ལས་བྱེད་ཅིག་གིས་ཧིན་སྒོར་འབུམ་ ༣ ཙམ་འཁྱེར་འདུག

འདོན་སྤེལ། ༢༠༡༣/༠༨/༠༣

འབྲས་ལྗོངས་མངའ་ཁུལ་ས་ལུ་སྒར་ཡན་ལག་སྨན་རྩིས་ཁང་གི་ལས་བྱེད་ཅིག་གིས་ལས་ཁུངས་དེ་གའི་ཕྱི་ཟླ་དྲུག་པ་ཧྲིལ་བོའི་ཡོང་འབབ་ཧིན་སྒོར་འབུམ་གསུམ་ཙམ་འཁྱེར་ནས་གར་སོང་ཆ་མེད་ཆགས་ཡོད་འདུག   

ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ས་ལུ་སྒར་ཡན་ལག་སྨན་རྩིས་ཁང་གི་ལས་བྱེད་ཅིག་གིས་ཕྱི་ཟླ་ ༦ ཧྲིལ་བོའི་སྨན་ཡོན་ཡོང་འབབ་དང་ལས་བྱེད་དག་གི་དཔྱ་དངུལ་ལག་དེབ་ཀྱི་དངུལ་འབབ་བཅས་ཁྱོན་ཧིན་སྒོར་འབུམ་ ༣ ཙམ་འཁྱེར་ནས་གར་སོང་ཆ་མེད་ཆགས་ཡོད་འདུག སྨན་རྩིས་ཁང་གི་སྒྲིག་གཞི་ལྟར་ན། ས་གནས་ཡན་ལག་སྨན་ཁང་ཁག་གིས་ཟླ་བ་ཕྱི་མའི་ཚེས་ ༡༠ ཉིན་འགྱངས་མེད་ཟླ་བ་སྔ་མའི་རྩིས་ཁྲ་དབུསསྨན་རྩིས་ཁང་ལ་གཙང་འབུལ་ཟིན་དགོས་ཀྱང་། ས་ལུསྒར་སྨན་རྩིས་ཁང་གི་ཕྱི་ཟླ་ ༦ པའི་རྩིས་ཁྲ་དབུས་ལ་འབྱོར་མེད་སྟབས། ཕྱི་ཟླ་ ༧ ཚེས་ ༢༣ ཉིན་དབུས་སྨན་རྩིས་ཁང་གི་ནང་ཞིབ་པ་གཉིས་ས་གནས་སུ་འབྱོར་ཏེ་ཞིབ་འཇུག་བྱས་སྐབས། ས་གནས་ལས་བྱེད་ཅིག་གིས་ཕྱི་ཟླ་ ༦ པའི་སྨན་ཡོན་ཡོང་འབབ་ཆ་ཚང་དང་ལས་བྱེད་དག་གི་དཔྱ་དངུལ་ལག་དེབ་ཀྱི་དངུལ་བཅས་ཁྱོན་ཧིན་སྒོར་འབུམ་ ༣ ཙམ་འཁྱེར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཚེས་ ༢༤ ཉིན་ནས་བཟུང་ལས་བྱེད་དེས་ཁ་པར་སྒོ་བརྒྱབ་སྟེ་གར་སོང་ཆ་མེད་ཆགས་ཡོད་འདུག

འདི་གའི་གསར་འགོད་པས་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་སུ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས་ཐེངས་འདིར་ས་ལུསྒར་དུ་གནས་ཚུལ་དེ་འདྲ་ཞིག་བྱུང་པ་དངོས་ཡོད་རེད། ད་ལོའི་ཕྱི་ཟླ་ ༦ ནང་ཡན་ལག་སྨན་ཁང་གི་སྨན་བཅོས་བརྟག་དཔྱད་བྱས་པའི་དངུལ་དང་། སྨན་ཁང་གི་སྨན་པ་དང་ལས་བྱེད་ཚོའི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་སོགས་སྒྲིག་གཞི་ལྟར་ཕྱི་ཟླ་ ༧ པའི་ཚེས་ ༡༠ ནང་ཚུན་དུ་དབུས་ལས་ཁུངས་ལ་ཕུལ་དགོས་ཀྱི་ཡོད་ཀྱང་ ཐེངས་འདིར་ས་གནས་སྨན་ཁང་འགན་འཛིན་དང་དབུས་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིབརྡ་འདེད་མ་བྱས་པ་དང་ དོ་བདག་སོ་སོའི་ངོས་ནས་འགན་མ་འཁུར་བར་དུས་འགྱངས་ཕྱིན་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢༣ ཉིན་སྨན་རྩིས་ཁང་གི་ནང་ཞིབ་པ་གཉིས་ས་གནས་སུ་འབྱོར་ཏེ་དངོས་སུ་ཞིབ་འཇུག་བྱས་སྐབས། ལས་བྱེད་དེ་ལས་ཁུངས་སུ་བསླེབ་མེད་པ་མ་ཟད། ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པར་ཁ་པར་སྒོ་བརྒྱབ་སྟེ་གར་སོང་ཆ་མེད་ཆགས་ཡོད་སྐོར་སོགས་བརྗོད་བྱུང་

ཁོང་<ལ་གནས་ཚུལ་དེའི་སྐོར་ལ་དབུས་ས་གཉིས་ཀྱིས་ག་རེ་གནང་རྩིས་ཡོད་མེད་དྲིས་པར། སྤྱིར་བཏང་ང་ཚོའི་ངོས་ནས་ས་ལུ་སྒར་ས་གནས་སྨན་ཁང་དུ་ཟླ་རེར་དངུལ་ག་ཚོད་ཡོང་གི་ཡོད་མེད་དང་ ཟླ་རེར་དབུས་ལ་དངུལ་ག་ཚོད་ཅིག་ཕུལ་དགོས་མིན་གསལ་བོ་ཤེས་ཀྱི་ཡོད་པ་རེད། ཉེ་ཆར་དབུས་ནས་བཏང་བའི་ནང་ཞིབ་པ་གཉིས་ཀྱིས་ས་གནས་ཀྱི་རྩིས་ཁྲ་བཏང་ཡོང་བའི་ནང་གནས་ཚུལ་དེ་ཐོན་པ་རེད། ད་ལྟ་ས་གནས་སྨན་ཁང་གིས་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ་རྩད་གཅོད་བྱེད་བཞིན་ཡོད་ས་རེད། དབུས་སྨན་རྩིས་ཁང་གི་ངོས་ནས་ས་ལུསྒར་ས་གནས་སྨན་ཁང་གི་འགན་འཛིན་ལ། ལས་བྱེད་དེ་ས་གནས་གང་དུ་གཏོགས་པ། ས་གནས་དེའི་མགོ་འཛིན་དཔང་བོར་འཁྲིད་དེ་ཁོའི་ནང་མིར་སྐད་ཆ་བཤད་རོགས་ཞེས་ལབ་ཡོད། ཁོ་ལ་སྨན་རྩིས་ཁང་དུ་གསོག་དངུལ་གང་འཚམ་ཡོད་ཀྱང་། ང་ཚོས་གཙོ་བོ་ནང་མིའི་སྐད་ཆར་སྒུག་བསྡད་ཡོད། སྨན་རྩིས་ཁང་གི་ཁོ་རང་གི་ངོ་ཤེས་གྲོགས་པོ་ཚོས་གོ་བསྐོན་སློབ་གསོ་བྱ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད། གལ་སྲིད། དོ་བདག་གིས་སློབ་གསོར་མ་ཉན་པ་ཡིན་ན། སྨན་རྩིས་ཁང་འདི་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་དགེ་རྩ་ཚོགས་པ་ཞིག་ཡིན་པའི་ཆ་ནས་དངུལ་དེ་འགྲོ་ས་ཡོད་པ་མ་རེད། རྒྱ་གར་གཞུང་ལ་ཁྲིམས་གཏུག་བྱ་རྒྱུ་ཡིན།ཞེས་བརྗོད་བྱུང་

ལས་བྱེད་དེ་ནམ་རྒྱུན་མི་ག་འདྲ་ཡོད་པ་དང་སྔོན་མ་རྙོག་དྲ་ཡོད་མེད་དྲིས་པར་ཁོང་གིས།སྤྱིར་བཏང་ལས་བྱེད་དེ་མི་ཉམས་ཆུང་ཡོད། ལས་བྱེད་རྙིང་པ་ཡང་རེད། ད་རེབ་ཁོས་ཤོ་སྦག་དང་ཆང་རག་སོགས་རྒྱས་སྤྲོས་བྱས་པ་ཡིན་ན་གཞུང་གི་དངུལ་རྫོགས་སྲིད་པ་རེད། ཁོ་དེ་འདྲ་ཞིག་ཨེ་ཡིན་བསམ་གྱི་འདུག གཅིག་བྱས་ནས་ས་ལུསྒར་དང་རྡོར་སྒང་གསུམ་དུ་ཚོང་ལས་ཤུགས་ཆེན་པོ་ཡིན་པ་དང་ནག་ཚོང་གི་རིགས་པོ་ཡིན་པ། ལྷག་པར་དུ་ས་གནས་དེ་དག་ཏུ་སྨན་རྩིས་ཁང་གི་སྤོས་རྫུན་མ་བཟོ་མཁན་ཁ་ཤས་ཡོད་སྟབས། དངུལ་འབུམ་གཅིག་རེ་དེ་འདྲའི་རིགས་ལ་འཕྲལ་སེལ་གཡར་ཡོད་སྲིད་ཀྱི་རེད་བསམ་གྱི་འདུག གལ་སྲིད་ཁོ་རང་གིས་དངུལ་དེ་འཁྱེར་ནས་བོད་ནང་ལ་ཕྱིན་པ་དང་ རྒྱ་གར་ནང་ཡོད་པའི་ཁོང་གི་ནང་མི་ཚོས་ང་ཚོར་འབྲེལ་བ་མེད་ཅེས་ལབ་པ་ཡིན་ན། གནས་ཚུལ་ཁ་ཁ་རེད་མ་གཏོགས། ད་རེབ་དེ་སྔོན་གྱི་གནས་ཚུལ་ལྟར་ཁོ་རང་ཐར་འགྲོ་ས་ཡོད་པ་མ་རེདཅེས་བརྗོད་བྱུང་

མཇུག་ཏུ་དབུས་སྨན་རྩིས་ཁང་གིས་ས་གནས་ཡན་ལག་ཁག་ལ་དམ་དོན་གང་འདྲ་གནང་གི་ཡོད་མེད་དྲིས་པར།ཐེངས་འདིའི་གནས་སྟངས་ལ་གཞིགས་ཏེ། ང་ཚོས་མ་འོངས་པར་ས་གནས་ཁག་གི་ཟླ་གཅིག་གི་རྩིས་ཁྲ་སྒུག་མི་དགོས་པར། ཟླ་རེའི་ཚེས་ ༢༥ ནང་ཚུན་ལས་མ་འགྱངས་པར། ཟླ་བ་རེ་རེའི་སྦོམ་ཚོད་བྱས་པའི་དངུལ་སྒོར་དབུས་སུ་གཏོང་ཐུབབྱ་རྒྱུའི་འཆར་གཞི་ཡོད། ད་ལྟའི་བར་སྨན་ཁང་མང་ཆེ་བ་ཡག་པོ་ཡོད། ཟླ་བ་གཅིག་རྫོགས་རྗེས་དངུལ་ཡར་བཏང་ཡོང་གི་ཡོད་པ་རེད། ད་རེབ་གནད་དོན་འདིའི་ཐོག་ས་གནས་ཡན་ལག་སྨན་ཁང་གི་འགན་འཛིན་ལའང་སྐྱོན་ཆེན་པོ་ཤོར་འདུགཅེས་བརྗོད་བྱུང་

ཁ་སང་ཚེས་ ༢ ཉིན་གྱི་སྔ་དྲོར་གསར་འགོད་པས་ཁ་པར་བརྒྱུད་ས་ལི་སྒར་ས་གནས་སྨན་ཁང་གི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་སུ་ལས་བྱེད་དེའི་སྐོར་ལ་རྩད་ཞིབ་གང་འདྲ་གནང་ཡོད་མེད་དྲིས་པར་ཁོང་གིས།དབུས་སྨན་རྩིས་ཁང་གི་འགན་འཛིན་གྱིས་བཀོད་མངགས་ལྟར། ཁ་སང་ལས་བྱེད་ཁོ་རང་གི་ནང་དུ་སོང་བ་ཡིན། ས་གནས་དེའི་གཞིས་མགོ་དཔང་པོར་བཞག་སྟེ། ལས་བྱེད་དེའི་སྤུན་མཆེད་ཨ་ཅག་གཉིས་དང་། ས་གནས་དེའི་སྨན་རྩིས་ཁང་གི་སྨན་པ་བཅས་མཉམ་འཛོམས་ཐོག་སྐད་ཆ་བཤད་སྐབས། ཁོ་རང་གི་ནང་མི་ཚོས་ཁོ་རྙེད་པ་ཡིན་ན་དངུལ་ཆ་ཚང་ཕྱིར་སྤྲོད་རྒྱུ་ཡིན་ཞེས་ལབ་སོངཞེས་བརྗོད་བྱུང་

ཡང་ཁོང་ལ་ས་གནས་ཉེན་རྟོག་པར་ཞུ་གཏུག་བྱས་ཡོད་ན་ཉེན་རྟོག་ཕྱོགས་ནས་སྐད་ཆ་གང་འདྲ་བྱུང་ཡོད་མེད་དྲིས་པར། ང་ཚོས་ཉེན་རྟོག་པར་ང་ཚོའི་མི་བོར་བརླག་ཏུ་ཕྱིན་ཡོད་པ་ལས། དངུལ་འཁྱེར་བའི་གནས་ཚུལ་བཤད་ཡོད་པ་མ་རེད། ད་སྔ་ཉེན་རྟོག་པ་ཚོས་གནས་ཚུལ་ཤེས་རྟོགས་བྱུང་མེད་ཀྱང་། ང་ཚོའི་ངོས་ནས་ཉེ་ལམ་ཁོ་རྒྱ་བལ་གཉིས་ཀྱི་ས་མཚམས་ཤིག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཞིག་གོ་ཡོང་གི་འདུག གལ་སྲིད་ཁོ་བལ་ཡུལ་ནང་ཕྱིན་པ་ཡིན་ན་ང་ཚོས་འཚོལ་རྒྱུ་ཁག་པོ་རེདཅེས་བརྗོད་བྱུང་

གསར་འགོས་པས་ཁ་པར་བརྒྱུད་ལས་བྱེད་དེའི་ནང་མིར་སྐད་ཆ་དྲིས་པར་ཨ་ཅག་ཅིག་གིས། ཁོ་རང་གིས་ས་ལུསྒར་སྨན་ཁང་ནང་ལས་ཀ་དེ་འདྲ་ཞིག་བྱས་པ་དེ་ཧ་ཅང་ཐབས་སྐྱོ་བོ་དང་ངོ་ཚ་བོ་ཞེ་དྲག་རེད། ང་ཚོས་འབད་བརྩོན་བྱས་ཏེ་ཁོ་རང་འཚོལ་བཞིན་ཡོད། ཡིན་ནའང་དེའི་སྐོར་གྱི་གནས་ཚུལ་གསར་འགོད་པར་ཞུ་འདོད་<མི་འདུག མ་གཞིར་བཙན་བྱོལ་སྤྱི་ཚོགས་ནང་གནས་ཚུལ་དེ་རིགས་མང་ཐག་ཆོད་ཅིག་ཡོད་པ་རེད། སྨན་རྩིས་ཁང་གིས་གནས་ཚུལ་དེ་ཕྱི་ལོགས་སུ་ཁྱབ་ཏུ་བཅུག་པར་བློ་ཕམ་ཡོད་ཅེས་སོགས་བརྗོད་བྱུང་

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༤༤༧༠ ལ་བཀླགས་འདུག
རིག་པ་འདོན་པ།
སྐར་ཁྲི་བཙན།
༢༠༡༣/༠༨/༠༨ ཉིན་འདོན་སྤེལ་བྱས།
ཐར་བར་མ་གཏོང་རོགས།
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༨/༠༥ ཉིན་འདོན་སྤེལ་བྱས།
བཙན་བྱོལ་གཞུང་གི་གཞུང་ཞབས་སམ་ལས་བྱེད་ཚོའི་མིང་རྐུན་བྱེད་དུ་བསྒྱུར་ན་ཏག་ཏག་རན་པོ་འདུག

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དེའང་སྒོ་རྒྱབ་ན་ཏག་ཏག་རེད། དེས་གང་ཡང་ཕན་ཐོག་གི་མིན་འདུག
ཚོགས་པ་ཇེ་མང་ཇེ་མང་རེད། རྐུན་ན་ཇེ་མང་ཇེ་མང་རེད།
བདེ་རྒྱལ།
༢༠༡༣/༠༨/༠༤ ཉིན་འདོན་སྤེལ་བྱས།
དེང་སྐབས་ལས་བྱེད་རྩ་དགོངས་ཞུ་མཁན་དང་། གཞུང་དངུལ་རྐུ་མ་རྒྱག་མཁན་ཇེ་མང་རེད། འདི་ཡང་སྙིང་ཅི་ཞིག་ལན་པ་རེད། དངུལ་དངོས་སུ་བརྐུས་ཀྱང་མིང་དངོས་སུ་བརྗོད་མི་ཐུབ་པ་འདི་ཚད་ལྡན་གྱི་གཞུང་ཞིག་དང་། ཚད་ལྡན་སྒྲིག་འཛུགས་ཤིག་གི་བྱེད་སྟངས་རེད་དམ། འདི་སྐོར་ལ་བོད་མི་དམངས་གྲོས་ཚོགས་ནང་གླེང་གཞི་བསྐྲུན་ཏེ། ཁྲིམས་གཞི་གཏན་འབེབས་དགོས་པ་ལས། རྐུ་མ་རྒྱ་ཡན་དུ་གཏོང་སྟངས་འདི་འདྲ་ཐབས་སྐྱོ་བ་ཞིག་གང་ན་ཡོད།
སེམས་ཚོར།
༢༠༡༣/༠༨/༠༤ ཉིན་འདོན་སྤེལ་བྱས།


༑སྤྱི་དངུལ་ཁྱེར་ཏེ་གར་སོང་ཆ་མེད་ཕྱིན་པའི་མི་འདིའི་གནས་ཚུལ་ལ་བསམས་ན། ཁོ་ཐབས་ཟད་དེ་འདྲེ་ཤིག་ཨི་ཁུང་ནང་ཡལ་འགྲོ་བ་བཞིན་གནས་སྐབས་རྙེད་དུ་མེད་པར་གྱུར་ཡོད། འདི་ནི་ལྐོག་ཟ་རུལ་སྲུང་མ་རེད། འདི་ནི་མདུན་ཟ་ཡ་ཡུ་བྱེད་པ་རེད།

འདི་ལས་རྡུགས་པ་ད་ལྟའང་རྐུབ་ཀྱག་འཛིན་བཞིན་ལྐོག་ཟ་བྱེད་མུས་ཡིན་པ་མང་པོ་རང་རེའི་སྤྱི་ཚོགས་ནང་ཡོད་པ་ངེས།

དཔེར་ན། ལྷོ་ཕྱོགས་གཞིས་ཆགས་ཤིག་གི་ནང་རོགས་ཚོགས་དང་འབྲེལ་ལམ་བྱེད་པོ་ལས་བྱེད་ཅིག་གིས་མི་མང་གི་ཕྲུག་གུའི་ཟླ་རེའི་སྦྱིན་བདག་གི་རོགས་དངུལ་དང་རྩེད་ཆས་བཏང་<བ་རྣམས་ལས་བྱེད་དེའི་དངུལ་དེབ་ཏུ་བཅུག་པ་དང་། རྩེད་ཆས་ལེགས་པའི་གྲས་རང་གི་ཕྲུག་གུར་སྤྲད་པ་མ་ཚད། མི་མང་ཉམ་ཆུང་རྣམས་ཀྱི་མདུན་དུ་འཛེམ་མེད་རྩེད་ཆས་དེ་རྣམས་ལ་སྤྱོད་པ་བྱས་པ་དང་། དེང་སང་ལས་བྱེད་དེ་ནི་སྤྱི་འཐུས་གྲས་ཡིན་པ་དང་། ཕྲུག་གུ་ཚར་ལོངས་བྱུང་བ་དེ་རྣམས་འགའ་ཤས་དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་བྱེད་ཡིན་མདོག་གིས་ས་ག་ཟླ་བའི་ཚེས་བཅོ་ལྔར་ཡང་མཚན་ཚོགས་གར་ཁྲབ་དངུལ་དོད་ལག་འཁྱེར་བཙོངས་པའི་གནས་ཚུལ་འདུག །

༑བོད་གཞུང་ལས་བྱེད་ཚོར་ཞབས་གླ་ཆུང་བའི་དཀའ་ངལ་ཡོད་རེད། ཡིན་ནའང་། གླ་ཕོགས་འདང་ངེ་བ་མིན་འདུག་སེམས་པ་དང་། རིམ་པ་གོང་མའི་ནང་ལའང་སྤྱི་རྒྱུ་ལྐོག་ཟ་བྱེད་ཀྱི་ཡོད་ནའང་། སོ་སོའི་ལས་འབྲས་སོ་སོས་སྲུང་སྟེ་ལས་ཀ་ཅམ་གྱིས་བཞག་སྟེ་ཡང་དག་པའི་འཚོ་བ་ཞིག་ནང་གཞུག་པའི་ཐབས་ལམ་བསྟེན་དགོས།

༑དུས་བབ་དྲྭ་རྒྱ་འདི་ཅིག་པུའི་ནང་སྤྱི་རྒྱུ་ཟ་བའི་གནས་ཚུལ་འདོན་སྤེལ་བྱེད་བཞིན་པ་འདི་ཡག་པོ་འདུག་ལ་བསྔགས་བརྗོད་ཡོད། གནས་ཚུལ་འདི་ཚོ་སྤྱི་ཚོགས་ནང་ཐེར་འདོན་བྱེད་དགོས་པ་གནད་ཆེ། ལྕགས་ཀྱི་པགས་པའི་གདོང་པ་ཡོད་ན་མ་གཏོགས་ཐེར་འདོན་བྱེད་བཞིན་བྱེད་བཞིན་འདི་རིགས་ཇེ་ཉུང་འགྲོ་ཐུབ། རྣམ་པ་གཅིག་ཏུ་ན་མེད་པ་འོང་བ་འཛམ་གླིང་ཡུལ་ཀུན་ཏུ་མེད།

༑རྒྱ་གར་ནང་བདག་ཉིད་ཆེན་པོ་གཱནྡཱིའི་རྗེས་འབྲངས་པ་རྣམས་ཀྱིས་ད་ལྟའང་བརྒྱུད་འཛིན་བྱེད་བཞིན་པའི་རང་ཡུལ་ནས་འཐོན་པ་དང་ཡུལ་མིས་རང་གི་ལག་པས་བཟོས་པའི་གྱོན་ཆས་སོགས་འཚོང་བའི་ཚོང་ཁང་། ཀཱདཱི་ཚོང་ཁང་ཞེས་པ་རྒྱ་གར་གྲོང་ཁྱེར་དང་གྲོང་ཆུང་ཕལ་ཆེ་བའི་ནང་ཡོད། དེའི་ནང་དངོས་ཆས་ཉོ་སྐབས་ཧོབ་སྟེ་བལྟས་ན་དགོད་བྲོ་བོ་ཡོད་དེ། དཔེར་ན། སྟོད་གོས་ཤིག་ཉོ་བ་ཡིན་ན། དང་པོ་སྟོད་གོས་སྟོན་མཁན་གྱི་ལས་བྱེད་དེ་ལ་གང་འདོད་པའི་སྟོད་གོས་དེ་དགོས་ཡོད་པ་ལབ་རྗེས། ལས་བྱེད་དེས་ཤོག་བུ་ཚོན་ཁྲ་མི་འདྲ་བ་ཅན་གྱི་འཛིན་ཞིག་སྤྲོད་ཀྱི་རེད། དེ་འཁྱེར་ཏེ་དངུལ་གཉེར་ཞིག་ཡོད་པ་དེ་ལ་འཛིན་དེ་སྤྲད་པ་དང་། སྟོད་གོས་དེར་རིན་པ་གང་གནས་ཀྱི་པད་ཤག་ཕར་སྤྲད་རྗེས། དདུལ་གཉེར་དེས་ཤོག་བུ་ཚོན་ཁྲ་མི་འདྲ་བ་ཅན་གྱི་དངུལ་འཛིན་ཞིག་དང་དེའི་འདྲ་བཤུ་ཞིག་བཅས་ཚུར་སྤྲོད་པ་ཡིན། དེ་གཉིས་འཁྱེར་ཏེ་ད་གིན་སྟོད་གོས་སྟོན་མཁན་གྱི་ལས་བྱེད་དེར་འཛིན་དེ་གཉིས་སྤྲད་པའི་རྗེས། གཞི་ནས་ལས་བྱེད་དེས་སྟོད་གོས་དེ་ཚུར་སྤྲོད་པ་དང་འཛིན་གྱི་འདྲ་བཤུ་དེ་ཁོ་པས་ཉར་ཚགས་བྱེད་པ་དང་། འཛིན་ངོ་མ་དེར་ཐེལ་ཙེ་བརྒྱབས་ཏེ་ཚུར་སྟོད་གོས་དེ་དང་མཉམ་དུ་སྤྲོད་པ་བྱེད། ཚོང་ཁང་ཆུང་ཆུང་ཞིག་ནང་ཕར་འགྲོ་ཚུར་འགྲོ་བསྐོར་བ་གཅིག་རྒྱག་དགོས་དུས་དོན་མེད་རྫིག་རྫིག་རྒྱས་སྤྲོས་བྱེད་པ་ལྟ་བུའི་ཉམས་ཚོར་བྱུང་སྲིད་ཀྱང་། དེ་ནི་དངུལ་དང་དངོས་ཆས་རྫུན་ཟ་མི་འགྲོ་བའི་ཆེད་དུ་ཡིན།་ལས་བྱེད་ཚང་མ་མཉམ་རུབ་རྫུན་ཟ་བྱས་ན་མ་གཏོགས་རྫུན་ལས་འགྲོ་ས་མེད་པའི་ཆེད་ཡིན།

རྒྱ་གར་གྱི་གཞུང་འབྲེལ་བསྟི་གནས་དང་ཚོང་ཁང་མང་པོའི་ནང་ལུགས་བཟང་པོ་དེ་ཡོད་པས། ལས་བྱེད་ཚང་མ་མཉམ་རུབ་ཟ་བ་དང་། འགའ་ཤས་ཀྱིས་རྩིས་ཁྲ་སྦེད་སྐུང་བྱེད་པར་མཁས་པའི་སྒོ་ནས་རྫུན་ཟ་བྱེད་ན་མ་གཏོགས་རྫུན་འགྲོ་ས་མེད་པ་ལྟ་བུའི་ལམ་ལུགས་ཡིན་པ་རེད། འདི་དང་ཆ་འདྲ་བ་སྨན་རྩིས་ཁང་ལ་སྨན་གཏུག་དང་སྨན་བླུ་ཡོན་ཞུ་སྐབས་སོགས་སུ་རྩིས་པའི་སར་གཅིག་འགྲོ ། སྨན་སྤྲོད་པའི་སར་གཅིག་འགྲོ་བ་དོན་དུ་གཱནྡཱིའི་དོ་དམ་གཟབ་པའི་རྗེས་སྙེག་ཡིན་ཁུལ་རེད།

༑དུས་བབ་དྲྭ་རྒྱར་སླར་ཡང་བསྔགས་བརྗོད་ཞུ་བ་ཡིན།། །།

ཀརྨ་རྡོ་རྗེ།
༢༠༡༣/༠༨/༠༤ ཉིན་འདོན་སྤེལ་བྱས།
དེང་གི་བོད་པའི་ལས་བྱེད་ཚོ་ནི། བོད་དོན་ལ་རྒྱ་ཆུང་དུ་ཆུང་དུ། རྐུ་མ་དང་ལྐོག་ས་རུལ་སྲུང་མང་དུ་མང་དུ། ད་ཡང་ལས་ཀྱིས་དབང་གིས་ ༡༩༥༩ གསར་པ་ཅིག་མི་འོངས་བའི་སྨོན་འདུན་ཡོད་ཞུ་བཞིན་ཡོད་གདའ།། །།
རྡོ འཇམ་ཚུལ།
༢༠༡༣/༠༨/༠༤ ཉིན་འདོན་སྤེལ་བྱས།
རྐུན་མ་འདི་ཁྱད་པར་བ་ཞིག་ཡིན་པ་འདྲ། འགོ་འགན་འཛིན་ནས་མཇུག་གསར་འགོད་པ་ཚུན་གྱིས་མྱིང་ནས་འཛིན་ཕོད་མི་འདུག བོད་ཀྱི་གཏམ་དཔེར། རྐུན་མ་དཔའ་དར་དང་སྤྱང་ཀིར་རྣ་ཚལ་ཞེས་པ་ལྟར་སྦས་གང་ཐུབ་དང་མཐའ་ན་གཞུང་གིས་ལག་པ་འཆིང་ས་མེད་པར་བཟོ་བའི་ཐབས་ཚུད་ཆོད་ནས་བརྒྱུད་བསྒྲགས་བྱས་འདུག འདི་ལ་ཡང་གཏམ་དཔེར། འདྲེ་ཡིས་མ་དྲན་གོང་ནས་ནད་པས་དྲན་ཞེས་པ་དང་ཅེས་མི་མཚུངས།
རྡོ འཇམ་ཚུལ།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
ཧཧཧཧཧ་མི་མིང་མེད། རྫ་མ་ལུང་མེད། རྐུན་མ་སྐྱིད་པོ་རེད། ལག་པས་འཛིན་ས་འགྲོ་རྒྱུ་མ་རེད།
ཧོར་བུ་ཡེ་ཤེས
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
བོད་གཞུང་ལས་བྱེད་དེ་ཚོ་དེང་སང་མིང་མེད་པ་ངོ་མ་ཆགས་ཚར་འདུག །ཡག་མཚན་རེད་མིང་མེད་མཁན་དེ་ཚོ་ལ་ལས་ཀ་སྤྲོད་ཡག་དེ་།སྔོན་མ་ལས་བྱེད་ཁ་ཤས་ཀྱི་མི་མང་སྤྱི་རྒྱུ་རྐུས་སོང་ཡང་མིང་མི་འདུག །ད་རིང་ཡང་མིང་མི་འདུག །གསར་འགོད་པའི་བྱེད་མི་ཤེས་པའི་ཡར་རབ་ཅིག་ནི་ཡིན་རྒྱུ་མ་རེད།
དྲང་བདེན་གྱི་སློང་མོ་བ།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
དབུས་ས་གཉིས་ཇི་ལྟར་ཆགས་མིན་གསལ་པོ་ཤེས་དགོས་ན་གཞོན་ནུ་ཚོགས་པར་གཟིགས་ན་ཤེས་ཀྱི་རེད་། ག་དུས་ཡིན་ན་གོ་སྐབས་ཤིག་རྩལ་ནས་ཡན་ལག་ཁག་གི་སྒུག་སྡོད་པའི་བཟོ་འདྲ་ཞིག་ཡོད་རེད། མ་འོངས་གཞུངས་དང་གཞུང་འབྲེལ་མ་ཡིན་པ་སུ་ཡིན་རུང་དེའི་ཉམས་ལེན་ལྟ་དགོས་སྙམ
མི་རྒོད།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
ཕལ་ཆེར་རྐུན་མ་འདི་བལ་ཡུལ་མི་དང་འབྲེལ་བ་ཆེན་པོ་ཡོད་སྲིད་པ་རེད་དབུས་སྨན་རྩིས་ཁང་ཞིབ་གཤེར་ཡག་པོ་བྱེད་དགོས་པ་རེད། རྐུན་མ་འདི་དགེ་རྒན་སུ་ཡིན་ཤེས་ཚེ་དགེ་འོ།།།
མི་ཆུང་
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
ངས་གོ་ཐོས་ལ་དབུས་སྨན་རྩིས་ཁང་གི་ཁྱབ་ཁུངས་ལས་བྱེད་པ་ཚོར། མིང་མེད་ཟེར། མིང་དེ་ཚོ་མི་ལ་ལས་ཟོས་སོང་བ་རེད་ཟེར། མིང་ཙམ་མ་ཟད། དེ་སྔོན་མི་ཡང་མེད་ཟེར། གང་དུ་འཕུར་ཡོད་མེད་སུས་ཀྱང་མི་ཤེས། ད་ལྟ་རིམ་གྱིས་མི་མཐོང་གི་ཡོད་ཚོད་འདུག ད་དུང་མིང་ཐོས་པར་དུས་ཚོད་ག་ཚོད་འགོར་གྱི་ཡོད་མེད་བཤད་དཀའ་བར་སྣང་
བོད་དགའ།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ནས།
"དངུལ་འབུམ་གཅིག་རེ་དེ་འདྲའི་རིགས་ལ་འཕྲལ་སེལ་གཡར་ཡོད་སྲིད་ཀྱི་རེད་བསམ་གྱི་འདུག གལ་སྲིད་ཁོ་རང་གིས་དངུལ་དེ་འཁྱེར་ནས་བོད་ནང་ལ་ཕྱིན་པ་དང་། རྒྱ་གར་ནང་ཡོད་པའི་ཁོང་གི་ནང་མི་ཚོས་ང་ཚོར་འབྲེལ་བ་མེད་ཅེས་ལབ་པ་ཡིན་ན། གནས་ཚུལ་ཁ་ཁ་རེད་མ་གཏོགས།" ཟེར།

ས་ལི་སྒར་ས་གནས་སྨན་ཁང་གི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ནས།
''གལ་སྲིད་ཁོ་བལ་ཡུལ་ནང་ཕྱིན་པ་ཡིན་ན་ང་ཚོས་འཚོལ་རྒྱུ་ཁག་པོ་རེད” ཟེར།

ནང་མིའི་ཨ་ཅག་ལགས་ནས།
"མ་གཞིར་བཙན་བྱོལ་སྤྱི་ཚོགས་ནང་གནས་ཚུལ་དེ་རིགས་མང་ཐག་ཆོད་ཅིག་ཡོད་པ་རེད། སྨན་རྩིས་ཁང་གིས་གནས་ཚུལ་དེ་ཕྱི་ལོགས་སུ་ཁྱབ་ཏུ་བཅུག་པར་བློ་ཕམ་ཡོད།'' ཟེར།
ད་ནི་བཙན་བྱོལ་སྤར་མོ་གང་དེ་ལའང་འཁྲུག་ཐག་ཆོད་འདུག འཛམ་གླིང་སྟེང་ལྐོག་ཟ་རུལ་སོང་ཆེ་ཆོས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ལྟ་བུ་ལའང་འདི་འདྲའི་གློག་བརྙན་འཁྲུག་པོ་སྟོན་རྒྱུ་མི་འདུག་གོ།།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
གསར་འགོས་པས་ཁ་པར་བརྒྱུད་ལས་བྱེད་དེའི་ནང་མིར་སྐད་ཆ་དྲིས་པར་ཨ་ཅག་ཅིག་གིས། ཁོ་རང་གིས་ས་ལུ་སྒར་སྨན་ཁང་ནང་ལས་ཀ་དེ་འདྲ་ཞིག་བྱས་པ་དེ་ཧ་ཅང་ཐབས་སྐྱོ་བོ་དང་ངོ་ཚ་བོ་ཞེ་དྲག་རེད། ང་ཚོས་འབད་བརྩོན་བྱས་ཏེ་ཁོ་རང་འཚོལ་བཞིན་ཡོད། ཡིན་ནའང་དེའི་སྐོར་གྱི་གནས་ཚུལ་གསར་འགོད་པར་ཞུ་འདོད་མི་འདུག མ་གཞིར་བཙན་བྱོལ་སྤྱི་ཚོགས་ནང་གནས་ཚུལ་དེ་རིགས་མང་ཐག་ཆོད་ཅིག་ཡོད་པ་རེད། སྨན་རྩིས་ཁང་གིས་གནས་ཚུལ་དེ་ཕྱི་ལོགས་སུ་ཁྱབ་ཏུ་བཅུག་པར་བློ་ཕམ་ཡོད་ཅེས་སོགས་བརྗོད་བྱུང་། ་ཟེར། ཧཧཧཧཧཧཧཧཧཧ།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
མིང་མེད་པའི་རྐུན་མ་ཞིག ཧཧཧཧཧཧཧཧཧཧཧ་
མིང་དང་པར་བཅས་འདིར་བཀོད་ནས་སུས་ཁོ་མཐོང་ན་འཛིན་རོགས་ཞུ་དགོས་པ་རེད། གཅིག་ནས་གསལ་བསྒྲགས་འདྲ་བོ་གཉིས་ནས་སྦས་སྐུང་འདྲ་བོ་ཆོ་ག་རེ་ཡོད།
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༨/༠༣ ཉིན་འདོན་སྤེལ་བྱས།
བཙན་བྱོལ་དུ་ལས་བྱེད་པས་དངུལ་ལྐོག་ཟ་བྱེད་པ་ནི་རྒྱུན་ལྡན་ཞིག་རེད།
ངས་ལྷ་རྒྱལ་ལོ་ཞུ་གི་ཡོད
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།