཅུང་ཙམ་སྤྲད་ནས་ཡོང་ཐུབ་ཀྱི་ཡོད་ཀྱང་། དེང་སང་དངུལ་མང་པོ་སྤྲད་ཀྱང་ཡོང་ཐུབ་ཀྱི་མེད་སྟབས། འགག་ས་གཙོ་བོ་དེ་ཆགས་བསྡད་ཡོད་པ་རེད།ཅེས་གསུངས་སོང་

བོད་ནས་ཡོང་མཁན་འདི་ལྟར་ཇེ་ཉུང་དུ་ཕྱིན་པ་ཡིན་ན། སྣེ་ལེན་ཁང་གི་རོགས་ཚོགས་དང་དཔལ་འབྱོར་གྱི་ཡོང་ཁུངས་ལ་འགྱུར་བ་འགྲོ་སྲིད་མིན་ཐད་ཁོང་གིས། སྣེ་ལེན་ཁང་གི་སྤྱིན་བདག་གཙོ་བོ་དེ་ཨ་རིའི་གཞུང་ཆགས་བསྡད་ཡོད་པ་རེད། ནམ་རྒྱུན་ང་ཚོས་གསར་འབྱོར་གྱི་མི་འབོར་ལ་དཔག་ནས་འཆར་གཞི་བཟོས་ཏེ་རོགས་རམ་གནང་གི་ཡོད་པ་རེད། མ་འོངས་པར་ད་ལྟའི་གནས་སྟངས་འདི་མུ་མཐུད་ལྷག་སྟེ་གསར་འབྱོར་བ་ཇེ་ཉུང་དུ་ཕྱིན་པ་ཡིན་ན། ཁོ་ཚོས་གསར་འབྱོར་བ་མེད་དུས་ང་ཚོས་རོགས་རམ་བྱེད་ཐུབ་ཀྱི་མི་འདུག་ལབ་སྲིད་པ་རེད། ཡིན་ནའང་། ད་ལྟའི་ཆར་གང་ཡང་ལབ་མ་སོང་ཞེས་བརྗོད་བྱུང་

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

ཤོག་ངོས་འདི་ཐེངས་ ༢༥༢༣ ལ་བཀླགས་འདུག
རིག་པ་འདོན་པ།
རྫ་ཆུའི་ཟླ་བ།
༢༠༡༣/༠༧/༡༥ ཉིན་འདོན་སྤེལ་བྱས།
བོད་མི་མང་པོ་ཞིག་ཕྱིར་མེས་རྒྱལ་ལོག་ཟིན་པ་དང་ད་ལྟའང་ལོག་འདོད་ཡོད་པ་ཤ་སྟགས་རེད། མ་འོངས་པར་དེ་ལས་ཀྱང་ལོག་གི་རེད། བོད་མི་མང་པོ་ཞིག་གིས་བཙན་བྱོལ་ནང་གི་གནས་སྟངས་ལ་གོ་བ་ལོན་ཚར་རྗེས། སྟོང་བཤད་ཙམ་ལས་ཅི་ཡང་མེད་པ་ཧ་གོ་གི་ཡོད་རེད། ཡིན་ན་ཡང་། ཕྱིར་ཕ་ཡུལ་ལ་ལོག་ཚར་བའི་བོད་མི་མིང་ཐོ་བྱེད་སྤྱོད་གཏོངས་ནས་བཙན་བྱོལ་སྒྲིགས་འཛུགས་ཀྱིས་ཕྱི་རྒྱལ་དུ་ཁག་ཏུ་བོད་མི་ཅི་ཙམ་བཙོང་གི་ཡོད་སུ་ཡིས་བཤད་ནུས། དུ་དུང་གསར་འབྱོར་བ་ཟེར་ནས་འཐོང་ཆུང་ཅི་ཙམ་གཏོངས་རུང་། གསར་འབྱོར་བ་འདི་ཚོ་མེད་ན་བཙན་བྱོལ་བོད་གཞུང་འདི་མུག་གེའི་མ་ཤི་ཙམ་ཨེ་ཡིན་ན། གསར་འབྱོར་བ་རེ་རེའི་མིང་ཐོ་བྱེད་སྤྱོད་བཏངས་ནས་དངུལ་ཅི་ཙམ་བསོགས་ཀྱི་ཡོད་པ་ཧ་གོ་ང་ཚོ་དགའ་བ་ལ།
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༧/༡༥ ཉིན་འདོན་སྤེལ་བྱས།
ཐོ་རེངས་ཀྱིས་བཤད་པ་རང་རེད་འདུག
དེ་ལས་གཞན་གྱི་རྒྱུན་མཚན་མིན་འདུག
བསོད་འོད
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
ད་ལྟའི་སྐབས་སུ་སྣེ་ལེན་ཁང་དུ་ལས་བྱེད་ཚང་མ་བསྡོམས་ན་མི་༤༥ཡོད་ས་རེད། ལས་བྱེད་མི་རེར་ཆ་སྙོམས་ཟླ་རེར་གླ་ཕོག་ཧིན་སྒོར༧༥༠༠རེ་བརྩིས་ན་བསྡོམས་ཟླ་བ་རེ་ལ་ཧིན་སྒོར་༣༣༧༥༠༠ རེད། ལོ་གཅིག་ལ་ལས་བྱེད་དེ་ཚོའི་གླ་ཆ་གཅིག་པུ་ཧིན་སྒོར་ས་ཡ་བཞི་4.050.000ལྷག་རེད།
ཀརྨ་དགེ་ལེགས།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
དུས་བབ་རྩོམ་སྒྲིག་པ་ཆེ་མོས་བོད་ནས་གསར་འབྱོར་བ་རྒྱུན་ཆད་དགོས་པའི་རྒྱུ་མཚན་གསུམ་བགྲང་འདུག་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་སོང་། ཁོ་རང་གིས་ངོས་འཛྀན་ཕྱོགས་ལྟར་བྱས་ན། གཅིག རྒྱ་<ནག་གཞུང་གིས་དགུ་བཅུ་གོ་གྲངས་ནས་བཟུང་བོད་ནང་གི་མི་འབོར་འཕེལ་རྒྱས་ལ་ཚོད་འཛིན་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་ད་ཆར་བོད་ནང་མི་འབོར་ཇེ་ཉུང་དུ་ཕྱིན་ཡོད་པ། གཉིས། སྔོན་ཆད་སློབ་མ་མང་པོ་ཞིག་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་བརྒྱུད་ནས་ཡོང་གི་ཡོད་ཀྱང་བར་མཚམས་ཤིག་ནས་རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་ཐོག་དམ་དྲག་ཆེ་རུ་བཏང་བ། གསུམ། སྤྱི་ལོ་ 2008 ་ལོར་བོད་ནང་ངོ་རྒོལ་བྱུང་རྗེས་བོད་ཀྱི་མཐའ་མཚམས་ཁག་ལ་དམག་མི་ཇེ་མང་དུ་བཏང་སྟེ་བྲོས་བྱོལ་བའི་ཐོག་དམ་དྲག་ཆེ་རུ་བཏང་སོགས་བཀོད་འདགུ
ཐོ་རེངས།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
བོད་མི་སྐྱབས་བཅོལ་བ་ཉུང་རུ་འགྲོ་བ་དེའི་རྒྱུ་མཚན་གཙོ་བོ་ནི། སྔར་ཡིན་ན་དྲ་ལམ་དང་ཁ་པར་སོགས་ཀྱི་འབྲེལ་བ་དེ་ཙམ་མི་ཆེ་བའི་དབང་གིས། བཙན་གཤོལ་བའི་བསྒྲིགས་འཛུགས་གསལ་པོ་གོ་རྟོགས་མེད་ལ། གོང་མཆོག་གི་མཚན་སྙན་ལ་བརྟེན་ནས། བཙན་གཤོལ་བའི་ལམ་ལུགས་ཐམས་ཅད་ཡག་པོ་ཡིན་པར་ཡིད་ཆེས་བྱས་དེ་གྲྭ་བ་དང་སློབ་མ་སོགས་འོངས་ཇི་ཐུབ་བྱས་པ་རེད། ད་ནི་བཙན་གཤོལ་བའི་བསྒྲིགས་འཛུགས་དང་ཁ་ཕྱོགས་ཆ་རྒྱུས་ཆེ་རུ་ཕྱིན་ཚེ་དེ་ལ་ཡིད་ཆེས་ཆུང་རུ་སོང་བ་དང་། ་སློབ་གྲྭ་ཁག་གི་སློབ་མ་ཕར་ཆེ་བ་སློབ་མཐར་བྱིན་ནས་ཕ་ཡུལ་ལ་འབྱོར་སྐབས་ཐ་ན་བོད་ཡིག་དང་བོད་སྐད་ཙམ་ཡང་ཡག་པོ་མི་ཤེས་པར་མ་ཟད་མགོ་བདེ་དང་གཏད་སོ་མེད་པའི་མིར་ཆགས་ཡོད་པ་སོགས་ཀྱི་སྐྱེན་ལ་བརྟེན་ནས་སྐྱབས་བཅོལ་བ་ཉུང་རུ་སོང་བ་རེད་སྙམ། ཡང་དེང་སྐབས་ནང་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་དགོས་ནའང་བོད་ནང་ལ་གོ་སྐབས་བཟང་པོ་ཡོད་པ་རེད། ཡང་བཤད་སྲོལ་ཞིག་ལ་གདན་ས་ཁག་གི་བསྡུས་གྲྭ་དང་ཚན་རིག་སློབ་གཉེར་བྱེད་པ་ལས་ནང་ཆོས་ལ་དོར་སྣང་ཆེན་པོ་སྤྲད་མེད་པའི་གཏམས་འཁྱར་ཞིག་བོད་ནང་ལ་གྲགས་ནས། བླ་རྒན་མང་པོ་སྐྲག་བསྡད་ཡོད་ཚུལ་གོ་སོང་
བསོད་འོད
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
བོད་ནས་ཡོང་མཁན་གསར་འབྱོར་ཉུང་དུ་འགྲོ་བའི་རྒྱུ་མཚན་གསལ་བོ་ཞིག་ནི་ལོ་ཤས་གོང་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་མང་པོ་ཞིག་ཕྱིར་བོད་ནང་དུ་ཕེབས་ནས་རང་དགོན་སོ་སོའི་ནང་དཔེ་འཁྲིད་གནང་ནས་ཞུགས་ཡོད་པ་དེས་རེད། དཔེ་ན་ངའི་ཕ་ཡུལ་གྱི་དགོན་པ་ལབ་ཆོས་སྡེ་དགོན་པའི་ནང་ལོ་རབ་༩༠ནང་གི་སྐབས་སུ་གྲ་པ་ཧ་ཅང་མང་པོ་ཞིག་རྒྱ་གར་དུ་ཡོང་ནས་ཕ་ཡུལ་གྱི་དགོན་པ་དེར་གྲ་པ་ཉུང་དྲག་ནས་ཧ་ལམ་བརྒྱུན་ལྡན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཀྱང་སྟོང་པ་ཆགས་གྲབས་བྱས་འདུག དེ་རྗེས་རྒྱ་གར་<དུ་སྔར་སླེབས་ཟིན་པ་དེ་དག་གི་ནང་ནས་དགེ་བཤེས་ལྷ་རམས་གཏོང་ཟིན་པ་ཁག་གཅིག་ཕ་ཡུལ་དུ་ཕེབས་ནས་གཏན་སྡོད་ཀྱིས་དཔེ་འཁྲིད་གནང་གི་འདུག ད་ལྟའི་ཆར་འདོ་དབུས་ཁམས་གསུམ་ནས་ས་དགེ་བཀའ་བརྙིང་གཡུང་དྲུང་བོན་དང་བཅས་པའི་དགོན་ཁག་བརྒྱ་ལྷག་གི་སློབ་གཉེར་བ་ཤིན་ཏུ་མང་པོ་ཞིག་ལབ་ཆོས་སྡེ་དགོན་དུ་གཏན་སྡོད་ཀྱིས་སློབ་གཉེར་གནང་བཞིན་པ་རེད་འདུག ཉེར་ལམ་གོ་ཐོས་བྱས་ན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་བརྒྱད་བརྒྱ་ལྷག་ཞིག་ཡོད་སྐད་འདུག དེང་སྐབས་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གྲུབ་འཚམས་མང་པོ་ཞིག་ཕྱིར་རང་དགོན་དུ་ཕེབས་ནས་སློབ་གཉེར་པ་གསོ་བསྐྱོང་གནང་ནས་བཞུགས་ཡོད་འདུག རྒྱུ་མཚན་དེ་ལ་རྟེན་ནས་རྒྱ་གར་དུ་རང་སྲོག་བློས་གཏོང་གིས་ཡོང་དགོས་དོན་དེ་འདྲ་ཡོད་མ་རེད་ལ་གསར་འབྱོར་བའི་གྲངས་ཀའང་ཉུང་དུ་སོང་བའི་རྒྱུ་མཚནའང་དེ་དག་རེད
གཡག
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
གསར་འབྱོར་བ་ཡོད་ན་བོད་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།ཕྱི་རྒྱལ་ལ་དཔང་རྟགས་མཐོང་གི་ཡོད་པ་རེད།
མ་གཞི་དེ་སྔར་གསར་འབྱོར་སླེབས་པའི་སྐབས་སུ་
གསར་འབྱོར་ཅིག་རེད་བཞག་གཉིས་རེད་བཞག་ཟེར་གྱི་ཡོད་པ་རེད།
བོད་གཞུང་གི་གྲོས་ཚོགས་སུ་གསར་འབྱོར་གསར་བརྟན་བྱེད་དགོས་སྐོར་བཤད་པ་དང་གོ་ཐོས་བྱུང་བ་ཉུང་ཉུང་རེད།
ཆུ་ཐིགས་སྔོན་མོ།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
གསར་འབྱོར་བ་མེད་ན་གསར་འབྱོར་ཁ་ལ་ཁྱེར་ནས་སློང་མོ་རྒྱག་མཁན་ཚོའི་ཕོར་བ་ཆག་སོང་བ་རེད་
ད་ཐམས་ལམ་གསར་པ་ཞིག་འཚོལ་དགོས་པ་རེད་
ཀུན་དགའ།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
༼ཚང་མས་ཤེས་གསལ་ལྟར་རྒྱ་གཞུང་གི་དམ་དྲག་གཅིག་པུ་མིན།
བོད་ནང་གི་བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་གསར་འབྱོར་ཚོར་མཐོང་མེད་པ་དང་། འཚོ་བར་དཀའ་ངལ་ཡོད་པ་སོགས་ཧ་གོ་གི་ཡོད་པའི་རྐྱེན་གྱིས།
དེང་སང་གསར་འབྱོར་ཉུང་དུ་འགྲོ་གི་ཡོད་པ་རེད། ༽ཟེར་བ་འདི་ལ་གནས་ལུགས་འདུག བོད་ནས་གསར་འབྱོར་གྱི་ཚོང་དེ་མེད་སོང་ན་སྐུ་ངོ་འགའ་ལ་སྙིང་ནད་བྱུང་མི་སྲིད་པ་མིན། གསར་འབྱོར་པའི་དགའ་ངལ་དེ་དག་གལ་སྲིད་བཙན་བྱོལ་གཞུང་གིས་ཤེས་རྟོགས་བྱུང་པ་ཡིན་ན་འང་ད་ཕྱི་དྲག་རེད།
བོད་དགའ།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
ཨ་རིའི་གཞུང་གིས་སྣེ་ལེན་ཁང་དང་གསར་འབྱོར་ལ་ད་བར་རོགས་པ་གནང་བ་དེ་དག་རོགས་རམ་སློང་བ་ནང་བཞིན་གསར་འབྱོར་ཚོར་ཏག་ཏག་བཏང་དང་གཏོང་བཞིན་ཡོད་ན་རྗེས་སུ་གསར་འབྱོར་ཡོང་མཁན་མེད་ན་རོགས་རམ་ཀྱང་རང་བཞིན་གྱིས་འཆད་རྒྱུ་རེད། སྐབས་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྐུ་ངལ་འབྱུང་དོན་མེད། རྒྱུ་མཚན་ནི་སྐུ་ངལ་འཕྲད་ཡུལ་གསར་འབྱོར་མེད་པས་སོ། དེ་མིན་རོགས་དངུལ་དེ་དག་མིང་གསར་འབྱོར་དང་སྣེ་ལེན་ཁང་སོགས་ཡིན་ནའང་དགོས་དབང་གིས་བེད་སྤྱོད་ཚོགས་སྡེ་གཞན་ཁག་ལ་གཏོང་བཞིན་ཡོད་སྐབས་དེར་ཏན་ཏན་ན་སྐུ་ངལ་འཕྲད་རྒྱུ་ཉག་གཅིག་རེད་དྲན།
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
ཚང་མས་ཤེས་གསལ་ལྟར་རྒྱ་གཞུང་གི་དམ་དྲག་གཅིག་པུ་མིན།
བོད་ནང་གི་བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་གསར་འབྱོར་ཚོར་མཐོང་མེད་པ་དང་། འཚོ་བར་དཀའ་ངལ་ཡོད་པ་སོགས་ཧ་གོ་གི་ཡོད་པའི་རྐྱེན་གྱིས།
དེང་སང་གསར་འབྱོར་ཉུང་དུ་འགྲོ་གི་ཡོད་པ་རེད།
གནས་ཚང་
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
གནད་དོན་འདི་རྒྱ་མིའི་བཀག་སྡོམ་གཅིག་པུ་མ་རེད། རྡ་རམ་ས་ལར་འགྱུར་བ་མང་པོ་བྱུང་བར་ཐུག་ཡོད་པ་ཞིག་རེད། གཙོ་བོའི་ནང་གཙོ་བོ་དེ་ལངས་ཕྱོགས་བསྒྱུར་ཟིན་པའི་ཁར། རྒྱ་ནག་དམར་ཤོག་གི་དབང་བསྒྱུར་ངོས་ལེན་བྱེ་རྩིས་ཡོད་པ་སོགས་ཀྱི་དབང་གིས་རེད། དེ་མ་གཏོགས་དམ་དྲག་ཆེ་ཡང་སྐྱབས་བཅོལ་དུ་ཡོང་ཐུབ་ཀྱི་ཡོད་པ་རེད།
ཀརྨ་རྡོ་རྗེ།
༢༠༡༣/༠༧/༡༤ ཉིན་འདོན་སྤེལ་བྱས།
མ་འོངས་པར་ད་ལྟའི་གནས་སྟངས་འདི་མུ་མཐུད་ལྷག་སྟེ་གསར་འབྱོར་བ་ཇེ་ཉུང་དུ་ཕྱིན་པ་ཡིན་ན། ཁོ་ཚོས་གསར་འབྱོར་བ་མེད་དུས་ང་ཚོས་རོགས་རམ་བྱེད་ཐུབ་ཀྱི་མི་འདུག་ལབ་སྲིད་པ་རེད། ཡིན་ནའང་། ད་ལྟའི་ཆར་གང་ཡང་ལབ་མ་སོང་། ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།