རིམ་པ་དང་པོ་དེ་ཕྱི་ཟླ་ ༡༡ པའི་ནང་ཁེ་ན་ཌར་གཏོང་འཆར་རེད།

འདོན་སྤེལ། ༢༠༡༣/༠༧/༢༩

ཨ་རུ་ན་ཅལ་གྱི་བོད་མི་ཆིག་སྟོང་ཁེ་ན་ཌར་གནས་སྤོ་ལས་གཞིའི་ཁྲོད་བོད་མི་ ༢༠༤ ལ་མགྲོན་ཤོག་འབྱོར་བ་བཞིན་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་གཏོང་སྐབས་བོད་མི་ ༤༠ ལྷག་ལ་བསྐྱར་དུ་བརྟག་དཔྱད་གཏོང་དགོས་པ་ཆགས་ཡོད་འདུ

ཁེ་ན་ཌའི་གཞུང་གིས་ཨ་རུ་ན་ཅཱལ་མངའ་སྡེའི་ནང་གི་བོད་མི་ཆིག་སྟོང་སྐྱབས་བཅོལ་དུ་ལེན་རྒྱུའི་ལས་འཆར་ཁྲོད། སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་དང་ས་གནས་གཞིས་མཁོ་ཁག་མཉམ་འབྲེལ་ཐོག་རྒྱན་འཕངས་ཏེ་མི་ ༨༩༠ ཙམ་འདེམས་སྒྲུག་བྱུང་ཡོད་པ་དང་། དེ་དག་ཁྲོད་མི་ ༢༠༤ ཙམ་ལ་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་མགྲོན་ཤོག་འབྱོར་ཏེ། འགེངས་ཤོག་རྣམས་བཀང་སྟེ་ལྡི་ལིར་རྟེན་གཞི་བྱས་པའི་ཁེ་ན་ཌའི་ཆེས་མཐོའི་གཞུང་ཚབ་ལས་ཁུངས་ (Canadian High Commission, New Delhi) ཞེས་པར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༧ འགྱངས་མེད་འབུལ་དགོས་པའི་གཏན་འབེབས་བྱུང་ཡོད

ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པ་ནང་སྲིད་ལས་ཁུངས་སུ་བསྐྱོད་དེ། ལས་གཞི་དེའི་འགན་འཁུར་བ་ནང་སྲིད་དྲུང་འཕར་དོན་འགྲུབ་རྡོ་རྗེ་ལགས་སུ། ཨ་རུ་ན་ཅཱལ་ཕྱོགས་ཀྱི་བོད་མི་ཆིག་སྟོང་ཁེ་ན་ཌར་གཏོང་རྒྱུའི་ལས་གཞིའི་གནང་སྟངས་གང་འདྲ་ཆགས་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས། ལས་གཞི་འདིའི་ཐད་སྦྱིན་བདག་འཚོལ་མཁན་དང་། ཕར་བསླེབས་རྗེས་སྡོད་གནས་དང་ལས་ཀ་སོགས་གོ་སྒྲིག་གི་འགན་གཙོ་བོ་ཁེ་ཎ་ཌའི་བོད་དོན་ལས་འཆར་ཚོགས་པ་ (Tibet Project Society)ཞེས་པས་འཁུར་གྱི་ཡོད་པ་རེད། མགྲོན་ཤོག་བསླེབས་པའི་མི་གྲངས་ ༢༠༤ ལ་ཨ་སམ་མངའ་སྡེའི་ཏིན་སུ་ཀི་ཡ་ (Tinsukia) དང་ཌིབ་རུ་གྷར་ (Dibrugrah ) དུ་འདྲི་རྩད་དང་གཟུགས་པོར་བརྟག་དཔྱད་བྱས་སྐབས། མི་གྲངས་ ༤༠ ལྷག་ཅིག་ལ་བསྐྱར་དུ་བརྟག་དཔྱད་བྱེད་དགོས་བྱུང་སོང་། སྤྱིར་བཏང་ན་ཚ་གློ་བའི་གཉན་ཚད་ (TB) འདྲ་བོ་ཡིན་ན། དྲག་སྐྱེད་བྱུང་བའི་བར་དུ་དུས་ཚོད་སྤྲོད་ཀྱི་ཡོད་ས་རེད། ཡང་ཨེ་ཙི་(AIDS) ལྟ་བུའི་ན་ཚ་ཚབས་ཆེན་རིགས་ཡོད་ཚེ་ཆོག་མཆན་རྩིས་མེད་གཏོང་སྲིད་པ་རེད། ཡིན་ནའང་། ད་ལྟའི་ཆར་གསལ་བོ་གསུངས་མ་སོང་། ཁེ་ན་ཌ་གཞུང་ཚབ་ཀྱིས་གསུངས་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༡༡ ནང་མགྲོན་ཤོག་འབྱོར་བ་རྣམས་ཕར་འགྲོ་དགོས་ཀྱི་ཡོད་པ་རེད ཅེས་གསུངས་སོང་

ལས་འཆར་འདིའི་ཁྲོད་ཁེ་ན་ཌའི་གཞུང་གིས་བོད་མི་གནས་སྤོ་བ་ཚང་མར་སྦྱིན་བདག་ ༥ རེ་དང་། ཉུང་མཐར་དེའི་ཁྲོད་ཀྱི་གཅིག་བོད་པ་ཡིན་དགོས་པའི་ཆ་རྐྱེན་བཞག་ཡོད་སྟབས། ད་ལྟ་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། སྦྱིན་བདག་ག་ཚོད་ཅིག་རག་ཡོད་མེད་དྲིས་པར། ཁོང་གིས། ད་ལྟའི་ཆར་སྦྱིན་བདག་འཚོལ་བཞིན་ཡོད་ལ། ང་ཚོས་མ་འོངས་པར་མི་བརྒྱ་ཉིས་བརྒྱ་ཞིག་ལ་སྦྱིན་བདག་རག་ཡོང་བའི་རེ་བ་རྒྱག་གི་ཡོད། གང་ཡིན་ཟེར་ན།  ༢༠༡༦ ཕྱི་ཟླ་ ༥ པའི་ནང་ལ་ལས་གཞི་འདི་མཇུག་སྒྲིལ་དགོས་ཀྱི་ཡོད་པ་རེད།གལ་སྲིད་དུས་ཡུན་དེའི་ནང་ཚུད་དུ་མཇུག་སྒྲིལ་མ་ཐུབ་ཚེ། ཁེ་ན་ཌ་གཞུང་གིས་སྤྲད་པའི་ཆོག་མཆན་གྱི་དུས་ཚོད་རྫོགས་འགྲོ་བཞིན་ཡོད་པ་རེད། ལས་གཞི་འདི་ལ་སྦྱིན་བདག་འཚོལ་བར་ཁེ་ན་ཌའི་ནང་དུ་ཡོད་པའི་བོད་རིགས་གཙོ་བོར་གྱུར་བའི་བོད་དོན་ལས་འཆར་ཚོགས་པ་ཟེར་བ་ཞིག་ཆེད་འཛུགས་བྱས་ཡོད་སྟབས། ཚོགས་པ་དེས་སྦྱིན་བདག་བཙལ་ནས་རག་ཐབས་བྱེད་དགོས་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁོ་རང་ཚོས་ཁེ་ན་ཌ་གཞུང་དང་མཉམ་དུ་བོད་མི་ ༡༠༠༠ ཞིག་ཕར་ལེན་རྒྱུ་ཁས་ལེན་བྱས་ཡོད་པ་རེད། ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་བྱེད་དགོས་པ་དེ་མི་འདེམས་སྒྲུག་བྱ་རྒྱུ་དེ་རེད། ང་ཚོས་སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་བདམས་ཚར་བ་རེད།ཅེས་བརྗོད་སོང་

རྒྱ་གར་གྱི་ཁྲིམས་དང་འགལ་བའི་ནག་ཉེས་ཅན་འགྲོ་ཆོག་གི་ཡོད་མེད་དང་། ཁྱིམ་ཚང་ཞིག་གི་ནང་ཉེས་ཅན་གཅིག་ཡོད་ཚེ། ཁྱིམ་ཚང་གང་བོར་ཤུགས་རྐྱེན་ཐེབས་སྲིད་མིན་དྲིས་པར། ཁོང་གིས། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ནག་ཉེས་ལོ་རྒྱུས་ཡོད་མཁན་དང་མ་འོངས་པར་ཁེ་ན་ཌ་གཞུང་གི་ཁྲིམས་དང་འགལ་སྲིད་པའི་དོགས་པ་ཡོད་རིགས་ཚུད་ཀྱི་མེད་ལ། ཁོ་ཚོ་ཕར་མ་སོང་གོང་དུ་ས་གནས་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་དེ་སྔོན་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་མེད་པའི་ངོས་སྦྱོར་ཡི་གེ་ལེན་དགོས་ཀྱི་ཡོད་སྟབས། ཁྲིམས་འགལ་ནག་ཉེས་ཡོད་ཚེ་འགྲོ་ཐུབ་ཀྱི་མ་རེད། ཚང་སྙན་འབུལ་མཁན་ཨ་མ་དེ་ཡིན་ན་འགྲོ་ཆོག་གི་ཡོད་པ་མ་རེད། ཡིན་ནའང་། ཁྱིམ་མི་གཞན་དག་ཡིན་ན་ད་ལྟའི་ཆར་ཁ་གསལ་བོ་ཡོད་པ་མ་རེད། དཔེར་ན། ཕ་མ་གཉིས་ལ་གནད་དོན་གང་ཡང་མེད་ཀྱང་། ཕྲུ་གུ་ཞིག་གིས་ནག་ཉེས་བསགས་ཡོད་པ་ཡིན་ན། ཁོ་ཚོས་འགོག་སྲིད་པ་རེད། ལས་གཞི་འདིའི་ངོ་བོ་ལྟར་ན། དེ་འདྲའི་གནས་ཚུལ་བྱུང་ཚེ་ཕ་མ་གཉིས་ཀྱང་ཐར་གྱི་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁྱིམ་ཚང་ཁ་བྲལ་ནས་གཏོང་གི་མིན་གསུང་གི་ཡོད་པ་རེད། གང་ལྟར། ང་ཚོས་མི་བདམས་ནས་ལོ་རྒྱུས་དང་བཅས་ཁེ་ན་ཌ་གཞུང་ཚབ་ལ་ཕུལ་ཡོད་པ་དང་། གཞུང་ཚབ་ཀྱིས་འདྲི་གཅོད་བྱས་པ་བརྒྱུད་མཐའ་མའི་ཐག་གཅོད་དེ་ཡོང་ངེས་རེད། ཅེས་བརྗོད་བྱུང་

མཇུག་ཏུ་རྒྱན་རྒྱག་པའི་སྐབས་སུ་ཁྱོན་མི་གྲངས་ ༨༩༠ མ་གཏོགས་མེད་པ་ཅི་ཡིན་དྲིས་པར། སྤྱིར་བཏང་ང་ཚོས་མི་ ༩༠༠ ལ་རྒྱན་རྒྱག་རྒྱུ་བྱས་པ་རེད། ཡིན་ནའང་། རྒྱན་རྒྱག་པའི་སྐབས་སུ་མི་གྲངས་ཚད་གཞི་ནས་བརྒལ་ན་འགྲིག་གི་མི་འདུག ཁེ་ན་ཌ་གཞུང་ཕྱོགས་ནས་མ་འོངས་པར་ཕྲུ་གུ་སྐྱེས་པ་དང་བསྐྱར་ཞིབ་བྱེད་དགོས་བྱུང་བ་རྣམས་ཀྱི་ཆེད་དུ་མི་ ༡༡༠ ཡི་ས་གནས་སྟོང་པ་འཇོག་རོགས་ལབ་སོང་། གལ་སྲིད་དེ་འདྲར་མ་དགོས་ཚེ་གོ་ཐོབ་ཡོད་ཡོད་པ་རེདཅེས་བརྗོད་བྱུང་

ཤོག་ངོས་འདི་ཐེངས་ ༣༠༠༢ ལ་བཀླགས་འདུག
རིག་པ་འདོན་པ།
རྣམ་རྒྱལ་ཚེ་རིང་
༢༠༡༣/༠༧/༣༠ ཉིན་འདོན་སྤེལ་བྱས།
གོ་ཐོས་སུ་ཁ་ན་ཊའི་ཕྱོགས་ནས་ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ཕར་འཐེན་རྒྱུ་དེར་ཕྱི་རྒྱལ་མགོ་སེར་སྦྱིན་བདག་འགའ་རེ་རེག་ཡོད་ཀྱང་བོད་མི་ཚོའི་ཁྲོད་དུ་སྦྱིན་བདག་གཅིག་གཉིས་ཤིག་མ་གཏོགས་རེག་ཡོད་ས་མ་རེད། འདི་ངོ་མ་ཐབས་སྐྱོ་བོ་རེད། མ་གཞིས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ཡོད་པའི་བོད་རིགས་ཚོར་ཡང་ཐུགས་ཁག་ཡོད་པ་མ་རེད། ཚང་མ་སྐྱབས་བཅོལ་བ་རེ་དངུལ་འཚོལ་དུ་ཡོང་བ་རེད་དེ་ཁ་ན་ཊ་ལ་མཚོན་ན་ནུབ་ཕྱོགས་རྒྱལ་ཁབ་གཞན་དག་དང་རྩ་བ་ནས་འདྲ་གི་མ་རེད། གཅིག་ནས་དཔལ་འབྱོར་ཆེ་པོ་དང་ལས་གླ་མཐོ་བོ་རེག་གི་ཡོད་རེད། གཉིས་ནས་བོད་མི་མང་ཤོས་ཀྱི་ལུང་པ་ཞིག་དང་ལུང་པ་དེར་བོད་མི་སྐྱབས་བཅོལ་དུ་འབྱོར་བ་སྔ་ཤོས་ཀྱི་གྲས་རེད། རྒྱུ་མཚན་འདི་དག་ལ་གཞིགས་ན་ཁ་ན་ཊ་ནས་བོད་མི་ཚོར་སྦྱིན་བདག་རེག་དགོས་པ་ཞིག་དང་ཆ་རྐྱེན་གྱི་ཐོག་ནས་ཀྱང་དཀའ་ངལ་མེད་དགོས་པ་ཆགས་ཏན་ཏན་ཆགས་བསྡད་ཡོད་པ་རེད།
ནང་སྲིད་ལས་ཁུངས་ནས་ངོ་སྤྲོད་གནང་བ་ལྟར་སྤྱི་ལོ་ ༢༠༡༦ ལོའི་བར་ང་ཚོའི་ལས་ཀ་དེ་མཇུག་རྫོགས་མ་ཐུབ་པ་ཡིན་ན་ཁ་ན་ཊའི་གཞུང་ནས་ལས་མཚམས་འཇོག་སྲིད་པ་རེད། དུས་ཚོད་དེའི་ནང་ན་ང་ཚོས་མི་ཆིག་སྟོང་དེ་ཕར་གཏོང་མ་ཐུབ་པ་ཡིན་ན་ང་ཚོར་གྱོང་ཆེན་པོ་ཞིག་རེག་འགྲོ་བ་རེད་ལ། མ་འོངས་པར་ཡང་དེ་དྲའི་ཐད་ནས་ལམ་ཁ་འགག་སྲིད་པ་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།