ང་ཚོའི་སྔོན་མའི་སློབ་ཁྲིད་བྱེད་ཐབས་དེ་ཆོས་འཆད་ཉན་བྱེད་སྟངས་རེད།

འདོན་སྤེལ། ༢༠༡༣/༠༧/༡༩

ཁ་སང་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཚོར་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སློབ་ཁྲིད་ཐབས་ལམ་དང་སློབ་མའི་རྣམ་དཔྱོད་འདོན་སྟངས་སྐོར་ལ་གཏམ་བཤད་སྤེལ་ཏེ། དགེ་རྒན་ཚོས་སློབ་དེབ་ནང་ཡོད་པ་གཅིག་པུ་མིན་པར་བརྗོད་དོན་སྙིང་པོ་ཚུར་བླངས་ཏེའཚོ་བ་དངོས་ལ་སྦྱར་ཏེ་ཁྲིད་སྤེལ་གནང་དགོས་སྐོར་བརྗོད་བྱུང་

ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་བཞུགས་སྒར་ཉེ་འཁྲིས་ས་རཱ་མཐོ་སློབ་དུ་ཨ་རིའི་ཁ་ལེ་ཧྥོ་ནི་ཡཱ་མངའ་སྡེའི་གྲོང་ཁྱེར་ཧྥོ་ལི་ཊོན་གཙུག་ལག་སློབ་ཆེན་ (Fulleton University) བོད་རིགས་དགེ་རྒན་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དང་སློབ་གྲྭའི་རིག་གཞུང་སྡེ་ཚན་ཁག་གི་དགེ་རྒན་རྣམས་ལ་ཨ་རིའི་མཐོ་སློབ་དགེ་རྒན་གྱི་སློབ་ཁྲིད་གནང་ཕྱོགས་ཀྱི་ལྟ་གྲུབ་དང་དམིགས་ཡུལ། སློབ་ཁྲིད་ཀྱི་ཐབས་ལམ། སློབ་གཉེར་ཁང་གི་སྲིད་བྱུས་དང་ཁྲིམས།  བསླབ་གཞི་གཏན་འབེབས་བྱེད་སྟངས། སློབ་མར་ཡིག་ཚད་གཏོང་སྟངས། སློབ་མར་ནང་སྦྱོང་སྤྲོད་སྟངས་དང་འཛིན་གྲྭའི་ནང་གི་རང་སྦྱོང་སློབ་མ་ཚོས་དགེ་རྒན་ལ་ཞུ་དག་གཏོང་སྟངས་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་ཕྱི་དྲོར་སློབཕྲུག་ཚོར་གཞིས་བཞུགས་བོད་མིའི་གནས་སྟངས་དང་ངོ་བོ་འཛིན་སྟངས། རིག་གཞུང་ལ་ལྟ་སྟངས། འབྲེལ་ལམ་འཛིན་སྟངས། ཨ་རིའི་རིག་གཞུང་དང་བོད་མིའི་འབྲེལ་ལམ་མཚུངས་བསྡུར་བྱེད་ཕྱོགས་སོགས་ཀྱི་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས་གནང་སོང་ 

གསར་འགོད་པས་ཁོང་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་སྐོར་ལ་དགོངས་ཚུལ་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས “ ད་ལྟའི་བར་བོད་མིའི་སྒྲིག་འཛུགས་དང་ཤེས་ཡོན་སྡེ་ཚན་ཁག་གིས་རང་གི་སྐད་ཡིག་ནང་སློབ་ཁྲིད་བྱེད་རྒྱུའི་འཆར་གཞི་མང་པོ་སྒྲིག་པ་དེ་ཡག་པོ་རེད་བསམ་གྱི་འདུག གཙོ་བོ་ཕ་མ་དང་དགེ་རྒན་ཚོས་ཕྲུ་གུ་གསོ་སྐྱོང་གནང་སྐབས་སྐད་དང་གོམས་གཤིས་སོགས་ཀྱི་ཐད་ནས་མིག་དཔེ་སྟོན་རྒྱུ་གལ་ཆེན་པོ་རེད། ཕྱི་རྒྱལ་དུ་བོད་མི་མང་པོ་འཛོམས་སྐབས་རྒན་པ་ཚོས་ཀྱང་ཕྲུ་གུ་ཚོར་དབྱིན་སྐད་བཤད་ཀྱི་འདུག དེས་ཁོར་ཡུག་མེད་པའི་ཐོག་མེད་པར་བཟོ་བཞིན་དུག རྒྱ་གར་ནང་ཨ་རི་ལས་ཁོར་ཡུག་ཡག་པོ་ཡོད་སྟབས། ཕ་མ་དང་དགེ་རྒན་ཚོས་ཕྲུ་གུ་བོད་སྐད་ལ་དབྱིངས་འཕར་སྟངས་དང་ བོད་སྐད་བཤད་རྒྱུའི་དཀའ་ངལ་དང་སྐྱོན་ཆ་བཙལ་ཏེ། སློབ་ཁྲིད་གནང་ཕྱོགས་སོགས་ཀྱི་ཐོག་དགོངས་པ་གསར་བ་བཞེས་ཆོག་གི་རེད་བསམ་གྱི་འདུག  དེའི་ཐོག་འབྲེལ་ཡོད་ཚོས་ཀྱང་ཉམས་ཞིབ་དང་གོ་བསྡུར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད” ཅེས་བརྗོད་བྱུང་

ཡང་ཁོང་ལ་ཨ་རིའི་སློབ་གསོ་དང་བོད་པའི་སློབ་གསོའི་བར་ཁྱད་པར་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། “ད་ལྟའི་སློབ་ཁྲིད་གནང་སྟངས་ངས་གསལ་བོ་ཞིག་མི་ཤེས་ཀྱང་། ང་གཞི་རིམ་སློབ་གྲྭ་འགྲིམས་སྐབས་དགེ་རྒན་ཚོས་སློབ་ཁྲིད་གནང་སྟངས་དང་ ཨ་རིའི་ནང་སློབ་ཁྲིད་གནང་སྟངས་བར་ཧེ་བག་ཆེན་པོ་འདུག ཨ་རིའི་ནང་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ནང་དོན་སྔོན་ལ་གྲྭ་སྒྲིག་གནང་དགོས་ཀྱི་ཡོད་པ་རེད། སློབ་དེབ་ནང་ཡོད་པ་གཅིག་པུ་མིན་པར་བརྗོད་དོན་སྙིང་པོ་ཚུར་བླངས་ཏེ། འཚོ་བ་དང་འབྲེལ་བའི་དཔེ་མང་པོ་ཞིག་དང་སྦྱར་ཏེ་གསུང་གི་ཡོད་སྟབས། ཕྲུ་གུ་ཚོར་དབྱིངས་ཡོང་གི་འདུག  ང་ཚོ་སྔོན་མ་སློབ་གྲྭ་འགྲོ་དུས་དགེ་རྒན་ཚོས་གང་བཀའ་གནང་བ་དེ་ཆོས་ཞུ་བ་བཞིན་ཉན་རྒྱུ་ལས། ཡར་བསམ་ཚུལ་ཕུལ་ནུས་ཀྱི་མེ་རེད་ལ། ཕུལ་མཁན་ཡང་ཡོད་མ་རེད། དེ་འདྲའི་ཐོག་ནས་ཧེ་བག་ཆེན་པོ་འདུག  ནུབ་ཕྱོགས་པའི་སློབ་སྦྱོང་ནང་ཡག་ཤོས་སོ་སོའི་རྣམ་དཔྱོད་བེད་སྤྱོད་གཏོང་བཅུག་པ་དེ་ཡག་པོ་འདུག  དགེ་རྒན་ཚོས་སློབ་དེབ་ཆ་ཚང་འཁྲིད་དགོས་པའི་ཁྱབ་པ་ཡོད་མ་རེད། གང་བསླབ་བཞག་པ་དེ་སྦྱོར་བ་ལག་ལེན་དུ་ཁེལ་བར་བྱ་རྒྱུ་དང་ དེ་བེད་སྤྱོད་བྱས་ཏེ་ཡར་རྒྱས་གཏོང་ཕྱོགས་དེ་འདྲའི་བསམ་བློ་གཏོང་འཇུག་པ་དེ་ཡག་པོ་འདུག  ཕྱི་རྒྱལ་གྱི་སློབ་མ་ཚོར་ཡག་པོ་ཡོད་མེད་གང་ལྟར་ཡང་ དྲི་བ་གཏོང་བ་དང་བསམ་ཚུལ་བཤད་རྒྱུར་ཐོགས་པ་མི་འདུག ང་ཚོར་ཡོད་ཆོག་གི་རེད། ཡིན་ནའང་ དེ་དག་སྤོབས་པས་མི་འདང་བར་ཞུ་ནུས་ཀྱི་མི་འདུག དེ་དག་འཚམས་རེར་རིག་གཞུང་གི་གོམས་གཤིས་ཆགས་ཡོད་སྟབས། དུས་ཚོད་རིང་པོ་འགོར་སྲིད་ཀྱང་ དཔེ་སྟོན་མང་པོ་ཞིག་བྱས་པ་ཡིན་ན་སྐོང་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་

རྒན་བསྟན་འཛིན་རྡོ་རྗེ་ལགས་ནི་བོད་ནང་སྐྱེས་ཤིང་། ཆུང་དུས་བཙན་བྱོལ་དུ་འབྱོར་ཏེ་གཞི་རིམ་སློབ་གྲྭ་ཆ་ཚང་ཐོན་རྗེས། ངྷ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་བ་དང་། ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་ ༡༣ ལྷག་གི་རིང་གསུང་བསྒྱུར་གྱི་ལས་ཀ་བྱས་མྱོང་ཡོད་འདུག ཕྱིས་སུ་ཨ་རིའི་ནང་སློབ་སྦྱོང་རིམ་པ་བྱས་རྗེས་འབུམ་རམས་པའི་གནས་རིམ་ཐོག་སློབ་མཐར་ཕྱིན་ཏེ། ད་ལྟ་ཨ་རིའི་ཁ་ལེ་ཧྥོ་ནི་ཡཱའི་མངའ་སྡེའི་གྲོང་ཁྱེར་ཧྥོ་ལི་ཊོན་གཙུག་ལག་སློབ་གྲྭའི་ནང་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད་འདུག འདི་ལོའི་ཟླ་གཉིས་རིང་གི་དབྱར་ཁའི་གུང་གསེང་སྐབས་དགའ་ལྡན་ཕོ་བྲང་ཡིག་ཚང་དབྱིན་ཡིག་སྡེ་ཚན་དུ་ཞབས་ཞུ་བསྒྲུབ་བཞིན་ཡོད་པ་མ་ཟད། ཉེ་ལམ་ནས་བཟུང་བོད་མིའི་སྒྲིག་འཛུགས་སྲིབྱུས་ཉམས་ཞིབ་ཁང་དུ་སྤྱི་ཚོགས་ཚན་རིག་གི་ཉམས་ཞིབ་གནང་སྟངས་སྐོར་ལ་གཏམ་བཤད་སོགས་གནང་ཡོད་འདུག

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༡༧༧༢ ལ་བཀླགས་འདུག
རིག་པ་འདོན་པ།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
ཁོང་གིས་བཙན་བྱོལ་བོད་མིའི་དེ་སྔོན་གྱི་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱེད་སྟངས་དེ་ཆོ་མེད་པའི་དཔེ་ལ་ཆོས་ཞུ་བའི་དཔེ་བཀོད་པ་མ་རེད་དམ། ཆོས་ཞུ་དུས་ཉན་པ་ཁོ་ལས་ཅི་ཡང་བྱེད་མི་ཆོག་པའམ་བྱ་རྒྱུ་མེད་པའི་མདོག་མ་རེད་དམ། དོན་དམ་པས་དེ་འདྲ་ཞིག་རེད་དམ། ཐ་ན་མཐར་ཕྱིན་གྱི་རྒྱུགས་གཏོང་སྟངས་གཅིག་པུ་ཡང་ཅི་འདྲའི་བརྗིད་རྔམ་ལྡན་པ་ཞིག་རེད། དེའི་སྐོར་ལ་གྲྭ་ས་རྒྱ་མཚོ་འགྲིམས་མཁན་མང་པོ་བཞུགས་པས་ངས་གསལ་བཤད་བྱེད་དགོས་དོན་མི་འདུག
གནད་དོན་ངོ་མ་བཙན་བྱོལ་བོད་སློབ་ཁག་གི་ནང་དེ་སྔོན་སློབ་ཁྲིད་ཐབས་ལམ་རྗེས་ལུས་རེད་ཟེར་བ་རེད། བདེན་པའི་ཆ་ལོས་ཡོད། འོན་ཀྱང་ད་ལྟ་ལས་དེ་སྔོན་གྱི་སློབ་མ་དག་གི་བོད་ཡིག་ཤེས་ཚད་ཡག་པོ་ཡོད་པ་ཡང་ཚང་མས་ཤེས་གསལ་རེད། འོ་ན་གནད་དོན་གྱི་གནད་དོན་གཙོ་བོ་གང་ན་ཡོད་དམ། སློབ་ཐབས་ཁོ་ནའི་སྐྱོན་ཞིག་ཡིན་ནམ།
སྔོན་མར་སྔོན་མའི་ལུགས་འཚམ་ན་ཡང་དེང་སང་དེ་དང་མི་འཚམ་ཟེར་རམ། འོ་ན་དེང་སང་ད་དུང་སྔོན་མ་ལྟར་ཁྱོད་ཀྱི་བསམ་ཚུལ་གྱི་ཆོས་ཞུ་བ་འདྲ་བོ་ཡིན་ནམ།
མུན་ནག་མདའ་འཕེན་ངོ་མ་སུ་ཡིན་ད་དུང་མི་ཤེས་ཀི་ཧཧཧཧཧཀུ་རེ་དང་བཅས།
Dawai Shonu
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུངས་པ་བདེན་པ་ལོས་ཡིན། ང་ཚོའི་བོད་པའི་སློབ་གྲྭའི་ནང་གི་སློབ་སྦྱོང་སྤྲོད་སྟངས་ནི་དངོས་ནས་ཆོས་ཞུ་བ་རང་རེད། མི་དམངས་ཚོ་སའི་གང་ལ་བསྡད། བླ་མས་གཅིག་གསུངས། འོག་ནས་མི་དམངས་ཀྱིས་ཁ་མཚུམས་མེར་ཉན་བསྡད། མགོ་མ་ཚོད་ནས་ཀྱང་མོག་ཇོག་ཇོག་བྱེད། དེ་ནང་བཞིན་ང་ཚོ་ཆུང་དུས་སློབ་གྲྭར་ཡོད་དུས་དགེ་རྒན་གྱིས་གང་གསུངས་པ་དེ་ལགས་སོ་ཞེས་བརྗོད་རྒྱུ་དང་ངག་རྒྱུགས་གཏོང་རྒྱུ་མ་གཏོགས་ཡར་དགེ་རྒན་ལ་དྲི་བ་བཏང་ན་དཔེ་བསགས་པ་རེད། ཉེས་བཏགས་རག་རྒྱུ་རང་རེད། སློབ་ཕྲུག་ཚོ་དགེ་རྒན་ལ་བཀྲག་ཐག་ཆོད་ནས་སློབ་མཚན་མགོ་མ་ཚོད་ཀྱང་མགོ་ཚོད་སོང་ཞེས་ལབ་དགོས་ཀྱི་ཡོད་པ་རེད། ང་ཚོའི་བོད་པའི་སློབ་གྲྭའི་ནང་གི་སློབ་སྦྱོང་སྤྲོད་སྟངས་ལ་འགྱུར་བ་གཏོང་དགོས་པ་འདུག
གནས་ཚང་
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
ཡ་མཚན་དགོས་དོན་ཡོག་མ་རེད། གནས་ལུགས་ཀྱི་ལམ་ནས་རྩོད་པ་རྒྱག་དགོས་པ་རེད། སྔར་རྗེ་བླ་མའི་གསུང་པོད་བཅོ་བརྒྱད་བརྒལ་མི་ཆོག་པའི་སྒྲིག་བཟོས་ཡོད་པའང་མ་འདང་བའི་གྲས་མ་རེད་དམ། ཡང་ཅིག་བཤད་ན། དགོན་པའི་ཆོས་འཆད་ཉན་ཡང་གྲྭ་བ་ནང་ཁུལ་ལ་མ་གཏོགས་དགེ་བའི་བཤེས་གཉེན་ལ་དུས་རྒྱུན་སུ་ཞིག་གིས་རྩོད་པ་རྒྱག་གི་འདུག་གམ། རྩ་བའི་བླ་མར་དོགས་སློང་བྱེད་མི་ཆོག་འདིའང་མ་འདང་བའི་ཆ་མ་རེད་དམ།
ཕྱོར་ཚང་
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བཤད་པར་གནས་ལུགས་ཡོད་པར་འདོད། ཁོས་སློབ་གྲའི་ནང་གི་སློབ་ཁྲིད་བྱེད་སྟངས་གསུངས་ཆོས་གནང་གི་ཡོད་པ་ལྟ་བུ་ཆགས་འདུག་པ་དེ་མི་ལེགས་ཚུལ་བཤད་འདུག་མ་གཏོགས། རྩ་བའི་ང་ཚོའི་ནང་ཆོས་ཀྱི་བསླབ་པ་སློབ་གཉེར་བྱེད་སྟངས་འགྲིག་མིན་ཅི་ཡང་གསུངས་མི་འདུག ཆབ་བྲག་ལགས་ཀྱི་མདའ་དེ་མུན་ནག་ལ་འཕངས་འདུག་དཱ། ཧ་ཧ་ཧ་
རྭ་རྒྱ་བློ་དབང་
༢༠༡༣/༠༧/༡༩ ཉིན་འདོན་སྤེལ་བྱས།
འབུམ་རམས་པས་མ་ཚད་དུང་ཕྱུར་རམས་པ་ཡིན་དབང་དུ་བཏང་རུང་། བོད་ཀྱི་སློབ་གསོ་ལ་རྒྱུས་མེད་ཐག་ཆོད་དང་། ད་ལྟ་བོད་ནང་དུ་ལྷག་བསམ་གཞུང་དྲང་གི་དགེ་རྒན་ཚོས་ཇི་ལྟར་གནང་གི་ཡོད་པ་དེ་ནི་བོད་དམ་ཡང་ན་ང་ཚོའི་སློབ་གསོ་ཞེས་པར་བརྩི་བ་ཙམ་ཡང་མཛད་རྩིས་མེད་ཡ་མཚན་ནོ། ། ལྷག་པར་དུ་ཆོས་འཆད་ཉན་ཞེས་པ་ཇི་ལྟར་བྱེད་ཀྱི་ཡོད་མེད་དེ་བས་ཀྱང་ཤེས་ཚོད་མི་འདུག དགེ་རྒན་དང་སློབ་མའི་བར་དུ་ཛ་དྲག་གི་དོགས་འདྲི་དེ་འདྲ་བོད་ཀྱི་དགོན་སྡེ་ཁག་ཏུ་མ་གཏོགས་འཇིག་རྟེན་འདིར་ཨེ་ཡོད་བསམ་གྱི་འདུག ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གསུངས་པ་ལྟར་དངོས་གནས་ཡ་མཚན་ནོ། །འདི་ལྟར་རང་རིགས་ལ་ཡོད་པའི་སློབ་གསོའི་ཐབས་ལམ་དང་། ལག་ལེན། སྦྱོར་དངོས་མཇུག་གསུམ་ཡོངས་རྫོགས་དོར། གཞན་ལུགས་ཇི་བཞིན་པ་ཞིག་ཀྱང་མ་འཁྱོངས་པས་ཡི་གེ་ཤེས་པའི་ཡིག་རྨོངས་པ་ཁྱུ་དང་ཁྱུ་གསོ་སྐྱོང་བྱེད་བཞིན་པ་འདི་མུ་མཐུད་རྒྱུ་ལས་མ་མཆིས་སོ། །
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༣/༠༧/༡༩ ཉིན་འདོན་སྤེལ་བྱས།
ཨ་ཡ་མཚར་མི་གཞན་གྱིས་འདི་ལྟར་བསམ་ཡང་ཁྱེད་ཀྱིས་ཀྱང་
"་ང་ཚོ་སྔོན་མ་སློབ་གྲྭ་འགྲོ་དུས་དགེ་རྒན་ཚོས་གང་བཀའ་གནང་བ་དེ་ཆོས་ཞུ་བ་བཞིན་ཉན་རྒྱུ་ལས། ཡར་བསམ་ཚུལ་ཕུལ་ནུས་ཀྱི་མེ་རེད་ལ། ཕུལ་མཁན་ཡང་ཡོད་མ་རེད།་"ཟེར། ཡ་མཚར།
ཆོས་ཞུ་བ་ཟེར་བ་འདི་ནང་བསྟན་ཆོས་ལུགས་ཀྱི་ཐོས་བསམ་སྒོམ་གསུམ་ལ་གོ་ལོས་དགོས། ནང་པ་ལ་ཕུལ་དུ་བྱུང་བའི་མཁས་གྲུབ་དུ་མ་ཞིག་བྱུང་བ་འདི་དབུ་སངས་རྒྱས་བཅོམ་ལྡན་འདས་ནས་བཟུང་མཇུག་ཏཱ་ལའི་བླ་མ་བར་གྱི་ནང་ཆོས་སློབ་ཐབས་དེ་མ་<འགྲིགས་པས་ཡིན་ནམ།
སློབ་མས་བླ་མ་བརྟགས། བླ་མས་སློབ་མ་བརྟགས། རྒྱུད་དང་འཚམས་པའི་ཆོས་གསུངས། ཐབས་མཁས་པས་ཞི་དྲག་ཅི་རིགས་སྤྱད། རྩ་བ་བློ་ལ་བཟུང། ཚིག་དོན་གསལ་བར་བཀྲལ། ད་དུང་དེའི་ཐོག་རྟགས་གསལ་ཕངས། ད་དུང་དཔྱད་སྒོམ་དང་འཇོག་སྒོམ། བླ་མའི་དམར་ཁྲིད། རང་གིས་ཉམས་ལེན། འདི་འདྲའི་སློབ་སྦྱོང་གི་ཐབས་ཚུལ་རྨད་བྱུང་ཞིག་གཞན་སུ་དག་ལ་ཡོད་དམ།
སངས་རྒྱས་ཀྱིས་ཀྱང་རང་གིས་དཔྱོད་པ་གཙོ་བོར་གསུངས་པ་བཞིན་དགེ་བའི་བཤེས་གཉེན་རྣམ་པས་ཀྱང་དེ་རྩ་དོན་ལ་བཟུང་ཡོད། ལྷག་པར་དུ་རང་ཉིད་རིགས་ལམ་སྦྱངས་ནས་ཡོང་བ་ཞིག་གིས་རང་གི་ཉམས་མྱོང་གི་སློབ་པའི་རིམ་པའི་ཐབས་མཆོག་དེ་དག་ངོས་མ་ཟིན་པར་དེ་ཆེས་ཐབས་སྐྱོ་ཤོས་ཀྱི་ཁྲིད་ཐབས་ཤིག་གི་དཔེ་རུ་འཇོག་པ་འདི་ངོ་མ་ཡ་མཚར་རོ། ཤིན་ཏུ་མཚར་རོ།
གསེར་འབྲུག་སྡེར་ལྔ་
༢༠༡༣/༠༧/༡༩ ཉིན་འདོན་སྤེལ་བྱས།
མངོན་པར་བསྟོད་དོ། དེ་དེ་བཞིན་ནོ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།