“མཉམ་དུ་པར་རྒྱག་རྒྱུར་ཡང་འཛེམ་ཟོན་བྱེད་མཁན་ཡོང་གི་འདུག”

འདོན་སྤེལ། ༢༠༡༣/༠༧/༢༣

རིན་པོ་ལགས་ཀྱིས་འདས་པའི་ཟླ་ངོ་བཞི་ལྷག་རིང་ཡུ་རོབ་རྒྱལ་ཁབ་ཁག་ནང་རྐང་འཁོར་ལྕག་རྟ་སྐོར་སྐྱོད་ཀྱིས་བོད་དོན་ལས་འགུལ་སྤེལ་ཏེ་ད་ལྟ་མཇུག་བསྒྲིལ་གྲབས་ཡོད་པ་དང་། འདིའི་རྗེས་སུ་སླར་ཡང་ཉི་ཧོང་དང་ཐའེ་ཝན་ནང་སྐོར་སྐྱོད་དང་རྒྱ་གར་གནས་ཆེན་ཁག་ལ་གནས་མཇལ་གནང་རྒྱུ་རེད།

ཨ་རིར་གནས་སྡོད་བོད་མི་རིན་པོ་ལགས་ཀྱིས་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་ཡུ་རོབ་རྒྱལ་ཁབ་བྷེལ་ལྗམ་གྱི་རྒྱལ་ས་སྦར་སིལ་ནས་མགོ་འཛུགས་ཀྱིས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་མངོན་འདོད་དང་ཁ་ཆེམས་ཁྱེར་ཏེ་རྐང་འཁོར་ལྕག་རྟ་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་། ད་སྔ་ཧྥ་རན་སི་དང་སི་པེན། ཨི་ཊ་ལི། སུད་སི། ཨོ་སི་ཊོ་རི་ཡ། ཅེ་ཀི་སྤྱི་མཐུན་རྒྱལ་ཁབ། འཇར་མན། སུ་ཝེ་ཌན། ཌན་མཀ ནོར་ཝེ། དབྱིན་ཡུལ་བཅས་ཀྱི་དབུས་དང་ས་གནས་གྲོས་ཚོགས་འཐུས་མི་དང་མངའ་སྡེ་བློན་ཆེན། གྲོང་ཁྱེར་སྤྱི་ཁྱབ་པ་སོགས་མཐོ་རིམ་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་མཚན་རྟགས་བསྡུ་རུབ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་ངོ་སྤྲོད་བཅས་གནང་ཡོད་འདུག

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་རིན་པོ་ལགས་སུ་འབྲེལ་བ་བྱེད་སྐབས། ཁོང་ད་ལྟ་ནོར་ཝེ་རྒྱལ་ས་ཨོ་སི་ལོ་(Oslo) ལ་འབྱོར་ཡོད་དང་། མ་འོངས་པའི་བདུན་ཕྲག་གཅིག་ལྷག་ཙམ་ནང་ཧོ་ལན་ཌིར་སྐོར་སྐྱོད་ཀྱིས་ཡུ་རོབ་ནང་གི་སྐོར་སྐྱོད་མཇུག་སྒྲིལ་རྒྱུ་ཡིན་འདུགའདས་པའི་ཟླ་ངོ་ ༤ ལྷག་རིང་རྒྱལ་ཁབ་ ༡༢ ཙམ་བརྒྱུད་དེ་ཁྱོན་སྤྱི་ལེ་ ༥༠༠༠ ཙམ་ལ་སྐོར་སྐྱོད་གནང་ཡོད་པ་དང་ འདིའི་རྗེས་ཉི་ཧོང་དང་ཐའེ་ཝན་ནང་སྐོར་སྐྱོད་གྲུབ་རྗེས། ཕྱི་ཟླ་ ༩ མཇུག་ཏུ་རྒྱ་གར་གྱི་གནས་ཆེན་ཁག་ཏུ་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་གཞུང་ཁྱེར་ཏེ་གནས་སྐོར་གནང་རྒྱུ་ཡིན་འདུག

གསར་འགོད་པས་ཁོང་ལ་ད་སྔ་ཡུ་རོབ་གླིང་གི་གནད་ཡོད་མི་སྣ་ཅི་ཙམ་ལ་ཐུག་འཕྲད་བྱུང་ཡོད་མེད་དྲིས་པར་ད་སྔ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་མངའ་སྡེ་བློན་ཆེན། གྲོང་འཁྱེར་སྤྱི་ཁྱབ་སོགས་གནད་ཡོད་མི་སྣ་ ༡༡༦ ཙམ་ལ་ཐུག་འཕྲད་བྱེད་ཐུབ་ཡོད་པ་དང་། ཁོང་ཚོར་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་ངོ་སྤྲོད་ཞུས་པའི་བརྒྱུད་རིམ་ཁྲོད། ཧྥ་རན་སི་དང་སུད་སི་གཉིས་ཀྱི་མཐོ་རིམ་མི་སྣ་ཚོས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་མཐོང་ཚུལ་བྱུང་ཚུལ་བརྗོད་བྱུང་

ཡུ་རོབ་སྤྱི་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཡོད་མེད་མཐོང་ཚུལ་གང་འདྲ་བྱུང་ཡོད་མེད་དྲིས་པར། ཁོང་གིས། བརྒྱ་ཆ་བརྒྱ་བཤད་ཐུབ་ཀི་མ་རེད་མོད། སོ་སོའི་མཐོང་ཚོར་ཙམ་བཤད་ན། མང་པོ་ཞིག་ཐུག་འཕྲད་བྱ་རྒྱུར་ཡང་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་གཡོལ་ཐབས་བྱེད་ཀྱི་འདུག གལ་སྲིད་ཐུག་འཕྲད་བྱས་ཀྱང་མངོན་གསལ་དོད་པོ་མེད་པ་དང་། ཐ་ན་མཉམ་དུ་པར་རྒྱག་རྒྱུར་ཡང་འཛེམ་ཟོན་བྱེད་ཀྱིན་འདུག ང་འདྲ་བོ་ཡིན་ན་གཞུང་དང་ཚོགས་པ་སྒྲིག་འཛུགས་གང་ལའང་འབྲེལ་བ་མེད་པར་གང་ཟག་སྒེར་པ་ཞིག་གི་ལས་འགུལ་ཡིན་ཡང་རྒྱབ་སྐྱོར་བྱ་རྒྱུར་དོགས་པ་བྱེད་ཀྱིན་འདུག ཆེ་ས་ནས་བཤད་མ་དགོས་པ་རེད། ཁོང་ཚོར་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་། བོད་པ་ཞིག་ཡིན་ཟེར་པ་ཙམ་གྱིས་འབྲེལ་བ་བྱ་རྒྱུར་དོགས་པ་བྱེད་ཀྱི་འདུག ང་རང་ལ་མཚོན་ན་སྔོན་ཆད་ཕྱི་ལོགས་ནས་རྒྱབ་སྐྱོར་ཆེན་པོ་ཡོད་ངེས་ཡིན་པ་ཞིག་དྲན་བསྡད་ཡོད། འོན་ཀྱང་དངོས་སུ་མཐོང་ཡོང་དུས་དེ་འདྲ་ཞིག་རེད་མི་འདུག་ཨ་བསམ་པ་ཞིག་དང་། རྒྱུ་རྐྱེན་དང་དོགས་པ་རྣམ་རྟོག་མང་པོ་ཞིག་གི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་རྒྱུར་དཀའ་ངལ་འདུག་བསམ་པ་ཞིག་དྲན་སོངཞེས་བརྗོད་བྱུང་ ཁོང་གིས་མུ་མཐུད་ཁ་ཤས་ཀྱིས་ང་ཚོའི་སེམས་ནང་རྒྱབ་སྐྱོར་ཡོད་ཀྱང་། སྒང་ནས་སྡོད་མཁན་དབུས་དང་ས་གནས་མགོ་ཁྲིད་ཚོས་ཚོང་འབྲེལ་དང་ས་གནས་འཕེལ་རྒྱས་ཆེད་རྒྱ་ནག་ལ་བསྟུན་མཁས་བྱེད་ཀྱི་ཡོད་སྟབས། ཁྱེད་ཚོར་རྒྱབ་སྐྱོར་བྱས་ན་ང་ཚོའི་ཐོག་སྒང་ནས་གནོན་ཤུགས་བསླེབ་སྲིད་པ་དང་ཁེ་ཕན་ཤོར་འགྲོ་བའི་ཉེན་ཁ་ཡོད་པ་རེད་ཟེར་མཁན་འདུགཅེས་བརྗོད་བྱུང་

ད་རེབ་སྐོར་སྐྱོད་ལས་འགུལ་ལ་འདོད་པ་ཁེངས་ཡོད་མེད་དྲིས་པར། ཁོང་གིས། འདོད་པ་ཁེངས་སོང་ཟེར་པ་ཞིག་ང་ཚོའི་རང་དབང་དང་དགོས་འདུན་མ་འགྲུབ་བར་དུ་མེད་ཀྱང་། ཕར་སྒོ་རྡུང་ནས་འགྲོ་དུས་སྔོན་མ་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་ན་དྲན་སྐུལ་རེད་ལ། བོད་དོན་མི་ཤེས་མཁན་དང་རྒྱབ་སྐྱོར་མེད་མཁན་ཡིན་ནའང་གནས་ཚུལ་ཆ་ཚང་བཤད་པ་ཡིན་ན། མ་འོངས་པར་ཏན་ཏན་བསམ་བློ་གཏོང་གི་རེད་དྲན་ཡོདཅེས་བརྗོད་བྱུང་

ཡུ་རོབ་ནང་གི་བོད་མི་ཚོས་རོགས་འདེགས་གང་འདྲ་བྱུང་མིན་དྲིས་པར། ཁོང་གིས། སྤྱི་ཡོངས་ནས་ཁོང་ཚོའི་གནས་སྟངས་ལ་དཔག་པའི་གང་ཐུབ་གནང་སོང་བསམ་གྱི་ཡོད། ཡིན་ནའང་མ་མཐོང་མ་ཐོས་མདོག་མདོག་བྱེད་མཁན་ཡང་རེ་ཟུང་ཡོང་གི་འདུག ངའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ཡུ་རོབ་རང་གི་གནད་ཡོད་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐུག་རྒྱུ་དེ་ཡིན་སྟབས། ས་གནས་བོད་མི་ཚོས་དེའི་ཐད་རོགས་རམ་རེ་གནང་ཐུབ་པ་ཡིན་ན་ཧ་ཅང་ཕན་པོ་འདུགཅེས་བརྗོད་བྱུང་

ཡུ་རོབ་ནང་གི་སྐྱབས་བཅོལ་བོད་མིའི་གནས་སྟངས་སྐོར་ལ་མཐོང་ཚུལ་གང་འདྲ་བྱུང་ཡོད་མེད་དྲིས་པར། དེའི་ཕྱོགས་ནས་དགའ་སྐྱོ་གཉིས་ཀ་ཡོང་གི་འདུགང་ས་གནས་གང་ལ་བསླེབས་ཀྱང་དེ་གའི་བོད་མི་ཚོའི་གནས་སྟངས་ལ་ཞིབ་ཚགས་ཀྱིས་རྒྱུས་ལོན་བྱས་པ་ཡིན། ལས་ཀ་ཡག་པོ་དང་མཐུན་རྐྱེན་ཡག་པོ་ཡོད་མཁན། བོད་དོན་ཐོག་ནུས་པ་ཆེན་པོ་འདོན་གྱི་ཡོད་པ་མང་པོ་ཞིག་འདུག ཡང་འགའ་རེ་ལ་སྐྱབས་བཅོལ་མ་རག་སྟབས་སེམས་ཁྲལ་གྱིས་སེམས་ཁམས་བདེ་མིན་གྱི་གནས་ཚུལ་ཡང་རེ་ཟུང་མཐོང་རྒྱུ་འདུགཅེས་བརྗོད་བྱུང་

ཁོང་ལ་རྒྱལ་ཁབ་གཅིག་ནས་གཅིག་བརྒྱུད་ནས་འགྲོ་རྒྱུར་རྒྱལ་མཚམས་སུ་དཀའ་ངལ་ཡོད་མེད་དྲིས་པར། ཁོང་གིསརྒྱལ་མཚམས་བརྒྱུད་ནས་འགྲོ་རྒྱུར་དཀའ་ངལ་གང་ཡང་མི་འདུག སྐད་ཆ་འདྲི་མཁན་ཡང་ཉུང་ཉུང་རེད། མཚམས་རེར་ཧང་སང་གི་འདུག ཡུ་རོབ་ནང་རྒྱལ་མཚམས་བརྒལ་ནས་ཆབ་སྲིད་ལས་འགུལ་སྤེལ་ཡང་སྐད་ཆ་འདྲི་མཁན་ཙམ་ཡང་མི་འདུག བོད་ནང་ཨ་མདོ་ནས་ལྷ་སར་གནས་མཇལ་དུ་སྐྱོད་ཀྱང་ཡིག་ཆ་མང་པོ་ཞིག་བཟོ་དགོས་པ་རེད། དེ་འདྲ་མཐོང་སྐབས་སོ་སོར་ག་དུས་ཤིག་ལ་རང་དབང་འདི་འདྲ་ཞིག་རག་ན་བསམ་གྱི་འདུགཅེས་བརྗོད་བྱུང་

གསར་འགོད་པ། བནྡེ་སྐྱབས།

ཤོག་ངོས་འདི་ཐེངས་ ༢༥༩༣ ལ་བཀླགས་འདུག
རིག་པ་འདོན་པ།
སེར་སྨད་བློ་དགའ།
༢༠༡༣/༠༧/༢༡ ཉིན་འདོན་སྤེལ་བྱས།
སྐྱོ་འབོད་ཚིག་གི་འབྲུ་མ་དང་། །
རྒྱང་བསྐྱོད་གོམ་པ་རེ་རེ་ལའང་། །
གསེར་སྲང་སྟོང་གི་རིན་ཐང་ཅན། །
ཕོ་རྒོད་དེ་ལ་རིན་པོ་བསྙད། །
རྡོ འཇམ་ཚུལ།
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
ཤི་བོའི་རྗེས་ཀྱི་གསོན་པའི་གཏམ་རྒྱུད་ཀྱི།།
འོས་འགན་ཤེས་པའི་བློ་རྩེ་དགུང་དུ་འཕྱོ།།
དཔའ་བོའི་རྣམ་ཤེས་བདེ་བའི་མལ་འདིང་མཁན།།
ཞེན་པ་དཀར་བོ་ངུལ་ཆུའི་དཔང་དུ་བཞག།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༣/༠༧/༢༠ ཉིན་འདོན་སྤེལ་བྱས།
བོད་མིའི་བདེ་སྡུག་དཔའ་བོའི་ཞལ་ཆེམས་དག གླིང་འདིར་སྒྲོག་ལ་དམ་བཅས་ཁེར་རྐྱང་གིས།
རྒྱལ་ཁམས་སྐོར་བའི་རྐང་འཁོར་ཕོ་ཉ་བ། རིན་པོ་ཞེས་བྱ་ས་ཡི་བྱ་རྒོད་རྒྱལ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།