གཞས་མ་བསྟན་འཛིན་ཀུན་གསལ་གྱིས་འདི་ལྟར་རྗོད་ཀྱི་འདུག

འདོན་སྤེལ། ༢༠༡༣/༠༧/༢༤

བོད་རིགས་གཞོན་སྐྱེས་གཞས་མ་བསྟན་འཛིན་ཀུན་གསལ་ལགས་ད་ལོའི་དབྱར་ཀའི་གུང་གསེང་སྐབས་ངྷ་རམ་ལར་ཕེབས་ཏེ་བོད་མིའི་སྒྲིག་འཛུཊ་བདེ་ལེཊ་སྨན་ཁང་དུ་དང་བླངས་ལས་ཀ་བྱེད་ཀྱིན་པའི་དུས་དང་བསྟུན་ཏེ། འདི་གའི་གསར་ཁང་གི་སྒྲ་འཇུག་ཁང་དུ་ཕེབས་ཏེ་གསར་འགོད་པས་བཅར་འདྲི་ཞུས་ཡོད།   

དྲི་བ། ཐོག་མར་ཁྱེད་ཀྱིས་ད་བར་སློབ་སྦྱོང་ག་རེ་གནང་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།   

ལན།  ངའི་མིང་ལ་བསྟན་འཛིན་ཀུན་གསལ་ཟེར་གྱི་ཡོད། ༡༩༩༤ ལོར་རྒྱ་གར་ལྷོ་ཕྱོཊ་སྦེལ་ཀོལ་བོད་མིའི་གཞིས་ཆགས་སུ་སྐྱེས་པ་རེད། འཛིན་རིམ་གསུམ་པའི་བར་སྦེལ་ཀོབ་བོད་ཁྱིམ་དང་། དེ་ནས་ལོ་ ༥ ཐོག་ཨ་མ་ཨ་རིར་ཕྱིན་རྗེས་སྤོ་བོ་དང་རྨོ་མོ། ཨ་སྲི་བཅས་ཀྱི་གམ་དུ་བསྡད་དེ་ཁེ་ལཱ་ཞི་པུར་ (Kailash Puri) ཞེས་པའི་སློབ་གྲྭར་ཕྱིན་པ་ཡིན། ལོ་ ༩ ཐོག་ཨ་རིར་ཕྱིན་ཏེ་ནེའུ་ཡོག་གྲོང་ཁྱེར་དུ་སློབ་གྲྭར་ཕྱིན་པ་ཡིན། སློབ་སྦྱོང་གི་མཉམ་དུ་དབྱིན་ཇི་དང་ཧྥ་རན་སི། ཨི་ཊ་ལི། འཇར་མན་བཅས་ཀྱི་གཞས་གཏོང་སྟངས་ཐོག་སློབ་སྦྱོང་བྱས་པ་ཡིན། ཕྱིས་སུ་ཨ་རིའི་མཐོ་སློབ་ (Umass Amherst college)ནང་འཛུལ་ཞུགས་ཀྱིས་ད་ལྟ་ལོ་རིམ་གཉིས་པ་འགྲོ་བཞིན་པ་ཡིན། ད་ལོའི་དབྱར་ཁའི་གུང་གསེང་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུཊ་བདེ་ལེཊ་སྨན་ཁང་དུ་ཟླ་གཉིས་རིང་དང་བླངས་ལས་ཀ་བྱེད་ཀྱིན་ཡོད། ཕྱི་དྲོར་དགེ་བཤེས་བློ་བཟང་ཟླ་བའི་གམ་དུ་ནང་ཆོས་སློབ་སྦྱོང་དང་། གཟའ་སྤེན་པ་དང་ཉི་མར་རྒན་ན་གཱ་སངས་རྒྱས་བསྟན་དར་གྱི་གམ་དུ་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད།

དྲི་བ། ཁྱེད་རང་གིས་བཏང་བའི་གཞས་མང་པོ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ནང་དགའ་མོས་བྱེད་ཀྱིན་འདུག དང་ཐོག་ཁྱེད་རང་གཞས་ལ་དབྱིངས་ཇི་ལྟར་ཞུགས་པ་རེད་དམ།   

ལན།  གཅིག་བྱས་ན་ངའི་ཚེ་སྔོན་མའི་ལས་ཡིན་རྒྱུ་རེད། ང་ཆུང་དུས་ནས་གཞས་གཏོང་རྒྱུ་གཅིག་པུ་མིན་པར་གཞས་སྣ་འཁྲབ་སྟོན་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། ལྷག་པར་དུ་ང་སྦེལ་ཀོབ་བུ་གསོ་ཁང་ཏུ་འགྲོ་བཞིན་པའི་སྐབས་ནས་གཞས་ལ་དགའ་བོ་ཡོད། ཡིན་ནའང་། སྐབས་དེར་ང་གཅིག་པུས་གཞས་བཏང་མྱོང་མེད། སློབ་གྲྭའི་སློབ་མ་ཚོ་དང་མཉམ་དུ་གཞས་སྣ་འཁྲབ་སྟོན་བྱས་པ་རེད། ཕྱིས་སུ་ང་ཨ་རིར་བསླེབས་སྐབས་རྒན་དབང་རྒྱལ་ལཊ་མཐོང་སྐབས། ཁོང་གིས་ང་ལ་བོད་སྐད་ཡག་པོ་བཤད་ཤེས་ཀྱི་ཡོད་པ་དང་། ང་སྔོན་མ་ཁེ་ལཱ་ཞི་པུར་སློབ་གྲྭར་གཞས་འཁྲབ་མཁན་ཡིན་པ་ཧ་གོ་སྟེ་ང་ཆོལ་གསུམ་ཟློས་གར་གྱི་འགྲན་བསྡུར་ནང་ཞུགས་ན་ཡག་པོ་ཡོད་རེད་གསུངས་བྱུང་། སྐབས་དེར་ང་འགྲན་བསྡུར་ནང་ཞུགས་ཏེ་'མིག་ཆུ་རང་དབང་མེད་པར་ཤོར་སོང' ཞེས་པའི་གཞས་དེ་བཏང་བ་ཡིན། གཞས་དེར་མི་མང་གིས་དགའ་བོ་ཞེ་དྲག་གནང་སོང་། དུས་དེ་ནས་བཟུང་ང་རང་གཅིག་པུའི་གཞས་བཏང་བ་མ་ཟད། ཨ་རིའི་གཟའ་ཉི་མའི་སློབ་གྲྭའི་ནང་གཞས་སྣ་འཁྲབ་སྟོན་བྱས་པ་ཡིན།

དྲི་བ།  ཁྱེད་བོད་པའི་སྲོལ་རྒྱུན་གྱི་གླུ་གཞས་ལ་དགའ་བོ་ཡོད་དམ་དེང་རབས་གླུ་གཞས་ལ་དགའ་བོ་ཡོད།  

ལན།  གཞས་ཉན་རྒྱུའི་ཕྱོགས་ནས་བཤད་ཤེས་མ་སོང་། ཡིན་ནའང་གཞས་སྣ་འཁྲབ་སྟོན་གྱི་ཐད་ནས་དགའ་ཤོས་ནང་མ་སྟོད་གཞས་ཡིན དེ་ནས་ཁམས་གཞས་ལ་དགའ་བོ་ཡོད། དེ་ང་རང་ཁམས་པ་ཡིན་པའི་དབང་གིས་ཡིན་རྒྱུ་རེད། དེའི་ཐད་ ༢༠༡༡ ལོར་ངས་ནང་མ་སྟོད་གཞས་ཀྱི་འོད་སྡེར་ཞིག་བཏོན་ཡོད། དེ་ནས་བོད་ནང་གི་གླུ་གཞས་དེ་ཚོར་དགའ་བོ་ཡོད། ཁོ་ཚོའི་གཞས་ཚིག་ཧ་ཅང་སྙན་པོ་འདུག བོད་མིར་རང་དབང་མེད་པ་དང་༧གོང་ས་མཆོག་ལ་བསྟོད་པ་དེ་འདྲ་རེད། ང་ཚོས་གཞས་སྙན་པོ་ཡིན་པ་ཁོ་ན་མ་རེད། དེའི་རྒྱབ་ལོགས་སུ་ལོ་རྒྱུས་མང་པོ་ཞིག་ཡོད་པ་དེ་དག་ཉར་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། 

དྲི་བ། ཁྱེད་ཀྱི་གོང་དུ་ང་བོད་ནང་གི་གཞས་ལ་དགའ་བོ་ཡོད་གསུངས་སོང་། བོད་ནང་གི་གཞས་པ་གཞས་མ་གང་དག་ལ་དགའ་བོ་ཡོད་དམ།  

ལན། སྤྱིར་བཏང་བོད་ནང་དུ་གཞས་སྙན་པོ་གཏོང་མཁན་མང་པོ་འདུག ནག་ཆུ་སོག་རྫོང་གི་གླུ་མ་བསོད་ནམས་དབང་མོ་དང་། དེང་སང་བོད་ནང་སྐད་གྲགས་ཡོད་པའི་ཁམས་བྲག་མགོའི་གཞས་མ་ཚེ་དབང་ལྷ་མོ་གཉིས་ཀྱི་གཞས་ལ་དགའ་བོ་ཡོད། ཚེ་དབང་ལྷ་མོའི་སྐད་སྙན་པོ་ཡོད་པ་མ་ཟད། ཁོ་མོ་མི་ཉམ་ཆུང་ཆུང་ཞིག་ཀྱང་རེད། སྔོན་མ་ཨ་རིར་ཐེངས་གཅིག་ཐུག་རྒྱུ་བྱུང་སོང་། ངས་མོ་རང་གི་གཞས་མང་པོ་གཏོང་གི་ཡོད། དེ་ནས་ཤེར་བསྟན་གྱི་གླུ་གཞས་ལ་དགའ་བོ་ཡོད། ཁོ་རང་གིས་བཏང་བའི་མཐུན་སྒྲིལ་གྱི་རང་སྒྲ་ཟེར་བ་དེའི་གཞས་ཚིག་ཧ་ཅང་ཡག་པོ་འདུག

དྲི་བ། ཁྱེད་རང་ལ་མཚོན་ན་ལོ་དགུ་ནས་བཟུང་ཨ་རིའི་སྤྱི་ཚོགས་ནང་བསྡད་པ་རེད། ཨ་རིའི་སྤྱི་ཚོགས་ནང་ཁྱེད་རང་ཆེས་དགའ་ཤོས་ཀྱི་ཕྱོགས་དེ་གང་ཡིན་ནམ།  

ལན། ཨ་རིར་མཚོན་ན་ཕྱོགས་ཡར་མར་ནས་ཡོང་བའི་མི་མང་པོ་འདུག ང་ཚོ་རྒྱ་གར་གཅིག་པུའི་ནང་བསྡད་པ་ཡིན་ན་རྒྱ་གར་བ་དང་། མཚམས་ལན་རེར་ཡུལ་སྐོར་སྤྲོ་འཆམ་པ་རེ་གཉིས་ཡོང་གི་རེད། ཁོང་ཚོ་ང་ཚོའི་མཉམ་དུ་རྒྱུན་རིང་པོ་སྡོད་ཀྱི་མེད་སྟབས། དབྱིན་ཇིའི་ལབ་སྲོལ་ལྟར་ (Think outside Box) སྒམ་ཆུང་ཕྱི་ལོགས་མཐོང་མཁན་མི་རེ་གཉིས་ལས་ཡོད་པ་མ་རེད། ཨ་རིར་མཚོན་ན་གནས་སྟངས་དེའི་ཐད་ཡག་པོ་འདུག མི་རིགས་དང་ཆོས་ལུགས། རྒྱལ་ཁབ་འདྲ་མིན་གྱི་མིའི་བར་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡག་པོ་འདུག ཆ་རྐྱེན་དེ་དག་ལ་ང་རང་ཧ་ཅང་དགའ་བོ་ཡོད། 

དྲི་བ། ཁྱེད་རང་ཨ་རིའི་སྤྱི་ཚོགས་ནང་སྡོད་མཁན་ཞིག་ཡིན་པའི་ཆ་ནས། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཆ་ཆེ་ཤོས་གང་དག་མཐོང་སོང་  

ལན། ཨ་རིར་མཚོན་ན་སྡུག་ཕྱོགས་ཀྱང་མང་པོ་ཡོད་པ་རེད། རྒྱུ་ལ་དགའ་མཁན་མང་པོ་ཡོད་པ་རེད། ཆོས་ཡོད་ཀྱང་ང་ཞེས་པའི་ཕྱོགས་དེ་ཧ་ཅང་ཤུགས་ཆེན་པོ་རེད། བོད་པར་མཚོན་ན་བོད་པས་བོད་པ་རང་གི་རྐང་པ་ནས་མར་འཐེན་ཐབས་བྱེད་པ་དེ་དངོས་གནས་ཡག་པོ་མི་འདུག ང་རང་གི་གྲོགས་མོ་ཚོས་ཀྱང་དེའི་སྐོར་བཤད་ཡོང་གི་འདུག དེང་སང་བརྒྱུད་ལམ་ཡག་པོ་ཡོད་སྟབས། གནས་ཚུལ་ཡག་སྡུག་གང་ཡིན་ཡང་ལམ་སང་གོ་ཡོང་གི་རེད། ང་ཚོས་ནམ་རྒྱུན་ང་ཚོ་བོད་པ་ཡིན། མི་ཡག་པོ་ཡོད། ནང་ཆོས་ལ་དད་པ་བྱེད་མཁན་ཡིན། སེམས་པ་བཟང་པོ་ཡོད་ཟེར་གྱི་ཡོད་པ་རེད། ཡིན་ནའང་བོད་པ་ནང་ཁུལ་དུ་རྐང་པས་མར་འཐེན་ཐབས་བྱེད་ཀྱི་ཡོད་པ་དེ་ཡག་པོ་མི་འདུག ངས་དབྱིན་ཇིའི་གྲོགས་པོ་ཚོར་བོད་པའི་སྤྱི་ཚོགས་ནང་མིའི་རྐང་པ་འཐེན་མཁན་མང་པོ་ཡོད་ཚུལ་བཤད་སྐབས། ཁོ་ཚོ་ཧང་སང་མདོག་གིས་བོད་པ་ཚོ་ཡ་རབས་བཟང་སྤྱོད་ཞེ་དྲག་ཡོད་པ་མ་རེད་དམ་ལབ་ཀྱི་འདུག

དྲི་བ། ཁྱེད་རང་ཨ་རི་ནས་བོད་པའི་འདུ་འཛོམས་དང་ཆབ་སྲིད་ལས་འགུལ་དེ་འདྲའི་ནང་ཞུགས་ཀྱི་ཡོད་དམ།

ལན། སྔོན་མ་ངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ལས་ཀ་ཏོག་ཙམ་བྱས་པ་ཡིན། མཐོ་སློབ་ནས་བོད་པའི་ལས་འགུལ་ནང་འགྲོ་རྒྱུ་དཀའ་ལས་ཁག་པོ་ཆགས་སོང་། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ང་ནེའུ་ཡོག་ཏུ་ཡོང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་བྱས་པ་ཡིན། ང་དང་མཉམ་པའི་གཞོན་སྐྱེས་ཚོར་སློབ་སྦྱོང་གི་སྐོར་ལ་སྐད་ཆ་ཏོག་ཙམ་བཤད་པ་ཡིན། ང་རང་གི་ངོས་ནས་གཙོ་བོ་སློབ་སྦྱོང་གལ་ཆེན་དུ་འཛིན་གྱི་ཡོད། ངས་ཉིན་དེར་གཞོན་སྐྱེས་ཚོར་ནམ་རྒྱུན་སྐད་འབོད་ནང་ཞུགས་མ་ཐུབ་ཀྱང་། སོ་སོའི་སློབ་སྦྱོང་ལ་ཧུར་བརྩོན་བྱས་པ་དེ་སྐད་འབོད་དུ་ཕྱིན་པ་དང་གཅིག་པ་རེད་ལབ་ཡིན།

དྲི་བ། མ་འོངས་པར་ཁྱེད་རང་ལ་འཆར་གཞི་དང་ལས་ཀ་གང་འདྲ་བྱེད་འདོད་ཡོད་དམ།

ལན། ང་རང་ལ་རེ་བ་ཆེན་པོ་གང་ཡང་མེད། ང་རང་གིས་བོད་པའི་སྤྱི་ཚོགས་ནང་གཞན་ལ་རོགས་རམ་གྱི་ལས་ཀ་ཞིག་བྱེད་ཐུབ་ན་བསམ་པའི་རེ་བ་བཟུང་ཡོད། མ་འོངས་པར་ཨེམ་ཆི་བྱ་རྒྱུའི་འཆར་གཞི་ཡོད། མི་རིགས་དང་རིག་གཞུང་ཐོག་ལས་ཀ་ཆེན་པོ་བྱེད་མ་ཐུབ་ཀྱང་། ཨེམ་ཆི་ལས་ཀ་དེ་ཡང་གཞན་ལ་རོགས་རམ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོ་ལུང་པ་མེད་པར་བོད་མི་མང་པོ་ཞིག་གང་སར་བཀྲམས་ཡོད་པ་རེད། ཡིན་ནའང་། ངྷ་རམ་ས་ལར་ང་ཚོའི་སྒྲིག་འཛུགས་ཡོད་པ་རེད། ང་རང་གི་ངོས་ནས་སྒྲིག་འཛུགས་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག  སྒྲིག་འཛུགས་ཤིག་ཡོད་པ་འདིས་བོད་མི་ཚོ་རུབ་རུབ་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། འདི་འདྲ་ཞིག་མེད་ན་སོ་སོའི་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་ཟེར་བ་དེ་དཀའ་ལས་ཁག་པོ་ཆགས་པ་རེད།  

དྲི་བ། ཁྱེད་རང་གི་ངོས་ནས་རང་ཉིད་ཀྱི་མ་འོངས་པའི་བཟའ་ཟླ་མི་རིགས་གང་འདྲ་ཞིག་འཚོལ་འཆར་ཡོད།

ལན། ད་ལྟའི་ཆར་ང་ལ་བཟའ་ཚང་སྒྲིག་རྒྱུ་དང་ཕྲུ་གུ་གསོ་རྒྱུའི་ཐོག་ལ་འཆར་གཞི་གང་ཡང་མེད། ཡིན་ནའང་། རྗེས་མ་གང་འདྲ་ཆགས་མིན་བཤད་ཚོད་ཐུག་མ་སོང་། ད་དུང་ལོ་མང་པོ་ཞིག་ལ་སློབ་སྦྱོང་བྱེད་དགོས་བསམ་བསྡད་ཡོད། བོད་པར་ཆང་ས་བརྒྱབ་ན་ཡག་པོ་འདུག ཕྲུ་གུ་བོད་པ་སྐྱེ་རྒྱུ་རེད། དེ་འདྲ་ལབ་རྒྱུ་མང་པོ་ཡོད་པ་རེད། ངའི་སྤོ་བོ་དང་རྨོ་མོ་ཚང་མས་རྗེས་མ་ཆང་ས་རྒྱག་སྐབས་བོད་པར་རྒྱག་དགོས་པ་རེད་ལབ་ཡོང་གི་འདུག  དེ་ལ་ང་རང་ཡིད་ཆེས་མེད། ང་རང་གི་མི་ཚེ་སྐྱེལ་རོགས་དེ་ང་རང་ཉིད་ཀྱིས་ཐག་གཅོད་བྱས་ན་ཡག་གི་རེད་ལབ་ཡིན། བོད་པའི་ནང་ཡག་པོ་ཡོད་པ་རེད་ལ། སྡུག་པོ་ཡང་ཡོད་པ་རེད། བོད་པའི་བཟའ་ཚང་ཁྲོད་ཁྱོ་གས་སྐྱེས་དམན་ལ་རྡུང་མཁན་མང་པོ་ཡོད་པ་རེད། གཅིག་བྱས་ན་དེ་བོད་པའི་སྲོལ་རྒྱུན་དང་རིག་གཞུང་ཡིན་རྒྱུ་རེད། བོད་པའི་བྱེད་སྟངས་དེ་སྡུག་ཅག་རེད། བོད་པའི་རིག་གཞུང་ལ་བསམ་བློ་གཏོང་གི་ཡོད་ན། བོད་པའི་རིག་གཞུང་ཤེས་མཁན་ཞིག་ཡིན་དགོས་པ་རེད་མ་གཏོགས་བོད་པ་ཡིན་པ་ཙམ་གྱིས་ཡོང་གི་མ་རེད།

དྲི་བ། ཨ་རིའི་སྤྱི་ཚོགས་ནང་དུ་བྱིས་པ་ཚོར་ཐོབ་ཐང་ཆེན་པོ་ཡོད་པ་རེད། ཕ་མ་དང་དགེ་རྒན་གྱིས་ཉེས་རྡུང་གཏོང་ཆོག་གི་མ་རེད། ཁྱེད་རང་གིས་འགྲོ་སྟངས་དེ་དག་ཡག་པོ་ཞིག་ཏུ་མཐོང་གི་ཡོད་དམ། 

ལན། སྤྱིར་བཏང་ཨ་རི་ཡིན་ན་མིའི་ཐོབ་ཐང་དང་རང་དབང་གལ་ཆེན་པོར་གཙིི་གི་རེད། ཁྱིམ་ཚང་ཞིག་ཡིན་ན་དེའི་ནང་དུ་གནས་ཚུལ་སྣ་ཚོགས་ཡོང་གི་ཡོད་པ་རེད། ང་ལོ་ ༡༣ ཡས་མས་ཡིན་དུས་ཨ་མ་ངེད་གཉིས་ཁ་རྩོད་མང་པོ་ཤོར་གྱི་ཡོད། སྐབས་དེ་དུས་ང་རང་གིས་རང་ཉིད་ཀྱི་མི་ཚེ་ཡག་པོ་ཡོད་དྲན་བསྡད་ཡོད་ས་རེད། ད་ལྟ་བསམ་བློ་གཏོང་སྐབས་ང་རང་ལ་ནོར་ཁྲལ་ཆེན་པོ་ཤོར་འདུག ང་རང་ལ་མཚོན་ན་ཨ་མ་ལས་མེད། ནུབ་ཕྱོགས་སྤྱི་ཚོགས་ནང་ཕྲུ་གུས་ཕ་མ་ཁྲིམས་ཁང་དུ་བསྐྱལ་བ་དེ་འདྲ་བྱུང་ཡོད་ཀྱང་། ང་རང་གི་ངོས་ནས་ཨ་མ་དང་ཁ་རྩོད་ཤོར་བ་ཙམ་ལས་གནས་ཚུལ་དེ་འདྲ་བྱུང་མྱོང་མེད། ཕྲུ་གུ་ཚང་མ་གཅིག་པ་མ་རེད། ཕྲུ་གུ་མི་འདྲ་བ་ཡོད་སྟབས། བྱིས་པའི་དུས་སྐབས་སུ་གཅར་རྡུང་བྱེད་ཀྱིན་པ་དེ་ཡག་པོ་མི་འདུག་བསམ་སོང་

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༤༨༡༦ ལ་བཀླགས་འདུག
རིག་པ་འདོན་པ།
བོད་དགའ།
༢༠༡༣/༠༧/༢༥ ཉིན་འདོན་སྤེལ་བྱས།
བསྟན་འཛིན་ཀུན་གསལ་གྱིས། “ང་རང་ལ་མཚོན་ན་ཨ་མ་ལས་མེད། ནུབ་ཕྱོགས་སྤྱི་ཚོགས་ནང་ཕྲུ་གུས་ཕ་མ་ཁྲིམས་ཁང་དུ་བསྐྱལ་བ་དེ་འདྲ་བྱུང་ཡོད་ཀྱང་། ང་རང་གི་ངོས་ནས་ཨ་མ་དང་ཁ་རྩོད་ཤོར་བ་ཙམ་ལས་གནས་ཚུལ་དེ་འདྲ་བྱུང་མྱོང་མེད།” ཟེར།

འཇང་གཡུ་ལྷས། “མོ་རང་སྐྱེ་སྐར་ཉིན་དགའ་རོག་མི་རིགས་ནག་པོ་དེ་ལ་ཁ་སྐྱེས་ནས་ཨ་མས་འགྲམ་ལྩག་ཆུང་ཆུང་གཅིག་གིས་ཨ་(མ་)བཙོན་ཁང་ནང་སྐྱེལ་ལ་ཡོངས་གྲོགས་རེད།” ཟེར།

ད་འོ་ན་སུ་ཞིག་བདེན་པ་ཡིན་ནམ། གལ་སྲིད་མོས་ཨ་མ་བཙོན་དུ་བསྐྱལ་བ་ཡོངས་གྲགས་ཡིན་ན་གོང་དུ་མོས་རྫུན་བཤད་པ་ཡིན་ནམ། ངས་གཞས་མ་བསྟན་འཛིན་ཀུན་གསལ་གྱི་བྱིས་དུས་ཀྱི་གླུ་གཞས་ལ་བསྟོད་བསྔགས་ཚད་མེད་ཡོད། ད་ལྟའི་ཆར་གླེང་རྒྱུ་གཏམ་རྒྱུ་མང་ཀི།
ཀརྨ་རྡོ་རྗེ།
༢༠༡༣/༠༧/༢༥ ཉིན་འདོན་སྤེལ་བྱས།
བོད་པའི་ནང་ཡག་པོ་ཡོད་པ་རེད་ལ། སྡུག་པོ་ཡང་ཡོད་པ་རེད། བོད་པའི་བཟའ་ཚང་ཁྲོད་ཁྱོ་གས་སྐྱེས་དམན་ལ་རྡུང་མཁན་མང་པོ་ཡོད་པ་རེད། གཅིག་བྱས་ན་དེ་བོད་པའི་སྲོལ་རྒྱུན་དང་རིག་གཞུང་ཡིན་རྒྱུ་རེད། བོད་པའི་བྱེད་སྟངས་དེ་སྡུག་ཅག་རེད། བོད་པའི་རིག་གཞུང་ལ་བསམ་བློ་གཏོང་གི་ཡོད་ན། བོད་པའི་རིག་གཞུང་ཤེས་མཁན་ཞིག་ཡིན་དགོས་པ་རེད་མ་གཏོགས་བོད་པ་ཡིན་པ་ཙམ་གྱིས་ཡོང་གི་མ་རེད། ་ཟེར།
སེམས་ཚོར།
༢༠༡༣/༠༧/༢༥ ཉིན་འདོན་སྤེལ་བྱས།

༑ན་གཞོན་རྒྱལ་ཁབ་ཀྱི་ལར་ཞེན་ཅན་ཆེད་དུ་ཐག་རིང་ཨརཱི་ནས་རྒྱ་གར་དུ་རང་རེའི་སྤྱི་ཚོགས་ནང་དང་བླངས་ཞབས་ཞུར་ཕེབས་པ་དང་། རང་ཆོས་དང་རང་སྐད་སློབ་འཁྲིད་འཕར་མ་ཞུ་བ་ཤིན་ཏུ་ལེགས། བསྔགས་བརྗོད་ཀྱི་མེ་ཏོག་དང་མཇལ་དར་འབུལ་བ་ཡིན།

གཞན་གྱི་སྐྱོན་འབའ་ཞིག་ལ་ལྟ་བཞིན་སྡོད་མཁན་ནི་ང་ཚོའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་ལའང་ཡོད་པ་ཐ་མལ་པའི་རང་གཤིས་སུ་ཟད། བོད་ཀྱི་ན་གཞོན་ཁྱེད་ཀྱིས་དེའི་ཐོག་དོ་སྣང་བྱེད་པ་དང་སེམས་ཤུགས་དང་འདུན་པ་ཉམས་པ་བྱེད་དགོས་མེད། ངན་རྗོད་བྱེད་མཁན་ཁོ་ཚོའི་ལས་ཀ་དེ་ག་རང་རེད།

གཞས་མ་ཁྱེད་ཀྱིས་ཨརཱིར་༧གོང་ས་མཆོག་གི་༧སྐུ་མདུན་དུ་ནང་མ་གནའ་གླུ་བཏང་བ་དང་། ཨརཱིར་བླ་སྤྲུལ་དང་ནུབ་གླིང་མཁས་པ་ཆེ་ཁག་ཚོགས་ཆེན་དུའང་ཁྱེད་ཆེད་དུ་གདན་ཞུས་དང་། ཁྱེད་ཀྱིས་གླུ་གཞས་གཟི་བརྗིད་ལྡན་པ་བཏང་བ་དེ་སྐབས་ཀུན་གྱིས་ཡིད་འཕྲོག་བྱུང་བ་བོད་རིགས་དང་ནུབ་གླིང་མཁས་པ་གྲགས་ཅན་དེ་ཚོས་དེང་ཡང་བསྔགས་པ་གླེང་གིན་འདུག །

ཁྱེད་ཀྱི་སློབ་གཉེར་མཐར་འཁྱོལ་ཡོང་བ་དང་། མ་འོངས་བོད་ཀྱི་མི་སྣ་མཛད་བྱས་ཅན་ཆེན་པོ་ཞིག་ཡོང་བའི་རེ་བ་ཞུའོ།། །།
འཇང་གཡུ་ལྷ་ཐོགས་འགྱུར
༢༠༡༣/༠༧/༢༥ ཉིན་འདོན་སྤེལ་བྱས།
བོད་ཀྱི་གཞས་མ་བསྟན་འཛིན་ཀུན་གསལ་ལགས་ཀྱིས་གཞས་བཏང་སྟངས་ལ་ཞུ་ཡ་གང་ཡང་མེད་ འོན་ཀྱང་ཁོང་དང་ཁོང་གི་ཨ་མ་གཉིས་ལ་བོད་པའི་སྤྱོད་བཟང་གི་དྲི་ཙམ་མི་འདུག་བསམ་གི་གང་ཡིན་ཟེར་ན་མོ་རང་སྐྱེ་སྐར་ཉིན་དགའ་རོག་མི་རིགས་ནག་པོ་དེ་ལ་ཁ་སྐྱེས་ནས་ཨ་མས་འགྲམ་ལྩག་ཆུང་ཆུང་གཅིག་གིས་ཨ་བཙོན་ཁང་ནང་སྐྱེལ་ལ་ཡོངས་གྲོགས་རེད། ཨ་མ་ཁོ་རང་གིས་བཟའ་ཟླ་སུ་པན་ནིས་ཤི་སྤོ་བོ་གཞི་དང་མི་ཚོགས་ཚང་མའི་དཀྱིལ་དུ་རྐོ་ལ་འཁྱུད་ཁ་བསྐྱལ་བ་དོ་སྣང་ཙམ་ཡང་མི་འདུག
ས་དཀར་རྡོ་རྗེ་
༢༠༡༣/༠༧/༢༤ ཉིན་འདོན་སྤེལ་བྱས།
༼བོད་པའི་བཟའ་ཚང་ཁྲོད་ཁྱོ་གས་སྐྱེས་དམན་ལ་རྡུང་མཁན་མང་པོ་ཡོད་པ་རེད། གཅིག་བྱས་ན་དེ་བོད་པའི་སྲོལ་རྒྱུན་དང་རིག་གཞུང་ཡིན་རྒྱུ་རེད།༽གཏམ་འདི་ཡི་གོ་དོན་གང་ཡིན་ནམ། ཆོས་དང་འཇིག་རྟེན་གང་ཡང་མ་མཐུན་པའི་ལས་ཀ་དེ་བོད་པའི་གསོལ་རྒྱུན་རེད་ཟེར་ན་དངོས་གནས་རང་གི་མི་རིགས་ལ་མཐོང་ཆུང་དང་ཆེད་གསོད་རང་ལས་གཞན་གང་ཡང་མ་རེད། བོད་པ་མ་ཡིན་པའི་སྐྱེས་པ་ཚང་མས་བུད་མེད་རྡུང་གི་མེད་པ་རེད་དམ། གང་ལྟར་ཡང་རང་རིགས་ལ་དུང་བ་ཡོད་པའི་མི་བུ་ཞིག་ཡིན་ཕྱིན་ཆད་རང་བཟའ་འདྲེ་ཡིན་ཡང་རིགས་མཐུན་ཞིག་གི་མཉམ་དུ་འཚོ་བ་སྐྱེལ་ངེས་རེད།
ཚེ་རིང་སྒྲོལ་མ།
༢༠༡༣/༠༧/༢༤ ཉིན་འདོན་སྤེལ་བྱས།

གཞས་མ་བསྟན་འཛིན་ཀུན་གསལ་ལགས་ཀྱིས་ལོ་ན་ཆུང་ཆུང་ཡིན་པ་དང་། ལྷག་པར་དུ་ནུབ་ཕྱོགས་སྤྱི་ཚོགས་ནང་ནས་འཚར་ལོངས་བྱུང་མཁན་ཞིག་གི་ངོས་ནས་བཀའ་མོལ་དཔེ་མི་སྲིད་པའི་ཡག་པོ་གནང་འདུག ལྷག་པར་དུ་ང་རང་གི་སྣང་བར་འགྲོ་ཤོས་དེ་ང་ཚོའི་བོད་པའི་སྤྱི་ཚོགས་ནང་ཕན་ཚུན་རྐང་པས་མར་འཐེན་ཐབས་བྱེད་པ་དེ་ཡག་པོ་མི་འདུག་ཟེར་བ་དེ་དངོས་གནས་བདེན་པ་རེད་ལ་མོ་རང་ལ་འཕྲད་མྱོང་བའི་དཀའ་ངལ་ཞིག་གི་ཐོག་ནས་ཤོད་ཀྱི་ཡོད་པ་རེད་དྲན་གྱི་འདུག སྔོན་ཆད་མོ་རང་ལའང་མི་རིགས་ནག་པོར་དགའ་རོགས་སྒྲིག་གི་འདུག་ཟེར་བ་དང་ཕ་མ་བཙོན་ཁང་ལ་བསྐྱལ་བ་རེད་ཟེར་བ་སོགས་རྐང་པའི་མར་འཐེན་ཐབས་དང་ནག་པོ་བཟོ་ཐབས་མང་པོ་བྱས་པ་རེད། ང་རང་གྲོགས་མོ་ཞིག་དང་བསྟན་འཛིན་ཀུན་གསལ་གཉིས་ལ་རྒྱུས་ཆེན་པོ་འདུག བསྟན་འཛིན་ཀུན་གསལ་བུ་མོ་ཡ་རབས་ཤིག་ཡིན་པའི་གནས་ཚུལ་མང་པོ་གོ་མྱོང་ཡོད། མ་འོངས་པར་ང་ཚོའི་བོད་པའི་སྤྱི་ཚོགས་ནང་གི་བུད་མེད་ཚོས་མིག་དཔེ་ལྟ་སའི་མཛངས་མ་ཞིག་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།
གཅན་བཟོད་རྒྱམ།
༢༠༡༣/༠༧/༢༤ ཉིན་འདོན་སྤེལ་བྱས།
བཅར་འདྲི་འདི་ཉིན་གསུམ་བཞི་ཞིག་གི་སྔོན་ནས་དུས་བབ་དྲ་ཐོག་ལ་བཀོད་ཙམ་བྱས་རྗེས་ཕྱིར་འཐེན་བྱས་སོང་། ངས་དོན་དག་གང་ཞིག་གི་སྐོར་ནས་མ་འགྲིག་པ་འདྲ་བྱུང་བ་མིན་ནམ་སྙམ།
དེ་རིང་བསྐྱར་དུ་བཀོད་འདུག དམིགས་བསལ་ཅང་བཤད་མི་འདུག ཉིན་འགའི་སྔོན་དུ་བཀོད་པ་དང་གཅིག་པ་གཅིག་རྐྱང་རེད་འདུག ག་རེ་བྱས་ནས་ཉིན་འགའི་སྔོན་དུ་བཀོད་པ་བསུབ་ཅིང་ཡང་བསྐྱར་བཀོད་དགོས་པ་ཡིན་ནམ། གལ་ཆེན་པོ་ནི་ཅང་མ་རེད་པ། དེ་འདྲ་རང་ཡིན།
མཉམ་ཞུགས
༢༠༡༣/༠༧/༢༤ ཉིན་འདོན་སྤེལ་བྱས།
བོད་ཀྱི་གཞས་མ་བསྟན་འཛིན་ཀུན་གསལ་ལགས་ཀྱིས་དབྱར་ཁའི་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་ང་ཚོའི་སྤྱི་ཚོགས་ནང་དང་བླངས་ཞབས་ཞུ་སྒྲུབ་ཏུ་ཡོང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།ཁོ་མོའི་ཀུན་སྤྱོད་དེས་ང་ཚོ་བོད་གངས་ཅན་རྣམས་ཀྱི་བཟང་སྤྱོད་མཚོན་གྱི་ཡོད་པ་མ་ཟད་མོ་དང་མོའི་གླུ་གཞས་ལ་དགའ་བོ་ཡོད་པའི་བོད་པའི་གཞོན་རྣམས་ཀྱིས་མཚོན་པའི་བོད་གཞོན་སྐྱེས་རྣམས་ལའང་མིག་དཔེ་ཡག་པོ་ཞིག་དང་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ངེས་ཡིན།ད་དུང་མོས་རྡ་སར་སྡོད་པའི་རིང་དུས་ཚོད་དམ་འཛིན་ཐོག་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སྦྱོང་བརྩོན་ཧུར་ཐག་བྱེད་བཞིན་པ་གོ་བ་དང་མོའི་མ་འོངས་པའི་དམིགས་ཡུལ་དེ་བོད་པའི་སྤྱི་ཚོགས་ལ་ཕན་ཐོག་པའི་ལས་དོན་ཞིག་སྒྲུབ་འདོད་ཡོད་པར་བཤད་འདུག་པ་ཧ་ཅང་གི་གཟི་བརྗོད་ཆེན་པོ་ཞིག་ཏུ་མཐོང་སོང་།ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།