བསྐུ་མཉེ་དང་དུགས་ལུམས་སོཊ་འཇམ་དཔྱད་ལག་ལེན་བྱེད་རྒྱུ་ཡིན།

འདོན་སྤེལ། ༢༠༡༣/༠༧/༢༣

ངྷ་ས་བོད་ཀྱི་སྨན་རྩིས་ཁང་གིས་མེག་གྷན་དུ་དཔྱད་བཅོས་ཡན་ལག་ཁང་ཞིག་གསར་འཛུགས་ཀྱིས། ཟླ་དྲུག་རིང་སྦྱོང་བརྡར་ཐོབ་ཡོད་པའི་སློབ་ཕྲུག་འགས་བོད་ཀྱི་གསོ་བ་རིག་པའི་གཞུང་གི་འཇམ་དཔྱད་ལས་བསྐུ་མཉེ་དང་ལུམས། དུགསགསུམ་གྱི་བཅོས་ཐབས་ལག་ལེན་བསྟར་རྒྱུ་ཡིན་འདུག

ཁ་སང་ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༢༠ སྟེང་། ངྷ་ས་བོད་ཀྱི་སྨན་རྩིས་ཁང་གིས་མེག་གྷན་ཡན་ལག་སྨན་ཁང་གི་ཡང་སྟེང་དུ་བོད་ལུགས་གསོ་རིག་གི་དཔྱད་བཅོས་བསྟི་གནས་ཁང་ཞིག་གསར་དུ་སྒོ་འབྱེད་གནང་ཡོད་པ་དང་ སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་གཙོས་སྨན་རྩིས་ཁང་གི་དབུ་འཛིན་དང་དྲུང་ཆེ། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་ དཔྱད་བཅོས་ཁང་གི་དགེ་སློབ་བཅས་འཛོམས་སོང་

དབུ་འབྱེད་མཛད་སྒོའི་ཐོག་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་དཔྱད་བཅོས་བསྟི་གནས་ཁང་གི་ཐེངས་དང་པོའི་མཐར་ཕྱིན་སློབ་མ་ ལ་ཕྱག་འཁྱེར་དང་དཔྱད་བཅོས་དགེ་རྒན་ ལ་ཁ་བཏགས་སྒྲོན་འབུལ་བཅས་གནང་རྗེས། སྨན་རྩིས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པ་སྤྱིའི་འཕེལ་རིམ་ངོ་སྤྲོད་དང་འབྲེལ། དཔྱད་བཅོས་བསྟི་གནས་ཁང་གི་ངོ་བོ་དང་དགོས་དམིགས་ཡིག་ཐོག་ནས་སྒྲོགསྦྱང་གནང་དོན།  “ དུས་རབས་ཉེར་གཅིག་པའི་ནང་དུ་འགྲོ་བ་མིའི་ལུས་སེམས་གཉིས་ལས་ལ་བྲེལ་བ་ཆེ་བ་དང་ དེ་ལ་བརྟེན་ནས་ལུས་ངལ་ཞིང་སེམས་ལས་ཆེ་བ། དངངས་སྐྲག་དང་མྱ་ངན། སེམས་སྡུག་ཆེ་བ་སོགས་ཀྱིས་ལུས་སེམས་གཉིས་ངལ་གསོ་བྱ་རྒྱུའི་དུས་ཚོད་དཀོན་པའི་དུས་སྐབས་འདིར། བོད་ཀྱི་གསོ་བ་རིག་པའི་ལག་ལེན་ནང་ནད་ཀྱི་གདུང་བ་སེལ་བ་ཙམ་དུ་མ་ཟད། བདེ་ཐང་གནས་ཐབས་སུ་ནད་གཞི་སྔོན་འགོག་དང་ སེམས་ནད་གསོ་བའི་བཅོས་ཐབས་ཁྱད་པར་བ་གསུངས་པ་དེ་ཡང་མདོར་བསྡུས་ན་དཔལ་ལྡན་རྒྱུད་བཞིའི་ནང་དུ། ནད་གསོ་ཐབས་སུ་ཟས་སྤྱོད་སྨན་དཔྱད་བཞི་རུ་བསྡུས་ཏེ་གསུངས་ཡོད།

དེ་ལས་དཔྱད་ཀྱི་ནང་ཚན་འཇམ་དཔྱད་ལའང་ འགྲོ་བའི་ལུས་སེམས་ཀྱི་ངལ་བ་གསོ་ཞིང་ནད་རིགས་ཇི་སྙེད་ཀྱི་གཉེན་པོར་ཕན་རླབས་ཆེ་བའི་གསོ་ཐབས་ཀྱི་ལག་ལེན་དང་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་ཡིན། ཡིན་ནའང་དེང་སྐབས་ལག་ལེན་འདི་ཉིད་དཔེ་དེབ་ཀྱི་ནང་དུ་འཁོད་པ་ལས་དངོས་སུ་ཕྱག་རྒྱུན་མ་ཉམས་པར་གནང་མཁན་ཉུང་ཤས་ལས་མེད་པ་ནི་བློ་ཕམ་གྱི་གཞི་ཡིན། དེང་སྐབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཇམ་དཔྱད་ཀྱི་ཕན་ནུས་ལ་གཞིགས་ནས་དུགས་ལུམས་བྱུག་པའི་ལག་ལེན་གྱི་དམིགས་བསལ་ཁྱད་ནུས་དང་ ངོ་མཚར་ཆེ་བའི་ཕྱག་རྒྱུན་རྣམས་མི་ཉམས་རྒྱུན་འཛིན་གྱི་ལས་དོན་ལ་སྙིང་སྟོབས་དང་བློ་གྲོས་ཀྱི་ནུས་པ་བཏོན་ཏེ་འཛམ་གླིང་ནང་ལག་ལེན་ཁྱབ་སྤེལ་གྱི་གོམ་པ་མདུན་སྤོ་བྱ་རྒྱུ་གལ་འགངས་ཆེ། ཞེས་བརྗོད་སོང་  

མུ་མཐུད་དུ་བརྗོད་དོན།རང་ཉིད་སྨན་རྫས་ཉམས་ཞིབ་ཆེད་ལས་སྨན་པ་ཞིག་ཡིན་ཡང་ ༢༠༠༨ ལོར་རང་ཉིད་ཀྱིས་ལུགས་གཞན་གྱི་དཔྱད་ཀྱི་ལག་ལེན་དེ་དག་དངོས་སུ་མཐོང་ཆོས་མྱོང་གྲུབ་བྱ་རྒྱུའི་གོ་སྐབས་བྱུང་བ་དང་ བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་འཇམ་དཔྱད་ཀྱི་ལག་ལེན་དེ་དག་དངོས་སུ་སླར་གསོ་ཐུབ་ན་སྙམ་སྟེ། སྨན་རྩིས་འཛིན་སྐྱོང་དང་སྨན་རྩིས་རིག་གཞུང་ལྷན་ཚོགས་ལ་བཀའ་འཁྲོལ་ཞུས་བསྩལ་བྱུང་བ་ལྟར། ད་ཡོད་ནད་གསོ་ཁང་དུའཇམ་དཔྱད་ཁང་<ཞིག་ ༢༠༠༩ ལོར་ཟུར་འཛུགས་བྱས་ཡོད། དེ་ནས་རིམ་གྱིས་འཇམ་དཔྱད་ཁང་དུ་བསྐུ་མཉེ་དང་ལུམས། དུགས་བཅས་ཀྱི་ལག་ལེན་དངོས་སུ་འགོ་བཙུགས་བྱས་པ་དང་ ནད་པ་ཇི་སྙེད་ཅིག་ལ་ཕན་ཐོགས་ཆེན་པོ་བྱུང་བ་ནད་པའི་དགེངས་ཤོག་ནས་ར་སྤྲོད་བྱུང་ཡོད། ཅེས་བརྗོད་འདུག

དེ་རྗེས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུངས་དོན།དེ་རིང་འཇམ་དཔྱད་སྡེ་ཚན་ཞིག་གསར་འཛུགས་གནང་བ་དེ་གསར་གཏོད་ཀྱི་ལས་གཞི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྤྱིར་བཏང་སྨན་རྩིས་ཁང་ནང་འཇམ་དཔྱད་ཀྱི་སྡེ་ཚན་ཞིག་སྔོན་མ་ནས་ཡོད་པ་དེ། དྷ་ས་མེག་གྷན་ཡན་ལག་ཁང་ནང་གསར་འཛུགས་གནང་བ་དེ་གསར་གཏོད་ཀྱི་རྣམ་པ་ཞིག་ཡིན་ལ། མང་ཚོགས་ལ་གཏན་གཏན་ཐུགས་ཕན་གསོས་ཀྱི་རེད་བསམ་གྱི་འདུག ” ཅེས་དང་ ལོ་རྒྱུས་ཀྱི་དུས་ཡུན་རིང་ཐུང་གི་ཆ་ནས་བཤད་ན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དེ་བོད་ཀྱི་སྨན་རྩིས་ཁང་གི་ཕྲུ་གུ་ལྟ་བུ་ཆགས་ཡོད་སྐོར་སོགས་གསུངས་སོང་

བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་སུ་དཔྱད་བཅོས་བསྟི་གནས་ཁང་ལ་ཕྱི་ལུགས་དང་མི་འདྲ་བའི་ཁྱད་ཆོས་ཅི་ཡོད་བཅར་འདྲི་ཞུས་པར། དུས་རབས་ཉེར་གཅིག་པའི་ནང་དུ་ལས་ཀ་སོགས་ཀྱི་བྲེལ་བ་ཞེ་དྲག་ཡོད་དུས་རླུང་གི་ན་ཚ་ཤུགས་ཆེན་པོ་ཡོད་པ་རེད། རླུང་གི་ན་ཚ་བཅོས་ཐབས་ཟབ་ཤོས་དེ་དུགས་དང་ལུམས་ཟེར་བ་དེ་གཉིས་ཡིན་པ་དང་ དེའི་སྒང་ལ་བསྐུ་མཉེ་ཐུབ་པ་ཡིན་ན། ལུས་ངག་ཡིད་གསུམ་གྱི་བྱ་བ་བྱེད་པ་དང་ན་ཚ་མང་པོ་ཞིག་སྔོན་འགོག་དང་གསོ་བཅོས་བྱེད་ཐུབ།  ལྷག་པར་དུ་སེམས་ཀྱི་སྡུག་བསྔལ་དང་ཐང་ཆད་པ།  གཉིད་མི་ཁུག་པ་དང་དངངས་སྐྲག་སྐྱེས་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཕྱི་ལུགས་ཀྱི་འཇམ་དཔྱད་གཏོང་མཁན་མང་ཆེ་བ་ཞིག་གིས་དངུལ་ལ་བསམ་བློ་ཤུགས་ཆེན་པོ་བཏང་ནས་གཟུགས་པོར་རྫས་རིགས་བེད་སྤྱོད་གཏོང་བ་མ་གཏོགས་ན་ཚ་ལ་དམིགས་མཁན་ཞེ་དྲག་ཉུང་ཉུང་རེད་བསམ་གྱི་ཡོད། ང་ཚོའིསྨན་རྩིས་ཁང་གིས་དུགས་དང་ལུམས། བསྐུ་མཉེ་བཅས་ཇི་བཞིན་དུ་ལག་ལེན་བསྟར་ཐུབ་པ་ཡིན་ན། འབེན་ལ་མདའ་ཡིས་ཏག་ཏག་བརྒྱབ་ནས་ནུས་པ་འདོན་ཐུབ་པར་རེ་བ་ཤུགས་ཆེན་པོ་ཡོད།ཅེས་གསུངས་སོང་

དཔྱད་བཅོས་བསྟི་གནས་ཁང་དེར་གསལ་བསྒྲགས་བརྒྱུད་ཕོ་མོ་ ༨ ཙམ་བསྡུས་ཏེ། འདས་པའི་ཟླ་ ༦ རིང་གསོ་རིག་རྒྱུད་བཞི་ལས་འཇམ་དཔྱད་ཉམས་མྱོང་བསགས་ཏུ་བཅུག་ཡོད་པ་དང་ ནད་པ་ཚོར་སྨན་པས་བརྟག་དཔྱད་བྱས་པ་བརྒྱུད། དཔྱད་བཅོས་བསྟི་གནས་ཁང་གིས་དུགས་ལུམས་བྱུག་གསུམ་གྱི་བཅོས་ཐབས་ལ་བརྟེན་ནས་རྩ་གྲུབ་དང་གྲུམ་བུ། གཅོང་ནད། ཤ་དང་ལྤགས་པའི་ཚོར་བ་ཉམས་པ་སོགས་གསོ་བཅོས་བྱེད་འཆར་ཡོད་འདུག

ཤོག་ངོས་འདི་ཐེངས་ ༡༩༧༦ ལ་བཀླགས་འདུག
རིག་པ་འདོན་པ།
ཤག་སྒང་པ།
༢༠༡༣/༠༧/༢༥ ཉིན་འདོན་སྤེལ་བྱས།
སྨན་རྩིས་ཁང་ནས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ཉམས་གསོས་གནང་བར་བཀྲིས་བདེ་ལེགས་ཡོད་དོ།། ལུང་འདྲེན་པ་ཀརྨ་རྡོ་རྗེར་ལའང་བོད་ཀྱི་དུས་ཀྱི་ལུང་འདྲེན་མུ་མཐུད་གནང་པར་བསྔགས་པ་བརྗོད་དོ།། ཉིན་བདེའོ།།
ཀརྨ་རྡོ་རྗེ།
༢༠༡༣/༠༧/༢༤ ཉིན་འདོན་སྤེལ་བྱས།

བོད་ཀྱི་དུགས་ལུམས་བྱུག་གསུམ་འདི་ཐབས་མཁས་ཀྱིས་སྤེལ་ཐུབ་ན། བད་རླུང་འཁྲིས་གསུམ་གྱི་སྨན་གྱི་རིལ་བུ་ལས་འདི་གསུམ། འགྲོ་སོང་ཆུང་ལ་བྲིན་རྒྱུག་ཆེ་བ་འོངས་བཟོ་འདུག་གོ །

ཀརྨ་རྡོ་རྗེ།
༢༠༡༣/༠༧/༢༣ ཉིན་འདོན་སྤེལ་བྱས།
ཕོ་མོ་ ༨ ཙམ་བསྡུས་ཏེ། འདས་པའི་ཟླ་ ༦ རིང་གསོ་རིག་རྒྱུད་བཞི་ལས་འཇམ་དཔྱད་ཉམས་མྱོང་བསགས་ཏུ་བཅུག་ཡོད་པ་དང་། ནད་པ་ཚོར་སྨན་པས་བརྟག་དཔྱད་བྱས་པ་བརྒྱུད། དཔྱད་བཅོས་བསྟི་གནས་ཁང་གིས་དུགས་ལུམས་བྱུག་གསུམ་གྱི་བཅོས་ཐབས་ལ་བརྟེན་ནས་རྩ་གྲུབ་དང་གྲུམ་བུ། གཅོང་ནད། ཤ་དང་ལྤགས་པའི་ཚོར་བ་ཉམས་པ་སོགས་གསོ་བཅོས་བྱེད་འཆར་ཡོད་འདུག ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།