བོད་པ་རྣམ་དག་ཅིག་འཚོལ་དགོས་ན་ཧི་མ་ལ་ཡའི་རི་རྒྱུད་ནས་འཚོལ་དགོས།

འདོན་སྤེལ། ༢༠༡༣/༠༧/༡༥

ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་དང་བོད་པའི་བར་འདས་པའི་ལོ་ངོ་སྟོང་ཕྲག་རིང་ཆོས་དང་རིག་གཞུང་གི་འབྲེལ་ལམ་ཟབ་མོ་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་༧གོང་ས་མཆོག་གིས་དབུས་པའི་བོད་མི་མང་པོ་རྒྱ་བལ་འབྲུག་གསུམ་ནང་སྐྱབས་བཅོལ་དུ་འབྱོར་རྗེས། ཧི་མ་ལ་ཡའི་རི་རྒྱུད་ཁག་དང་བོད་མི་སྐྱབས་བཅོལ་བའི་བར་ཆོས་དང་རིག་གཞུང་གི་འགྲོ་འོང་སྔར་བས་གཏིང་ཇེ་ཟབ་ཏུ་སོང་ཡོད་ལ། རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་གཙོ་བོར་གྱུར་བའི་བོད་མིའི་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་ཏུ། འབྲུག་དང་འབྲས་ལྗོངས་ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཁག་གི་ནང་ཆོས་སློབ་གཉེར་བ་མང་པོ་སྐྱེད་སྲིང་བྱས་བྱེད་བཞིན་ཡོད།

ལྷག་པར་དུ་ལོ་ཤས་གོང་ནས་བཟུང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མང་པོ་བསྡུ་མགོ་བརྩམས་ཡོདཔ་དང་ཧི་མ་ལ་ཡའི་རི་རྒྱུད་ལ་བོད་ཀྱི་རིག་གཞུང་གི་ཕ་ས་གཉིས་པ་ཞེས་ཕན་ཚུན་ལ་རིག་གནས་སྤེལ་རེས་དང་ཞིབ་འཇུག་གི་བྱ་བར་གཞོལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། ལོ་ཤས་གོང་ནས་བཟུང་སྐུ་ཞབས་ལྷ་ལུང་རྒྱལ་ལགས་ཀྱིས་ཀྱང་ནོར་གླིང་ཉེ་འགྲམ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཞོར་དུ། ཧི་མ་ལ་ཡའི་རིག་གཞུང་སྐོར་ལ་ཉམས་ཞིབ་གནང་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་ཁོང་དང་མཉམ་དུ་ལས་གཞི་དེའི་སྐོར་ལ་གླེང་མོལ་བྱས་ཡོད།

ཐོག་མར་སྐུ་ཞབས་ལྷ་ལུང་རྒྱལ་ལགས་ཀྱིས་ཧི་མ་ལ་ཡའི་རིག་གཞུང་ལ་ཉམས་ཞིབ་བྱེད་པའི་བསམ་བློ་ཇི་ལྟར་འཁོར་བའི་སྐོར་བརྗོད་དོན། སྤྱིར་བཏང་ངའི་ཆེད་ལས་བརྡ་སྤྲོད་རིག་པ་རེད། ཡིན་ནའང་། ཞ་དང་ཞོར་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་སློབ་སྦྱོང་བྱེད་ཡོང་བའི་སྐབས་སུ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལོ་རྒྱུས་སྐོར་བོད་ནང་དུ་མཁོ་སྤྲོད་བྱས་པ་ཧ་ཅང་ཉུང་ཉུང་ཡིན་སྟབས། ང་རང་བོད་དུ་ཡོད་སྐབས་ནས་དེའི་སྐོར་ལ་ཉམས་ཞིབ་བྱེད་པའི་འདུན་པ་ཡོད། ཕྱིས་སུ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས། དེའི་སྐོར་ལ་དོ་སྣང་བྱེད་མགོ་བརྩམས་པ་ཡིན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཀྱི་རིག་གནས་དེ་ཚོ་ཉམས་ཉེས་སུ་སོང་ཡོད་ཀྱང་། བོད་ནང་དང་བསྡུར་ན་དེ་ཙམ་གྱིས་ཛ་དྲག་མ་རེད། ཁོ་ཚོས་རྒྱ་གར་གྱི་སྐད་བཤད། རྒྱ་གར་གྱི་གོས་གྱོན་ཡོད་ཀྱང་མིའི་སེམས་ཁམས་ལ་འགྱུར་བ་ཆེན་པོ་ཐེབས་མེད་སྟབས། མགོ་སྐད་བརྡ་རིག་པ་ནས་བཟུང་གང་ལ་གང་འཚམ་ཞིག་ཞིབ་འཇུག་བྱེད་པའི་ཧམ་པ་བྱུང་སོང་ལ། དེང་སང་བོད་པ་རྣམ་དག་ཅིག་འཚོལ་དགོས་ན་ཧི་མ་ལ་ཡའི་རི་རྒྱུད་ལ་འཚོལ་དུ་འགྲོ་དགོས་པ་འདྲ་བོ་ཆགས་འདུགཞེས་བརྗོད་སོང་

ཧི་མ་ལ་ཡ་རི་རྒྱུད་ཁུལ་གྱི་རིག་གཞུང་ལ་ཇི་ལྟར་ཉམས་ཞིབ་བྱེད་འཆར་ཡོད་སྐོར་དྲིས་པར། ཁོང་གིས།  ས་གནས་སྲིད་གཞུང་ལ་ལས་རིམ་སྙན་ཞུ་ཕུལ་བའི་ནང་དུ། དང་པོ་སྐད་བརྡ་རིག་པར་ཉམས་ཞིབ་བྱེད་རྒྱུ་དང་། དེའི་ནང་ནས་ལས་གཞི་དང་པོ་དེ་མིང་གི་རིགས་དཔེ་རྙིང་ལ་ཁུངས་གཏུག་རྒྱུ་དེ་ཡིན། ངའི་ཕ་ཡུལ་རེབ་གོང་གཙོ་བོར་གྱུར་བའི་མདོ་སྨད་ཀྱི་འབྲོག་ཕྱོགས་ནས་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་དང་ཧི་མ་ཡ་ལའི་རི་རྒྱུད་ཀྱི་ཐ་སྙད་གཉིས་བར་གྱི་མཐུན་པའི་ཆ་དང་མི་མཐུན་པའི་ཆ་ག་རེ་ཡོད་མེད་དཔྱད་བསྡུར་བྱས་རྗེས། ཐུན་མོང་གིས་སྤྱོད་བཞིན་པའི་ཐ་སྙད་རིགས་བོད་ཀྱི་དེབ་ཐེར་རྙིང་པ་དང་ཚིག་མཛོད་གང་ཞིག་ཏུ་ཡོད་མེད་འཚོལ་ཞིབ་བྱ་འཆར་ཡོད། ལས་གཞི་གཉིས་པ་དེ་སྐད་བརྡ་རིག་པའི་ནང་སྒྲ་གདངས་ཀྱི་འདེགས་འཇོག་དེ་གལ་ཆེན་པོ་ཆགས་ཡོད་སྟབས། མདོ་སྨད་འབྲོག་ཕྱོགས་སུ་སྐད་གདངས་ཀྱི་འདེགས་འཇོག་དེ་ཞེ་དྲག་ཉམས་མེད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐད་གདངས་ཀྱི་འདེགས་འཇོག་དེ་ཡང་དེ་ཙམ་ཉམས་མེད་སྟབས། དེ་གཉིས་ཀྱི་ཐུན་མོང་གི་སྐད་གདེངས་ཀྱི་འདེགས་འཇོག་ཐད་འཚོལ་ཞིབ་བྱེད་འཆར་ཡོད།ཅེས་བརྗོད་སོང་

ལྷ་ལུང་རྒྱལ་ལགས་ཀྱིས་སྤི་ཏི་དང་བོད་མདོ་སྨད་བར་གྱི་འབྲེལ་བའི་སྐོར་བརྗོད་དོན། ང་རང་གིས་ད་ལྟ་བར་དུ་རྒྱལ་རབས་ལ་སློབ་སྦྱོང་དང་སློབ་ཁྲིད་བྱས་པ་རེད། ལྷག་པར་དུ་མཐའ་མཚམས་ཀྱི་ལོ་རྒྱུས་ཁག་ལ་ཉམས་ཞིབ་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། དེ་འདྲ་ཡིན་དུས། ཉམས་ཞིབ་ཀྱི་འཆར་གཞི་གཉིས་པ་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་རབས་ལ་ཞིབ་འཇུག་བྱ་འཆར་ཡོད། ཧི་མ་ལ་ཡའི་རི་རྒྱུད་དང་ལྷག་པར་དུ་སྤི་ཏི་སྟོད་སྨད་ཁུལ་དུ་རྒྱལ་པོ་མང་པོ་ཡོད་པ་དང་། རྒྱལ་པོ་དེ་ཚོའི་རྒྱུད་དེད་ནས་སོང་ཚེ་བོད་ཀྱི་བཙན་པོར་ཐུག་ཡོད་སྟབས། མ་མཐར་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་པོ་ཚོ་བོད་ཀྱི་ས་ཆ་གང་གི་རྒྱལ་པོ་སུ་ཞིག་གི་གདུང་རྒྱུད་ཡིན་པ་སོགས་ལ་ཞིབ་འཇུག་བྱ་འཆར་ཡོད། གཞན་ཡང་། སྤི་ཏི་སྟོད་སྨད་གཉིས་ལས་སྨད་ཀྱི་རྒན་པ་མང་པོ་ཞིག་གིས་ཁོ་ཚོ་ཨ་མདོ་ནས་ཡིན་ཟེར་གྱི་ཡོད་ལ། ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ནང་ཨ་མདོ་དང་ཆ་འདྲ་བོ་མང་པོ་ཡོད། ཨ་མདོ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་སྒྲུབ་བྱེད་ཅིག་ནི། བོད་མ་ཤོར་བའི་གོང་དུ་སྤི་ཏི་ནས་གྲྭ་བ་བྱེད་ན་གཙང་བཀྲ་ཤིས་ལྷུན་པོ་རུ་འགྲོ་དགོས་པ་དང་། ཁོ་ཚོ་བཀྲ་ཤིས་ལྷུན་པོ་ནས་༸པཎ་ཆེན་རིན་པོ་ཆེའི་བླ་ཚབ་བྱས་ནས་མགོ་ལོག་ཁུལ་དང་སི་ཁྲོན་མཛོད་དགེ་སོགས་སུ་ཕེབས་ཏེ། ལོ་ཤས་ཀྱི་རྗེས་ནས་ས་གནས་དེ་དག་གི་རྒྱུ་ནོར་ཅ་དངོས་སོགས་ཀྱི་འབུལ་བ་རྣམས་ཁྱེར་ནས་ཕྱིར་བཀྲ་ཤིས་ལྷུན་པོར་ལོག་ནས་དགོན་པར་འབུལ་དགོས་པ་དང་། རྒྱུ་ནོར་གྱི་ལྷག་མ་སྤི་ཏི་རུ་ཁྱེར་ཡོང་ནས་ད་ལྟ་ས་གནས་ཀྱི་དགོན་པ་ཁག་གི་ནང་ཡོད་པ་རེད། ད་ལྟའི་བར་ངས་སྤི་ཏི་ནས་པཎ་ཆེན་རིན་པོ་ཆེའི་བླ་ཚབ་ཏུ་མངགས་པ་མི་ ༨ ཙམ་ཤེས་རྟོགས་བྱུང་སོང་། དེར་བརྟེན། མ་འོངས་པར་༸པཎ་ཆེན་རིན་པོ་ཆེའི་བླ་ཚབ་ནས་མགོ་བཟུང་སྟེ་ཨ་མདོ་དང་སྤི་ཏི་བར་གྱི་དམངས་ཁྲོད་ངག་རྒྱུན་རྣམས་བསྡུ་རུབ་བྱ་རྩིས་ཡོད། འོན་ཀྱང་། ད་ལྟ་ས་གནས་སྲིད་གཞུང་གི་ཆོག་མཆན་དང་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་འཛོམ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་

ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དེ་བོད་དང་ཁ་བྲལ་ཐབས་མེད་པའི་སྐོར་ལ་ཁོང་གིས། ཁོ་ཚོ་ལ་ཁག་གཉིས་ཡོད་པ་རེད། མི་རབས་རྒན་པ་ཚོའི་སེམས་བོད་པ་ཡིན་པ་དང་། གཞོན་སྐྱེས་ཚོས་ང་ཚོ་ཧི་མ་ཡ་ལའི་རི་རྒྱུད་ཀྱི་མི་ཡིན་ཟེར་བ་དེ་ཤུགས་ཆེན་པོ་ཆགས་འདུག  ཡིན་ནའང་། དེང་སང་༸ རྒྱལ་བ་རིན་པོ་ཆེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་མང་པོར་ཕེབས་ཏེ་བཀའ་སློབ་རིམ་པར་གནང་བ་དང་། དེ་བཞིན་ས་གནས་ཀྱི་སློབ་སྦྱོང་གང་འཚམ་ཡོད་མཁན་ཚོས་བསམ་ཞིབ་ལ་བརྟེན་ཏེ། ཧི་མ་ཡ་ལའི་རི་རྒྱུད་ཀྱི་མི་ཡིན་ཟེར་ནས་མིང་དེ་མུ་མཐུད་དུ་ཉར་གྱི་ཡོད་པ་ཙམ་ལས། སེམས་ནས་བོད་དང་ཧ་ཅང་ཐག་ཉེ་བོ་དང་ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཚོས་བོད་ཡིག་ལ་ཧ་ལས་པའི་དོ་སྣང་ཆེན་པོ་བྱེད་ཀྱི་འདུག སྤྱིར་བཏང་ལོ་རྒྱུས་ལ་ཁུངས་གཏུག་པ་ཡིན་ན། བོད་ཀྱི་ས་ཁོངས་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་རེད། ཧི་མ་ཡ་ལའི་རི་རྒྱུད་དེ་མངའ་རིས་སྐོར་གསུམ་ནས་ཡིན་པ་རྩོད་མེད་རེད། མངའ་རིས་སྐོར་གསུམ་ནས་མ་ཡིན་པ་མི་གཅིག་ཀྱང་སྟོན་རྒྱུ་ཡོད་པ་མ་རེད། དཔེར་ན། བག་སྟོན་གྱི་བཤད་པ་དང་བསང་གསོལ་སོགས་ཀྱི་ནང་དུ་ ང་ཚོའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེཟེར་ནས་ལོ་རྒྱུས་ཁུངས་ཆ་ཚང་བོད་ཀྱི་བཙན་པོར་གཏུག་གི་རེད། དེ་བཞིན། ཁོ་ཚོའི་གཞས་ཚིག་རྙིང་པ་ཚོའི་ནང་དུ་ ང་ཚོའི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཟེར་ནས་བོད་ལ་ཁུངས་གཏུག་གི་ཡོད་པ་རེད། མདོ་སྨད་ཀྱི་ཡུལ་ལུང་ཁ་ཤས་ནང་གནའ་སྔ་མོ་ཡི་རིག་གཞུང་ཇི་མ་ཇི་བཞིན་གྱི་ནང་དུ་ ང་ཚོའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིནཟེར་བའི་རིགས་མང་པོ་ཡོད་ཀྱང་དེ་འདྲའི་ཤུགས་ཆེན་པོ་རང་ཡོད་པ་མ་རེད། ཁོ་ཚོས་ཁ་གྲགས་པ་དང་གཞས་ཤིག་བཏང་བ་ཙམ་གྱིས་བོད་དང་ཁ་བྲལ་ཐབས་མེད་པ་རེད། ཡིན་ནའང་། ཆབ་སྲིད་ཀྱི་དགོས་མཁོ་ཞིག་གིས་ཁ་གྲགས་ཐུབ་ཀྱི་མེད་པ་རེད་མ་གཏོགས་སེམས་ནས་ཧ་ཅང་གསལ་བོ་རེད།ཅེས་བརྗོད་སོང་

ཤོག་ངོས་འདི་ཐེངས་ ༢༡༢༥ ལ་བཀླགས་འདུག
རིག་པ་འདོན་པ།
གཅེན་པོ།
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
དགོད་བྲོ་བའི་ཁ་བྱང་འདི་འདྲ་བཏགས་འདོད་ཡོད་པ་ཡ་མཚན་རེད། རྗེས་སུ་བོད་ཡིག་རྣམ་དག་ཞིག་དགོས་ན་འབྲུག་ནས་འཚོལ་ཞེས་པའི་རྩོམ་ཞིག་ཀྱང་སླེབས་སྲིད་པ་ཞིག་རེད། བོད་པ་རྣམ་དག་ལབ་དུས་ག་རེ་ཟེར་གྱི་ཡོད་པ་རེད། རྩོམ་པ་པོ་ནས་ངེས་པར་དུ་ལེན་ཞིག་ཁྱེར་ཤོག
ཕྱོར་ཚང་
༢༠༡༣/༠༧/༡༦ ཉིན་འདོན་སྤེལ་བྱས།
བོད་པ་རྣམ་དག་ཅིག་བོད་ནང་དུ་མེད་པ་བཤད་འདུག
བདེ་རྒྱལ།
༢༠༡༣/༠༧/༡༦ ཉིན་འདོན་སྤེལ་བྱས།
ཁྱེད་རང་རྦད་དེ་འཆི་དྲགས་སོང་། སྤྱི་ཏི་ལོ་རྒྱུས་རྒྱལ་རབས་བཅས་ལ་ཞིབ་འཇུག་གི་དཔེ་དེབ་བཞི་ཐོན་ཟིན་པ་རེད། ད་ཁྱེད་ཀྱིས་རྒྱལ་རབས་ལོ་རྒྱུས་ཤིག་འབྲི་རྒྱུ་བསྡད་མེད། སྐད་བརྡ་སྐོར་ལའང་རིགས་གཅིག་རྐང་འཛིན་སྐབས་གཉིས་པའི་མི་ཞིག་གིས་བྲིས་ཡོད། དེ་ཕལ་ཆེར་ཤེས་རིག་གི་རིགས་གཅིག་རྐང་འཛིན་གྱི་ཡིག་ཚགས་ནང་ཡོད་སྐད། ལྷ་ལུང་རྒྱལ་ཞེས་པ་དེ་དྲ་རྒྱ་ནང་ཡོངས་ཁྱབ་ཏུ་སོང་ནོར་གླིང་དགེ་རྒན་ལྷ་ལུང་རྒྱལ་ཞེས་པ་ཞིག་གིས་ཐེ་ཝན་བུ་མོ་ཞིག་ལ་མགོ་བསྐོར་དེ་དངུལ་མང་པོ་ཟས་པ་ཞིག་ཁྱབ་པ་དེ་མ་རེད་དམ། ཡིད་མི་ཆེས་ན་ Google ནང་ནོར་གླིང་ལྷ་ལུང་རྒྱལ་ཞེས་བོད་ཡིག་གི་གཏགས་ན་གནས་ཚུལ་དེ་འཚོལ་ཐུབ་ཀྱི་འདུག
ཐོ་རེངས།
༢༠༡༣/༠༧/༡༥ ཉིན་འདོན་སྤེལ་བྱས།
བོད་པ་རྣམ་དག་ཅིག་ཞེས་པ་དེ་ཁྱེད་ཀྱིས་ཅི་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད།
རི་བོ་ཧི་མ་ལ་ཡི་རི་འདབ་ཞིག་ནས་སྐྱེས་དགོས་པ་ཡིན་ནམ།
བོད་མིའུ་གདོང་དྲུག་གི་ཤ་ཁྲག་གི་རིགས་ཡིན་པ་ཙམ་ལ་ཟེར་རམ།
བོད་སྐད་བཤད་མཁན་དང་བོད་ཡིག་ཤེས་མཁན་ལ་འདོད་དམ།
དང་པོ་ལྟར་ན། སྐྱབས་མགོན་རིན་པོ་ཆེ་ཡང་བོད་མ་ཡིན་འགྱུར་དེ་ཧི་མ་ལིའི་རི་ལ་མ་འཁྲུངས་བས་སོ།
གཉིས་པ་ལྟར་ན། ད་ལྟའི་རྒྱ་རིགས་བལ་པོ་འབར་མ་སོགས་པོ་སོགས་རྒྱལ་ཁབ་མང་པོའི་མི་བོད་ཡིན་པར་འགྱུར་དེ་མིའུ་གདོང་དྲུག་གི་རིགས་ཡོད་པས་སོ།
གསུམ་པ་ལྟར་ན། རྒྱ་བལ་དང་ཕྱི་རྒྱལ་ཁག་གི་བོད་པ་མང་པོ་བོད་མ་ཡིན་པར་འགྱུར་དེ་བོད་སྐད་ཙམ་ཡང་ལེགས་པོ་མི་ཤེས་པས་སོ།།
ལོ་ཤས་གོང་ནས་བཟུང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མང་པོ་བསྡུ་མགོ་བརྩམས་ཡོད་པའི་དམིགས་ཡུལ་ནི་བོད་ཕྲུག་སློབ་གྲྭ་པ་ཉུང་རུ་ཕྱིན་སྐབས་སུ། ཁོང་ཚོའི་བོད་མི་བཙོང་རྒྱུ་མ་རྙེད་ནས། ད་ཧི་མ་ལའི་བོད་ཕྲུ་གུ་རྣམས་གཡོ་རྒྱུའི་སྒོ་ནས་བསྡུས་དེ་བཙོང་མགོ་བརྩམས་པ་རེད་སྙམ། དངོས་གནས་ཡིན།
རྡོ་རྗེ་རྒྱལ་པོ།
༢༠༡༣/༠༧/༡༥ ཉིན་འདོན་སྤེལ་བྱས།
སྤྱིར་བཏང་ཧི་མ་ལ་ཡའི་རིག་གཞུང་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྔོན་མའི་མཁས་དབང་གནམ་ཁས་ས་བཀབས་པ་ལྟ་བུ་དག་དགོངས་པ་རྫོགས་ཚར་བ་དང་བར་སྐབས་ཤིག་ནས་ཆོས་རིག་འཇིག་རྟེན་གསུམ་ཀར་མཁས་པ་མ་བྱུང་བར། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་ཆོས་ལ་མཁས་ན་འཇིག་རྟེན་མི་ཤེས་མཁན། ལོ་རྒྱུས་ཤེས་ན་ཆབ་སྲིད་མི་ཤེས་མཁན། ནང་ཆོས་ཤེས་ན་རིག་གནས་མི་ཤེས་མཁན་དེ་འདྲ་རྐྱང་ཆགས་ཏེ་ས་གནས་དང་མི་རིགས་ཀྱི་ལོ་རྒྱུས་རིན་ཐང་ཅན་ཞིག་ད་སྔ་ཡིག་ཐོག་ཏུ་འཇོག་ཐུབ་ཡོད་པ་མ་རེད། ཡིན་ནའང་དེང་སྐབས་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར་མཁན་མང་པོ་ཡོད་པ་རེད་དེ་ཕྱོགས་སུ་མ་ལྷུང་པ་དང་ས་གནས་ཀྱི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས། ས་ཁམས་དང་སྐྱེས་ཁམས་ཡོངས་ལ་ཞིབ་ཚགས་མོས་ལྟ་ཐུབ་མཁན་ཧ་ཅང་དཀོན་པོ་རེད་དྲན་ཡོད། དེ་བས་ཀྱང་གལ་ཆེ་ཤོས་ཧི་མ་ལ་ཡའི་རི་རྒྱུད་དང་བོད་པའི་བར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བ་དང་མི་རིགས་དང་ས་ཁམས་ཀྱི་འབྲེལ་བ་མ་འཕྱུག་མ་ནོར་བར་བཤད་ཐུབ་མཁན་དཀའ་ལས་ཁག་པོ་རེད།
རྭ་རྒྱ་བློ་དབང་
༢༠༡༣/༠༧/༡༥ ཉིན་འདོན་སྤེལ་བྱས།
གློའུ་འདྲི་འདི་འདྲ་བྱས། གློའུ་ལན་འདི་འདྲ་བརྒྱབ་ད་ཅི་བྱེད་བསམ་པ་ཡིན། དངོས་གནས་ཕྱོགས་མང་པོར་སློབ་སྦྱོང་དང་མིག་ལྟ་བྱེད་རན་རེད་ཡ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།