བསྐྱར་འགོད་མི་བྱེད་ཐབས་མེད་བྱུང་བའི་གསར་འགྱུར་རྙིང་པ་ཞིག

འདོན་སྤེལ། ༢༠༡༣/༠༨/༠༨

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཞོགས་པར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་མཐའ་རུ། བོད་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཟིན་པ་ཀརྨ་ངེས་དོན་རྒྱ་མཚོ་ལགས། ཐོག་མ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ་ངྷ་རམ་ས་ལའི་སྣེ་ལེན་ཁང་དུ་བཞུགས་སྐབས། ༢༠༡༡ ཟླ་ ༡༡ ཚེས་ ༡༤ ཉིན་འདི་གའི་གསར་འགོད་པས་ཁོང་གི་ལོ་རྒྱུས་དང་བོད་ནང་གི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་ཏེ་བོད་ཀྱི་དུས་བབ་ཚགས་པར་དང་དྲ་ཚིགས་གཉིས་ནང་<<རྒྱ་ནག་དེ་ཁྲིམས་མེད་ལུགས་མེད་ཇག་ཚོགས་ཤིག་ཏུ་མཐོང་སོང་>> ཞེས་པའི་ཁ་བྱང་འོག་བཀོད་ཡོད་པ་ཞིག་གཤམ་དུ་བསྐྱར་འགོད་བྱས་ཡོད།

  ཉེ་ཆར་བོད་ནས་གསར་དུ་འབྱོར་ཏེ་ད་ཆར་དབུས་སྣེ་ལེན་ཁང་དུ་བཞུགས་ཡོད་པའི་ཕ་ཡུལ་ནག་ཆུ་འདམ་གཞུང་ཡང་པ་ཅན་ནས་ཡིན་པ་གྲྭ་ཀརྨ་ངེས་དོན་རྒྱ་མཚོ་ལགས་སུ། གསར་འགོད་པས་ཁོང་གི་མི་ཚེའི་ལོ་རྒྱུས་རག་བསྡུས་དང་འབྲེལ་ཕ་ཡུལ་གྱི་གནས་སྟངས་དང༌། ཐེངས་འདིར་རྒྱ་གར་ནང་ཡོང་དགོས་པའི་རྒྱུ་མཚན་བཅས་ཀྱི་སྐོར་གླེང་མོལ་བྱས་ཡོད། གྲྭ་ཀརྨ་ངེས་དོན་རྒྱ་མཚོ་ལགས་ནི་རང་ལོ་  ༡༣ སྟེང་འདམ་གཞུང་ཡང་པ་ཅན་དགོན་པ་རུ་གྲྭ་བ་བྱས་ཀྱང༌། ཆོས་སྒོར་ཞུགས་པའི་ལོ་དེ་ནས་ཁོང་གི་རྐང་པར་ནད་གཞི་ཞིག་ཕོག་སྟེ་ཕྱིར་ཁྱིམ་དུ་ལོག་དགོས་བྱུང་ཡོད་ཀྱང༌། ནང་ནས་ལོ་ ༥ ཙམ་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་པར་རྐང་པ་གཉིས་ཞ་བོར་གྱུར་རྗེས་སླར་དགོན་པར་ཕྱིན་ཡོད་འདུག སྔ་ལོའི་བོད་ཟླ་ ༢ པ་ནང་དགོན་པ་ནས་ཐོན་ཏེ་ལག་པ་གཉིས་ལ་རྟེན་ནས་བོད་ནང་གི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕྱིན་ཡོད་ཅིང༌། མཐར་མ་ཕམ་གཡུ་མཚོ་དང་གངས་ཏི་སེ་བཅས་སུ་གནས་སྐོར་གྱིས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་རེད

ཐོག་མར་ཁོ་རང་གི་དགོན་པའི་གནས་སྟངས་དང༌། ད་ལན་རྒྱ་གར་ལ་ཡོང་དོན་སྐོར་བརྗོད་པ་ལྟར་ན། འདམ་གཞུང་ཡང་པ་ཅན་དགོན་པར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱས་ཏེ། དགོན་པ་དེར་གྲྭ་བ་ ༧༠ ཙམ་ཡོད་པ་ལས་ད་ཆར་གྲྭ་བ་ ༤༠ ཙམ་ལ་མ་གཏོགས་གྲྭ་བའི་ཐོབ་ཐང་སྤྲད་མེད་པ་མ་ཟད། དེ་དག་དགོན་པའི་བྱེད་སྒོ་ཁག་ཏུ་འཛུལ་ཞུགས་ཀྱི་ཐོབ་ཐང་མེད་པ་བཟོས་ཡོད་འདུག་ལ། དགོན་པར་འཆམ་འཁྲབ་རྒྱུ་དང་སྨོན་ལམ་འཚོགས་རྒྱུ་སོགས་ལ་ཡང་ཟླ་འགའི་གོང་ནས་ས་གནས་དཔོན་རིགས་ཚོར་ལྐོག་རྔན་སྤྲད་དེ་ཆོག་མཆན་ཞུ་དགོས་ཤིང༌། རྫོང་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་ཡོངས་རྫོགས་རྒྱ་རིགས་དང༌། ཁོང་ཅག་གི་འོག་ཏུ་ལས་ཀ་བྱེད་མཁན་གྱི་ལས་བྱེད་དཀྱུས་མ་དག་བོད་རིགས་ཡིན་སྟབས། བོད་རིགས་ལས་བྱེད་བེད་སྤྱོད་ཀྱིས་གཞུང་གི་སྲིད་ཇུས་ལག་བསྟར་དང་དགོན་སྡེ་ཁག་ཏུ་དམ་དྲག་བྱེད་པར་བསྐུལ་ཏེ། བོད་པས་བོད་པ་གཏོར་བརླག་གཏོང་དུ་འཇུག་གིན་ཡོད་འདུག

ཁོང་ལོ་བཅུ་གྲངས་ཤིག་ཏུ་དགོན་པར་བསྡད་རིང་གྲྭ་བའི་ཐོབ་ཐང་ལག་འཁྱེར་མ་སྤྲད་པའི་ཁར་དགོན་པའི་ནང་བསྡད་པ་དེ་ཡང་ཁྲིམས་འགལ་ལྟ་བུ་ཆགས་ཤིང༌། ལོ་སྔོན་མར་དགོན་པ་ནས་སྡོད་མི་ཆོག་པར་ནང་དུ་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཁོང་དགོན་པ་ནས་ཐོན་ཏེ་ཕྱོགས་ཡར་མར་ལ་གནས་སྐོར་དུ་འགྲོ་སྐབས་ཀྱང༌། རྒྱ་གཞུང་གི་གྲྭ་བའི་ཐོབ་ཐང་ལག་འཁྱེར་མེད་སྟབས། ཉེན་རྟོག་པ་ཚོས་སུན་གཙེར་བཟོ་བ་དང༌། གྲྭ་ཆས་གྱོན་མི་ཆོག་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང༌། ཁོང་གིས་གཅིག་ནས་རང་ཉིད་དབང་བོ་སྐྱོན་ཅན་ཡིན་པས་ལས་ཀ་བྱ་མི་ཐུབ་པ་དང༌། གཉིས་ནས་བདག་པོ་མེད་པའི་དབུལ་བོ་ཡིན་པས་གྲྭ་ཆས་གྱོན་པ་ནི་རང་ཉིད་ཀྱི་ལྟོ་གོས་ཆེད་ཡིན་སྐོར་བཤད་དེ་ཕྱིན་ཡོད་འདུག གསར་འགོད་པས་ཁོང་ལ་རྒྱ་ནག་གཞུང་གིས་དབུལ་བོ་དང་དབང་བོ་སྐྱོན་ཅན་ཚོར་སྐྱོབ་གསོ་སྤྲོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ང་ལ་རྒྱ་གཞུང་གིས་སྐྱོབ་གསོ་ཡིན་ཟེར་ནས་ལོ་གཅིག་རང་ལ། ཤ་རྒྱ་མ་གཉིས་དང༌། མར་རྒྱ་མ་གཉིས། རྩམ་པ་རས་ཁུག་གང་སྤྲད་བྱུང༌། དེ་མ་གཏོགས་སྐྱོབ་གསོ་དང་ལྟ་རྟོག་གང་ཡང་རག་མྱོང་མེད་ཅེས་བརྗོད་བྱུང༌།  

ཁོང་བོད་ཀྱི་ས་ཁུལ་མང་པོའི་ནང་གནས་སྐོར་དུ་ཕྱིན་པའི་མཐོ་ཐོས་གང་འདྲ་བྱུང་མྱོང་སྐོར་དྲིས་པའི་ལན་དུ། བོད་ཅེས་པ་འདི་བརླག་འགྲོ་བཞིན་འདུག་ཟེར་ལ། དེ་ཇི་ལྟར་རླག་བཞིན་པའི་སྐོར་ནས། ཁོང་སྡོད་སའི་ས་གནས་ནང་ ༢༠༠༥ ལོ་ཙམ་ནས་གཏེར་ཁ་སྔོག་འདོན་བྱས་ཤིང་ད་ཆར་རི་སྟོང་པ་ཆགས་ཏེ་ལས་གཞི་མཚམས་འཇོག་བཞིན་ཡོད་པ་དང༌། འདས་པའི་ལོ་ལྔ་དྲུག་རིང་ཉིན་རེར་གཏེར་རྫས་རླངས་འཁོར་བརྒྱ་ཕྲག་མང་པོ་རྒྱ་ཡུལ་དུ་དབོར་འདྲེན་བྱེད་ཀྱི་ཡོད་ཀྱང༌། ཁ་ནས་ནམ་རྒྱུན་བོད་ལ་རོགས་སྐྱོར་བྱེད་ཀྱི་ཡོད་ཟེར་ནས་བཤད་ཀྱི་ཡོད་ཚུལ་སོགས་བརྗོད་བྱུང༌།

ཡང་ཁོང་གིས་གནས་སྐོར་དུ་ཕྱིན་པའི་མཐོང་ཐོས་སྐོར་ལ་ཁོང་སྟོད་མངའ་རིའི་ཕྱོགས་སུ་ཕྱིན་སྐབས། གྲྭ་བ་ཚོའི་ལུས་ལ་གྲྭ་ཆས་གྱོན་པ་ཙམ་ལས་གྲྭ་བའི་འདུལ་ཁྲིམས་སྲུང་མཁན་མཐོང་དཀོན་པ་དང༌། རྒྱ་གཞུང་གིས་བོད་ཀྱི་ནང་བསྟན་གཙོ་བོར་གྱུར་པའི་རིག་གནས་སློབ་གསོ་རྩ་བརླག་བཟོ་བཞིན་ཡོད་པ་དང༌། སྤྱི་ཚོགས་ཀྱི་ཐད་ནས་ཀྱང་བོད་ཀྱི་ས་གནས་གང་དུ་ཕྱིན་ཡང་བོད་པ་ལས་རྒྱ་མི་མང་པ་དང༌། ས་ཁུལ་ཚང་མ་རྒྱའི་གྲོང་ཁྱེར་དུ་སྒྱུར་བཞིན་ཡོད་ཚུལ་རྗོད་བཞིན་ཁོ་དང་མཉམ་དུ་སྣེ་ལེན་ཁང་ལ་འབྱོར་མཁན་གཞོན་སྐྱེས་འགའ་བསྟན་ཏེ། བྱིས་པ་འདི་དག་ཕལ་ཆེ་བས་རྒྱ་ཡིག་རྒྱ་སྐད་ལས་བོད་སྐད་བོད་ཡིག་ཤེས་ཀྱི་ཡོད་པ་མ་རེད་ཅེས་བརྗོད་བྱུང༌།  

མཐར་ཁོང་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་བརྗོད་ཀྱི་ཡོད་ཀྱང༌། དོན་དངོས་ཐོག་གྲངས་ཉུང་མི་རིགས་སྤྱི་དང་ལྷག་པར་དུ་བོད་རིགས་ཐོག་འཛིན་པའི་སྲིད་ཇུས་རྒྱ་ནག་གཞུང་གི་རྩ་ཁྲིམས་ཇི་བཞིན་ལག་བསྟར་བྱེད་ཀྱི་མེད་པའི་ཁར། བོད་ཀྱི་ས་ཁུལ་རེར་སྲིད་ཇུས་རེ་ལག་བསྟར་བྱེད་ཀྱི་ཡོད་པ་དང༌། ཁོ་རང་ཉིད་ལ་མཚོན་ན་ས་གནས་དང་ཡང་པ་ཅན་དགོན་བཅས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་འདྲ་ཞིག་རྒྱ་ནག་གི་རྩ་ཁྲིམས་ནང་མེད་པ་ཤེས་ཀྱི་ཡོད་ཀྱང༌། ཞུ་གཏུག་བྱེད་ས་དང་སྐད་ཆ་བཤད་སའི་གོ་སྐབས་མེད་པས། རྒྱ་ནག་ནི་རང་སྣང་གང་དྲན་དང་ཁྲིམས་མེད་ལུགས་མེད་ཀྱི་ཇག་ཚོགས་ལྟ་བུ་ཞིག་ལ་མཐོང་གི་ཡོད་ཅེས་སོགས་བརྗོད་བྱུང་།༽  ཞེས་བཀོད་འདུག

(འོག་ཏུ་བཅར་འདྲིའི་ནང་གི་དྲི་བ་དྲིས་ལན་གཅིག་གི་སྒྲ་སྤེལ་ཡོད།)

རྒྱལ་གཅེས་དཔའ་བོ་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཐོག་མ་བཙན་བྱོལ་དུ་འབྱོར་ཏེ་བལ་ཡུལ་བོད་མིའི་སྣེ་ལེན་ཁང་དུ་ཐོ་འགོད་བྱས་པའི་ནང་། ཁོང་གི་སྐྱེས་ཡུལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར། འདམ་གཞུང་རྫོང་ཡང་པ་ཅན་གྲོང་རྡལ་ཡིན་ཞིང་། ཁོང་གི་སྐྱེས་མིང་ལ་བསྟན་པ་འབྲུག་རྒྱལ་དང་།  ཕ་མིང་འཇམ་དབྱངས་བཀྲ་ཤིས་དང་མ་མིང་ལ་དབུ་རྒྱན་ཟེར་བཞིན་ཡོད་འདུག ཁོང་ནར་སོན་རྗེས་ས་དེ་གའི་ཞྭ་དམར་རིན་པོ་ཆེ་མཆོག་གི་དགོན་པའི་ཆོས་སྒོར་ཞུགས་ཏེ་མཚན་ལ་ཀརྨ་ངེས་དོན་རྒྱ་མཚོར་གསོལ་ཡོད་འདུག  


གསར་འགོད་པ། བནྡེ་སྐྱབས།

ཤོག་ངོས་འདི་ཐེངས་ ༤༨༣༧ ལ་བཀླགས་འདུག
རིག་པ་འདོན་པ།
མངའ་རིས་འཕྲིན་ལས།
༢༠༡༣/༠༨/༡༡ ཉིན་འདོན་སྤེལ་བྱས།
ལྷག་བསམ་ཟླ་མེད་དུས་བབ་ཚང་གི་དབུ་ལས་<ལྷན་རྒྱས་གང་དེར་། ཕྲན་ནས་གྲྭ་ངེས་དོན་རྒྱ་མཚོའི་སྐོར་བསམ་ཚུལ་དྲི་བ་ཁག་གསུམ་བཀོད་ཡོད་པས་འདིར་བཏང་མི་འདུག་པས་ནོར་འཁྲུལ་ཅི་ཞིག་མཆིས་སམ།
མངའ་རིས་འཕྲིན་ལས།
༢༠༡༣/༠༨/༡༡ ཉིན་འདོན་སྤེལ་བྱས།
དུས་བབ་ཚང་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་མཐོང་ཐོས་བྱུང་བ་བོད་མི་རིགས་ཀྱི་བདེ་སྡུག་ཐད་དགོངས་ཚུལ་སྒྲ་བཅུག་ལེགས་པོ་ཞིག་བྱུང་འདུག་ཀྱང་མཐའ་མ་དེར་སྣེ་ལེན་ཁང་གི་སྐུ་ངོ་རྣམ་པ་ཚོས་བཀའ་བཀྱོན་ལ་བརྟེན་ནས་གནས་ཚུལ་ཆ་ཚང་ཞིག་གསུང་རྒྱུར་གོ་སྐབས་ཀྱིས་མཇུག་བསྡུ་ཐུབ་མི་འདུག་པས་བློ་ཕམ་ཆེ། དེས་བཙན་བྱོལ་སྣེ་ལེན་ཁང་གི་ལས་བྱེད་དེ་ཚོས་གསར་འབྱོར་པ་ཚོ་ལ་སྣེ་ལེན་ཞུ་ལུགས་ཀྱི་གདོང་རིས་ཀྱང་གང་མཚམས་མཚོན་འདུག་བསམ་གང་ལྟར་སེམས་སྐྱོ་དགོས་ཡག་རེད་འདུག ༡༽ཁོང་རྡ་ས་རུ་སླེབས་ཚར་བའི་རྗེས་བཙན་བྱོལ་སྤྱི་མཚུངས་ལྟར་འགྲོ་ཁུངས་ཤིག་མ་ཐོབ་པ་རེད་དམ། ༢༽ བཙན་བྱོལ་བདེ་སྲུང་ལས་ཁུངས་སོགས་ཀྱི་དོགས་གཞིའི་འོག་སྣེ་ལེན་ཁང་དུ་བཟང་བཙོན་དུ་བཅུག་པ་རེད་དམ། ༣༽སླར་ཡང་བལ་ཡུལ་སྣེ་ལེན་ཁང་དུ་སོང་ནས་བསྡོད་དགོས་བྱུང་བ་དེ་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད། རྒྱུད་རིམ་དེ་དག་ཆེས་དྲང་བདེན་དང་བཙན་བྱོལ་ནང་སྨྲ་བརྗོད་རང་དབང་གང་འཚམས་བེད་སྤྱོད་གཏོང་ནུས་མཁན། གཞིས་བྱེས་གཉིས་ཀའི་དོན་གྱི་མགྲིན་ཚབ་དུས་བབ་ཚང་གི་རྒྱུས་ལོན་གནང་ནས་ཡོངས་གྲགས་ཤིག་གནང་ཐུབ་པའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། དུས་བབ་ཚང་ཐུགས་རྗེ་ཆེ།
དོན་འགྲུབ་བཀྲ་ཤིས།
༢༠༡༣/༠༨/༠༨ ཉིན་འདོན་སྤེལ་བྱས།
གོང་གི་གསར་འགྱུར་དེ་བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༧ སྟེང་སྤེལ་ཡོད་པ་དང་། དུས་བབ་དྲ་ཚིགས་ལས་དྲ་ཐག་འདིར་བཀོད་ཡོད། http://www.tibettimes.net/news.php?id=5185
བསྟན་འཛིན།
༢༠༡༣/༠༨/༠༨ ཉིན་འདོན་སྤེལ་བྱས།
དྲ་གྲོགས་ཚང་མས་སྒང་གི་དྲི་བ་དྲི་ལན་གྱི་སྒྲ་དེ་ལ་ཐེངས་གཅིག་གསན་རོགས། བོད་གཞུང་སྣེ་ལེན་ཁང་གི་ལས་བྱེད་ཚོའི་སྤྱོད་པ་མཐོང་ཐོས་ཐུབ་ཀྱི་འདུག
གྲྭ་བ་འདི་བལ་ཡུལ་ནས་མང་པོ་བསྡད་སོང་། རྒྱ་མིའི་གསང་མྱུལ་བ་རེད་ཟེར་བ་ཞིག་གོ་སོང་དེ་རྡ་རམ་ས་ལས་ཉེས་འདོག་བྱས་པ་དེ་ཡིན་ས་རེད། ངོ་མ་ཐབས་སྐྱོ་བོ་རེད།
ནང་ཆེན་བསོད་ནམས།
༢༠༡༣/༠༨/༠༨ ཉིན་འདོན་སྤེལ་བྱས།
གྲྭ་བ་འདི་ངས་རྡ་རམ་ས་ལའི་ཁྲོམ་ལམ་ནས་ཐེངས་མ་མང་པོར་མཐོང་མྱོང་ཡོད། བོད་ཀྱི་དུས་བབ་ཚང་ཐུགས་རྗེ་ཆེ་གནས་ཚུལ་འདི་འདྲ་གལ་ཆེན་ཞིག་ཉར་བསྡད་ཡོད་པ་ཞེ་དྲག་རྩ་ཆེན་པོ་རེད། ད་རུང་སྐབས་དེ་དུས་ཤིག་ལ་རྡ་རམ་ས་ལ་ན་དྲ་བ་འདི་ལ་རྒྱ་མིའི་གསང་མྱུལ་བ་རེད་ཟེར་བའི་ཉེས་མེད་ཉེས་འཛུགས་ཀྱི་སྐད་ཆ་ཞིག་ཀྱང་འགྲོ་བཞིན་འདུག། ཤ་ཚ་བ་ལ། སྙིང་རྗེ་པ་ལ། སྐབས་དེ་དུས་ཁོ་རང་རྐང་ལག་བཞི་ཀའི་སྟེང་འགྲོ་བཞིན་འདུག རྐང་པ་འཛུགས་ཐུབ་ཀྱི་མེད་པའི་དབང་བོ་སྐྱོན་ཅན་ཞིག་ཡིན་འདུག ཡར་འགྲོ་མར་འགྲོ་ཚང་མས་ཁོ་རང་ལ་སྙིང་རྗེ་རྗེ་བྱེད་ཀྱི་ཡོད་པ་མཐོང་སོང་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།