ཨོ་རི་སའི་བོད་མི་བརྒྱ་ཆ་དགུ་བཅུར་ས་ཐོ་ལག་འཛིན་རག་ཡོད་ཟེར།

འདོན་སྤེལ། ༢༠༡༣/༠༨/༠༥

བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གི་རོགས་རམ་འོག་ཨོ་རི་ས་ཕུན་ཚོགས་གླིང་གི་ས་ཆའི་རྩོད་རྙོག་ཁྲོད་བརྒྱ་ཆ་ ༩༠ ཙམ་གྱི་ས་ཐོ་ལག་འཛིན་རག་ཡོད་ཀྱང་། ད་ལྟ་ས་ཐོི་ལག་འཛིན་གྱི་མིང་བསྒྱུར་བཅོས་ཐོག་དཀའ་ངལ་མུ་མཐུད་ལྷག་ཡོད་འདུག་ལ། ས་གནས་ཡུལ་མི་ཚོས་ཀྱང་རྙོག་དྲ་ཕྲན་བུ་མུ་མཐུད་བཟོ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་དུ། རྒྱ་གར་ཡུལ་མི་ཚོས་ས་ཆའི་ཐོག་རྙོག་ཟིང་བཟོས་ཏེ་བོད་མི་ཚོས་ས་ཞིང་འདེབས་ལས་བྱེད་ཐུབ་མེད་པ་དང་། འདི་ལོའི་ཕྱི་ཟླ་ ༥ བའི་ཚེས་ ༡༣ ཉིན། ས་གནས་ཀྱི་དམར་ཤོག་ཆབ་སྲིད་མི་སྣ་རེ་ཟུང་གིས་ལུང་པ་གཞན་གྱི་ཡུལ་མི་ ༥༠༠ ལྷག་ལ་ཉིན་རེར་ཧིན་སྒོར་ ༣༠༠ རེ་སྤྲད་དེ་ཨོ་རི་ས་ཕུན་ཚོགས་གླིང་གི་གཞིས་གྲོང་ལྔ་བའི་ནང་ཟིང་ཆ་བཟོས་ཏེ། གཞིས་གྲོང་ནང་རྒྱ་གར་གཞུང་གིས་ས་ཆ་བགོ་བཤའ་རྒྱག་སྐབས་ཚད་གཞིའི་ནང་མ་བཀོད་པའི་ཤིང་ནགས་དང་། བོད་མིས་འདེབས་ལས་མ་ཐུབ་པ་སོགས་ཀྱི་ཐོག་དམར་ཤོག་གི་རྒྱལ་དར་བཙུགས་ཏེ་བདག་བཟུང་བྱས་སྟབས། གཞིས་གྲོང་ཁག་གི་ཡུལ་མི་ཚང་མ་འདུ་འཛོམས་ཀྱིས་རྒྱ་གར་གཞུང་ལ་ཞུ་གཏུག་བྱས་མཐར་ས་ཞིང་འདེབས་ལས་བྱེད་ཐུབ་ཙམ་བྱུང་ཡོད་འདུག

ཨོ་རི་ས་ཕུན་ཚོགླིང་གཞིས་ཀྱི་ས་ཞིང་འདེབས་ལས་ཀྱི་དཀའ་རྙོག་དེ་ནི། ༡༩༦༣ ལོར་བོད་པའི་གཞིས་གྲོང་ཐོག་མར་རྒྱག་སྐབས། རྒྱ་གར་གཞུང་གི་དམིབསལ་སྐུ་ཚབ་ཀྱིས་བོད་མིཚོར་ས་ཆ་བོགས་གཏོང་གིཡིག་ཆའི་ངོ་བཤུས་མ་སྤྲད་པ་ཡིན་ནམ། ཡང་ནས་ས་གནས་བོད་མི་ཚོས་བོར་བརླག་ཕྱིན་པ་གང་ཡིན་སལ་ཁ་མེད་ཀྱང་ ༡༩༦༥ ལོ་ནས་ ༡༩༧༥ བར་ས་ཆ་བོགཏོང་བྱས་ཡོད་པའི་ཡིག་འབྲེལ་ཙམ་ལས། གན་རྒྱའི་ཡིག་ཆ་ངོ་མ་དེ་རག་མེད་པ་དང་༡༩༧༥ ལོར་བསྐྱར་དུ་འཕར་འགྱངས་དུས་ཚོད་སླེབས་སྐབས་ཀྱང་ལོ་ ༢༠ རིང་བོགས་གཏོང་འཕར་འགྱངས་སྤྲད་པའི་ཡིག་འབྲེལ་ཙམ་ལས། རྒྱགར་གཞུང་གིས་བོད་མི་དོ་བདག་སོ་སོའི་ས་ཆ་ཐོབ་ཁོངས་ཀྱི་འགེངས་ཤོག་བསྐངས་ཏེ་ཡར་འབུལ་དགོས་ཚུལ་བརྗོད་སྐབས་བོད་མི་ཚོས་ལྷོད་ཡངས་བཏང་ཡོད་པ་མ་ཟད། ༡༩༩༥ ལོ་ནས་ ༢༠༠༨ ལོའི་བར་ས་ཆ་བོགས་གཏོང་གི་དུས་ཚོད་འཕར་འགྱངས་ཐད་ཡིག་འབྲེལ་ཙམ་ཡང་མ་བྱས་པར་བཞག་ཡོད་འདུག

༢༠༠༣ ལོར་བཀའ་ཤག་སྐབས་བཅུ་གཉིས་པས་ས་ཆའི་ཡིག་ཆ་ཡོད་པ་རྣམས་ཁྲིམས་སྒྲིག་ཐོག་བཟོ་རྒྱུ་དང་སྔར་མེད་པ་རྣམས་བསྐྱར་ཞུ་གནང་རྒྱུ། དུས་ཚོད་རྫོགས་ཟིན་པ་ཁག་འཕར་འགྱངས་བྱ་དགོས་པ་བཅས་ཀྱི་ལམ་སྟོན་གནང་བ་ལྟར། ཨོ་རི་སའི་བོད་མི་ཚོས་ཀྱང་ས་ཐོ་ལག་འཛིན་གྱི་འགེངས་ཤོག་བསྐངས་ཏེ་ཚར་ལ་ཉེ་སྐབས། ༢༠༡༢ ལོའི་ཕྱི་ཟླ་ ༦ པའི་ནང་ཆབ་སྲིད་མི་སྣ་རེ་ཟུང་གིས་རྒྱགར་ཡུལ་མིར་སྐུལ་སློང་གིས་མི་རེར་ཧིན་སྒོར་ ༡༥༠ རེ་སྤྲད་དེ་བོད་མིའི་རྒྱ་གར་གྱི་ས་ཆ་ཧམ་བཟུང་བྱས་ཡོད་ཚུལ་གྱིས་ངོ་རྒོལ་བྱས་སྟབས། བོད་མི་ཚོས་ས་ཞིང་འདེབས་ལས་བྱས་མ་ཐུབ་པར་ཞིང་ཁ་ཡོངས་རྫོགས་སྟོང་བར་སྐྱུར་དགོས་བྱུང་ཡོདའདུག ཕྱིས་སུ་བོད་མིིོའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ས་གནས་མི་མང་མཉམ་རུབ་ཐོག་བོད་མི་ཚོར་ས་ཐོ་ལག་འཛིན་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཏེ། ༢༠༡༣ ཟླ་ ༤ ཚེས་ ༣༠ ནས་བཟུང་རྫོང་ཚབ་(Sub Collector) དང་ (Addl. District Magistrate) གཙོས་འབྲེལ་ཡོད་ (Tahasildars, Revenue Inspectors) དང༌། ཡུལ་མིའི་མགོ་དཔོན། གཞིས་མི་བཅས་པ་ཚང་འཛོམས་ཐོག་ ༢༠༠༨ ལོ་ནས་ ༢༠༡༨ བར་ལོ་ ༡༠ རིང་འཕྲལ་སེལ་ས་ཐོ་ལག་འཛིན་གྱི་ཡིག་ཆ་བགོ་འགྲེམས་བྱེད་ཐུབ་པ་བྱུང་ཡོདའདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གསར་འགོད་པས་ཁ་པར་བརྒྱུད་ཨོ་རི་ས་ཕུན་ཚོགས་གླིང་ཕུན་ཚོགས་གླིང་གཞིས་གྲོང་ལྔ་བའི་ས་ཁང་ཞིབ་འཇུག་ཚོགས་མི་ཚེ་རིང་རྒྱལ་བོ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས་འདི་ལོའི་ཕྱི་ཟླ་ ༤ བའི་ཚེས་ ༣༠ ཉིན་བོད་མིའི་ཁྱིམ་ཚང་བརྒྱ་ཆ་ ༩༠% ལ་ས་ཐོ་ལག་འཛིན་དངོས་སུ་རག་ཡོད་ཀྱང་། སྤྱི་བའི་ས་ཆ་བརྒྱ་ཆ་ ༡༠% ལ་ས་ཐོ་ལག་འཛིན་རག་མེད་པ་དང་། མི་རབས་རྒན་པ་མང་ཆེ་བ་རྫོགས་ཡོད་སྟབས་རྒྱ་གར་གཞུང་གིས་གནང་བའི་ས་ཐོ་ལག་འཛིན་གྱི་མིང་བརྗེ་བསྒྱུར་མ་ཐུབ་པར་ལྷག་ཡོད་སྐོར་བརྗོད་བྱུང་། དཀའ་ངལ་དེའི་རྒྱབ་ལྗོངས་སྐོར་ལ་ཁོང་གིས ཨོ་རི་ས་ཕུན་ཚོགས་གླིང་ལ་མཚོན་ན་དེ་སྔོན་ནས་དམར་ཤོག་གི་ལྟ་བ་འཁུར་མཁན་གྱི་ཆབ་སྲིད་པ་རེ་ཟུང་གིས། ཡུལ་མི་དང་ས་གནས་གཞན་གྱི་རྒྱ་གར་བར་ས་ཞིང་དང་ཁང་པ་སྤྲོད་རྒྱུ་ཡིན་ཞེས་མགོ་སྐོར་བསླུ་བྲིད་བཏང་སྟེ། བོད་མི་ཚོར་དཀའ་ངལ་མང་པོ་བཟོས་པ་རེད། ཡིན་ནའང་། བོད་མིའི་ངོས་ནས་གཞུང་ལ་ཞུ་གཏུག་བྱེད་རྒྱུ་ལས་ཡུལ་མིར་འཁྲུག་རྩོད་སོགས་ཀྱི་གནས་ཚུལ་གཅིག་ཀྱང་བྱུང་ཡོད་མ་རེད།  འདི་ལོ་ང་ཚོ་བོད་མི་ཚོར་ས་ཐོ་ལག་འཛིན་རག་ཡོད་ཀྱང་། ད་དུང་ཧམ་བཤད་བྱས་ཏེ་སྤྱི་བའི་ས་ཆར་ཨེ་ཀར་ ༥ ལྷག་ལ་ས་ཐོ་ལག་འཛིན་མ་རག་པར་ལྷག་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ད་ལོ་ས་ཞིང་འདེབས་ཐུབ་ཙམ་བྱུང་སྟེ་ཕྱི་ཕྱོགས་ཀྱིས་མིས་བལྟས་ན་ང་ཚོར་ཞི་འཇམ་གྱི་རྣམ་པ་ཡོད་ཀྱང་། ཉེ་ཆར་ཡུལ་མི་ཚོས་ཐོག་མའི་ས་ཆ་བགོ་འགྲེམས་སྐབས་ཚད་གཞིའི་ནང་མེད་པའི་ས་སྟོང་དང་ཤིང་ནགས་ཡོད་ས། གཞིས་གྲོང་ནང་ཁུལ་གྱི་ས་ལྷག ས་ཞིང་འདེབས་ལས་མ་ཐུབ་པ་དང་བོགས་གཏོང་བྱས་པའི་རིགས་ཀྱི་ཐོག་དར་ཆ་དམར་བོ་བཙུགས་ཏེ་བདག་བཟུང་བྱས་པ་དང་། ཁ་ཤས་ཁོང་ཚོས་འདེབས་ལས་བྱེད་ཀྱི་འདུག ད་ཆར་དེ་སྔོན་ས་ཐོ་ལག་<འཛིན་ཡོད་པའི་མི་བརྒྱ་ཆ་% ཙམ་ལས་ཡོད་པ་མ་རེད། མང་ཆེ་བ་གྲོངས་ཚར་བ་རེད། ཁ་ཤས་གནས་སྤོར་བྱས་ཚར་བ་རེད།  དེའི་ལྷག་མ་དེ་དག་གཞི་ནས་བཟོ་རྒྱུ་ལྷག་བསྡད་ཡོད་པ་རེདཅེས་བརྗོད་བྱུང་

ཡང་གསར་འགོད་པས་ཨོ་རི་ས་ཕུན་ཚོགས་གླིང་གི་གཞིས་མགོ་ཆོས་ནོར་བསམ་འགྲུབ་ལགས་སུ་བཅར་འདྲི་ཞུས་པར། ༢༠༡༢ ལོར་ཡུལ་མིའི་རྙོག་དྲ་བཤད་དེ་ས་ཞིང་འདེབས་ལས་བྱེད་ཐུབ་ཡོད་པ་མ་རེད། སྐབས་དེར་ང་ཚོར་མངའ་སྡེ་གཞུང་གིས་རོགས་སྐྱོར་གནང་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཧིན་སྒོར་འབུམ་ ༡༩ ལྷག་སྤྲད་དེ་རོགས་རམ་གནང་སོང་། ད་ལྟ་བོད་མི་བརྒྱ་ཆ་ ༩༠% ལ་ས་ཐོ་ལག་འཛིན་རག་ཡོད་ཀྱང་། བརྒྱ་ཆ་ ༡༠% ཙམ་ད་དུང་རག་ཡོད་པ་མ་རེད། ཡུལ་མིར་ཡང་སྤྲད་ཡོད་པ་མ་རེད། ད་ལྟའི་བར་ང་ཚོ་ཆབ་སྲིད་ཚོགས་པའི་མི་སྣ་དང་ཐད་ཀར་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་མེད་ཀྱང་མི་བརྒྱུད་དེ་སྐད་ཆ་བཤད་རྒྱུ་བྱུང་ཡོད། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་ཕེབས་ཏེ་མི་མང་ལ་ཞི་འཇམ་གྱི་ངང་ནས་དཀའ་རྙོག་སེལ་དགོས་པའི་ལམ་སྟོན་གནང་སོངཞེས་བརྗོད་བྱུང་

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༢༤༡༦ ལ་བཀླགས་འདུག
རིག་པ་འདོན་པ།
མི་རྒོད།
༢༠༡༣/༠༨/༠༦ ཉིན་འདོན་སྤེལ་བྱས།
ཡ་འདི་བོད་ཀྱི་སྲིད་སྐྱོང་མཆོག་གི་བཀྲིན་རེད་ད་ཧ་གོ་སོང་འོ་འདི་ཡར་རྒྱས་ཟེར་བ་རེད་ཡིན་ནའང་དུས་བབས་ཚང་གི་མཆན་འདི་འཇུག་མིན་མི་ཤེས་སོ།།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།