བོད་སྐད་བོད་ཡིག་འཚོལ་མཁན་ནུབ་ཕྱོགས་བོད་ཕྲུག་སྐོར་ཞིག

འདོན་སྤེལ། ༢༠༡༣/༠༨/༡༣

ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལོ་ལྟར་དབྱར་གནང་གི་གུང་གསེང་དང་བསྟུན་ཏེ་ནུབ་ཕྱོགས་ཡུལ་ཁག་གི་བོད་པའི་ཕྲུ་གུ་ཚོར་ཟླ་གཅིག་རིང་བོད་པའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དེར་ད་ལོ་ཡང་སློབ་ཕྲུག་ ༤༨ ཙམ་འཛུལ་ཞུགས་བྱས་འདུག

འདི་ལོའི་ཕྱིཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༨ ཚེས་ ༡༠ བར་རྒྱ་གར་ངྷ་རམ་ས་ལའི་ཉེ་འཁྲིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭར། ཕྱི་རྒྱལ་ཁག་གི་བོད་ཕྲུག་ཚོའི་དབྱར་ནང་གི་ལས་རིམ་(Summer Camp)སྐབས་ ༡༠ པ་དེ་མགོ་འཛུགས་བྱས་ཡོད་པ་དང་ད་རེབ་ཨ་རི་དང་ཁེ་ན་ཌ། སུད་སི། ཨར་ལན་ཌི། ཧྥ་རན་སི། ཨོ་སི་ཊི་རེ་ཡ། ཧུང་གྷ་རེ་བཅས་རྒྱབ་ཁབ་ ༧ ནས་རང་ལོ་ ༡༠ ནས་ ༡༨ བར་གྱི་བོད་རིགས་ཕྲུ་གུ་ ༤༨ ཙམ་མཉམ་ཞུགས་བྱས་འདུག ལས་རིམ་སྐབས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འཁྲབ་སྟོན་དང༌། བོད་པའི་དུས་ཆེན་ཁག་དང་ནང་ཆོས་ངོ་སྤྲོད། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་བརྒྱུད་རིམ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ངོ་སྤྲོད། ངྷ་ས་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ། རིག་གཞུང་བསྟི་གནས་ཁག་བཅས་ལ་གཟིགས་སྐོར། ༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་ལ་དམིགས་བསལ་མཇལ་ཁ་སོགས་ཡོད་ཅིང་ལས་རིམ་འདིའི་དམིགས་ཡུལ་གཙོ་བོ་ཕྲུ་གུ་ཚོའི་བོད་སྐད་བོད་ཡིག་ཐོག་ཤུགས་གནོན་རྒྱག་རྒྱུ་དེ་ཡིན་འདུག  

བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་སློབ་ཕྲུག་ཚོར་ཐུག་འཕྲད་ཐོག་ལམ་སྟོན་གསུང་བཤད་གནང་སྐབས། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཕྲུ་གུ་ཚོར་བོད་སྐད་དང་བོད་ཡིག བོད་པའི་རིག་གཞུང་སོགས་ལ་རྒྱུས་ལོན་ཡོང་ཆེད་སློབ་གྲྭགོ་སྒྲིག་བྱས། ཕ་མ་ཚོས་འགྲོ་གྲོན་བཏང་སྟེ་འདིར་ཡོང་ཡོད་པ་དང་། སློབ་གྲྭ་འདིར་བོད་ཀྱི་སྐད་ཡིག་རིག་གཞུང་སྦྱོང་སའི་ཁོར་ཡུག་དང་ཆ་རྐྱེན་ཡོད་སྟབས། སློབ་ཕྲུག་ཚོས་གོ་སྐབས་དམ་འཛིན་དང་ཆུ་ཚོད་འཕྲོ་བརླག་ཏུ་མ་སོང་པ་ཞིག་དང་། ཕར་ལོག་སྐབས་འཁྱེར་རྒྱུ་ཡོད་པ་ཞིག་བྱེད་དགོས་ཞེས་སོགས་བརྗོད་བྱུང་

ཨར་ལན་ཌི་ནས་ཡིན་པའི་བདེ་སྐྱིད་དཔལ་ལྡན་བཟམི་གཉིས་ཀྱིས་ཕྲུ་གུ་གཉིས་དབྱར་ནང་གི་ལས་རིམ་དུ་ཁྲིད་ཡོང་འདུག ཁོང་མོར་ཐག་རིང་པོ་ནས་དཀའ་ངལ་ལ་མ་འཛེམས་པར་ཕྲུ་གུ་ཚོ་འདིར་ཁྲིད་ཡོང་པའི་དགོས་པ་རྒྱུ་མཚན་ཅི་ཡིན་དྲིས་པར་ཁོང་མོས། ཕྲུ་གུ་གཉིས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཡོད་སྟབས། བསམ་བློའི་འཁྱེར་སོ་དང་གོམས་གཤིས་ཡོངས་རྫོགས་ནུབ་ཕྱོགས་པ་དང་གཅིག་པ་ཆགས་ཡོང་གི་ཡོད་པ་རེད། བོད་པའི་གཤིས་ཀ་དང་སྐད་ཡིགགང་འདྲ་ཞིག་ཡིན་པ་དང་ ཕ་མ་གང་ནས་ཡོང་བ་སོགས་ཁོ་རང་ཚོར་ཤེས་རྟོགས་ཡོང་དུ་འཇུག་ཆེད་ལོ་ལྟར་ཐེངས་རེར་རྒྱ་གར་ནང་གཏོང་གི་ཡོད། ཕྲུ་གུ་ཚོར་རྟག་པར་འདི་བྱོས་དེ་བྱོས་ལབ་ན་སུན་སྣང་སྐྱེ་ཡོང་སྟབས། དུས་རྒྱུན་བོད་པའི་དུས་སྟོན་ཁག་དང་ཟས་རིགས། སྐད་ཡིག གྱོན་ཆས་རིགས་ལག་ལེན་ཐོག་ནས་རྒྱུད་ལ་འཇགས་ཐབས་བྱེད་ཀྱི་ཡོདཅེས་བརྗོད་བྱུང་

ཡང་ཁོང་ལ་ཨར་ལན་ཌིའི་ནང་ཕྲུ་གུ་ཚོའི་སྤྱོད་ལམ་གྱི་ཐད་ནས་ཉེན་ཁ་ཆེ་ཤོས་ག་རེ་<ཆགས་ཡོད་མེད་དྲིས་པར། ཁོང་གིས། ཕྲུ་གུ་ལ་ཉེན་ཁ་ཆེན་པོ་ཞིག་ཐ་མག་དང་ཆང་རག་རེད། རྒྱལ་ཁབ་དེར་ལོ་ཚད་ཆེ་ཆུང་ཚང་མས་ཐ་མག་དང་ཆང་རག་མཐོང་རྒྱུ་ནི་སྤྱི་ཚོགས་ཀྱི་གོམས་སྲོལ་ཞིག་རེད། དེ་འདྲ་མ་བྱས་ན་སྤྱི་ཚོགས་ཀྱི་གྲས་སུ་ཚུད་ཀྱི་མེད་པའི་བཟོ་འདྲ་བོ་ཞིག་ཡོད་པ་རེད། ཉེན་ཁ་གཞན་ཞིག་ནི་ལོ་ཆུང་དགའ་རོགས་སྒྲིག་རྒྱུའི་སྲོལ་ཤུགས་ཆེན་པོ་རེད། སློབ་གྲྭའི་ནང་བྱིས་པ་ཆགས་ཡོད་པའི་བུ་མོ་མང་པོ་ཡོད་རེད། ད་ཆར་ངའི་བུ་མོ་ལོ་ ༡༣ ཟིན་ཡོད་སྟབས་དེ་འདྲའི་ཤུགས་རྐྱེན་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡོད་པ་རེད། དེ་གཞིན་མཚན་ཚོགས་རིགས་ལ་འགྲོ་རྒྱུའི་གོམས་སྲོལ་ཆེན་པོ་ཡོད་པ་རེད། གནས་ཚུལ་དེ་དག་ཐོག་ཕ་མ་ཚོས་བདག་པོ་ཡག་པོ་མ་བརྒྱབ་ན། རྒྱལ་ཁབ་ནང་ཁྲིམས་སྒྲིག་གི་དམ་དྲག་ཡོད་པ་མ་རདཅེས་བརྗོད་བྱུང་

ཡུ་རོབ་ནས་ཡིན་ཞིང་བོད་སྐད་བཤད་མི་ཤེས་མཁན་ཞིག་གིས་དབྱིན་སྐད་ཐོག་ཁོ་མོ་བོད་ནང་སྐྱོད་ཀྱི་ཡོད་སྟབས། ཁོ་མོའི་མིང་ཡོངས་བསྒྲགས་བྱེད་འདོད་མེད་པ་དང་ བོདནང་ཁོ་མོའི་ཐོངས་མཆན་ལ་ཞིབ་བཤེར་མང་པོ་བྱས་ཏེ་སུན་པོ་བཟོས་ཚུལ་དང་འབྲེལ། ཁོ་མོས་བརྗོད་དོན།ངའི་ཨ་ཕའི་ནང་དུ་ཕྱིན་སྐབས། ཕན་ཚུན་སྐད་ཆའི་ཐོག་ནས་གོ་བརྡ་འཕྲོད་དཀའ་ཡང་ སེམས་ནང་ནས་གོ་བརྡའཕྲོད་ཀྱི་འདུག ཁང་པའི་ནང་ངའི་པར་མང་པོ་སྦྱར་འདུག དེས་ལ་སེམས་ཚོར་མ་འདྲ་བ་ཞིག་སྤྲད་བྱུང་། ཁ་ལག་ཟ་སྐབས་ཁོ་ཚོས་ང་ལ་རྒྱ་ཟས་རྐྱང་སྟེར་གྱི་འདུག་ཀྱང་། ངས་ཟ་འདོད་པ་བོད་ཟས་ཡིནཞེས་བརྗོད་བྱུང་ ཁོ་མོ་བོད་དོན་ལས་འགུལ་ནང་ཞུགས་ཀྱི་ཡོད་མེད་དྲིས་པར།ང་རང་བོད་དོན་འཐབ་རྩོད་ནང་ཞུགས་རྒྱུའི་བསམ་བློ་མེད། སོ་སོས་ཐུབ་པ་ཞིག་ཡིན་ན་རོགས་འདེགས་ག་རེ་བྱེད་དགོས་ཀྱང་བྱེད་དགོས་བསམ་ཡོདཅེས་བརྗོད་བྱུང་

ཁེ་ན་ཌ་ནས་ཡིན་པ་བློ་བཟང་སྒྲོལ་དཀར་ནི་འཛིན་རིམ་ ༡༢ ནང་སློབ་གཉེར་བྱེད་ཀྱི་ཡོད་པ་དང་ཕ་མ་གཉིས་ཀ་བོད་པ་ཡིན་འདུག ཁོང་གིས་ ནུབ་ཕྱོགས་པའི་སྤྱི་ཚོགས་ནང་མང་ཆེ་བ་ལོ་ ༡༨ ཟིན་རྗེས་སོ་སོའི་ལམ་ཁར་འགྲོ་བཞག་གི་རེད། ང་རང་གིས་ཕ་མ་མཉམ་དུ་འདུག་རྒྱུ་གལ་ཆེན་པོརམཐོང་གི་ཡོད། སོ་སོའི་དགའ་རོགས་དང་བཟའ་ཚང་སོགས་ཀྱང་ཕ་མའི་འདོད་མོས་ལྟར་འགྲོ་དགོས་བསམ་ཡོད། གང་ཡིན་ཟེར་ན། རྗེས་མ་འགྲིག་མ་འགྲིག་བྱུང་ན་ཕ་མར་དཀའ་ངལ་བཤད་ཆོག་གི་རེད། ངའི་སློབ་གྲྭའི་ནང་ལ་བོད་རིགས་བུ་མོ་ངོ་ཤེས་པ་ཞིག་ཡོད། ཁོ་རང་བོད་པའི་སྐོར་ལ་དོ་སྣང་རྩ་བ་ཡོད་པ་མ་རེད། བསམ་བློ་དང་སྤྱོད་པ་འཁྱེར་སྟངས་ཕྱི་རྒྱལ་བ་རང་རེད་བསམ་ཞིག་ཡོད་རེདཟེར།

ཡང་ཁོམོར་སློབ་སྦྱོང་གི་ཞོར་དུ་ལས་ཀ་བྱེད་ཀྱི་ཡོད་མེད་དྲིས་པར། ང་ལོ་ ༡༥ ཟིན་པ་ནས་ཞོར་ལས་བྱཔ་ཡིན། ཨ་རིར་སློབ་སྦྱོང་གི་རྒྱུད་རིམ་མེད་མཁན་ཚོར་ཆ་སྙོམ་ཆུ་ཚོད་རེར་ཨ་སྒོར་ ༡༡ དང་ ༡༢ རེད། བཟོ་གྲྭའིནང་ལས་ཀ་བྱན་ཨ་སྒོར་ ༡༥ ནས་ ༢༥ བར་རེད། སློབ་སྦྱོང་དང་ཤེས་ཡོད་མཁན་ཚོར་གླ་ཆ་ཐོ་བོ་ཡོད་པ་རེད། དཔེར་ ངས་ལས་ཀ་བྱེད་སའི་སྨན་སྦྱིན་ཁང་དུ་གྲོགས་མོ་ལ་ཆུ་ཚོད་རེར་ཨ་སྒོར་ ༧༠ རག་གི་འདུག ངས་ཉིན་རེར་ཆུ་ཚོད་ ༤ རིང་ལས་ཀ་བྱེད་ཀྱི་ཡོདལ་ཆུ་ཚོད་རེར་ཨ་སྒོར་ ༡༠ དང་ཕྱེད་ཀ་རེད། ངའི་ཞོར་ལས་ཡོང་འབབ་ནས་བརྒྱ་ཆ་ ༥༠ མཐོ་སློབ་ཆེད་དངུལ་ཁང་ལ་འཇོག་གི་ཡོད་ཅེས་བརྗོད་བྱུང་

ཨར་ལན་ཌི་ནས་ཡིན་པ་བསྟན་འཛིན་དཔལ་མོས་འཛིན་རིམ་ ༨ ནང་སློབ་སྦྱོང་བྱེད་ཀྱི་ཡོད་འདུག ཁོང་གིས་ངའི་སློབ་གྲྭའི་ནང་རྒྱ་རིགས་ཚུད་པའི་ཨེ་ཤ་ཡའི་སློབ་ཕྲུག་མང་པོ་ཡོད་པ་རེད། ང་སློབ་གྲྭ་དེའི་ནང་གི་ནང་པ་དང་པོ་དེ་ཡིན་སྟབས། ཆོས་ལུགས་དགེ་རྒན་གྱིས་ང་ལ་དམིགས་བསལ་དགའ་བོ་བྱེད་ཀྱི་འདུག སློབ་ཚན་ནང་འཇིག་རྟེན་ལ་ལྟ་སྟངས་དང་ཆོས་ལུགས་ཀྱི་འགྲེལ་བཤད་སོགས་ང་ཚོ་དང་མ་མཐུན་པ་ཡོང་གི་འདུག རྗེས་ཕྱོགས་ང་རང་བོད་པའི་འཐབ་རྩོད་ནང་ཞུགས་མིན་ལྟ་གི་ལྟ་གི་འགྲོ་རྒྱུ་ཡིན། ངོ་རྒོལ་ལས་འགུལ་རིགས་གང་འདྲ་ཞིག་ཡོད་ཀྱང་མཉམ་ཞུགས་བྱེད་ཀྱི་ཡོདཅེས་བརྗོད་བྱུང་

གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༢༣༣༧ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༡༤ ཉིན་འདོན་སྤེལ་བྱས།
བོད་ཀྱི་སྐད་ཡིག་སློབ་འཁྲིད་པ་དགེ་རྒན་དང་། བོད་སྐད་སློབ་དེབ་དང་། སློབ་ཚན་སྐོར་ལ་ཅི་ཡང་མི་འདུག་གང་ཡིན་ནམ། ལགས། ཕྲུག་གུ་དེ་ཚོ་སྤྲོ་འཁྱམས་པ་དང་། ཆབ་སྲིད་པ་ནི་ཡིན་མདོག་མེད་པས་
བཀྲ་ཤིས་དོན་གྲུབ།
༢༠༡༣/༠༨/༡༣ ཉིན་འདོན་སྤེལ་བྱས།
བོད་པའི་ཆོས་ཡིན་ན་ནང་ཆོས་རྐྱང་བ་ཡིན་པ་མ་རེད། མ་ཟད་ཁྱེད་ཅག་གིས་ཀྱང་ཆོས་ལུགས་སྤེལ་ཐབས་ཙམ་ལས་རིག་གཞུང་ཞིག་དང་མི་རིགས་ཤིག་སྐྱོབས་ཀྱི་ཡོད་པ་མི་མཐོང་གི།
གངས་ལྡོམ།
༢༠༡༣/༠༨/༡༣ ཉིན་འདོན་སྤེལ་བྱས།
བོད་པའི་བུ་ཕྲུག་འདི་ཚོ་རྡ་རམ་ས་ལར་ཡོང་ནས་བོད་སྐད་དང་རང་གི་རིག་གཞུང་སྦྱངས་པ་ལ་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་གི།
འགའ་ཤས་ཤིག་ལ་བོད་པའི་ལ་རྒྱ་ཁྱོན་ནས་མིན་འདུག
འ་ཤུ་རེ་ཁོ་
ལྷག་པ།
༢༠༡༣/༠༨/༡༣ ཉིན་འདོན་སྤེལ་བྱས།
གཞོན་སྐྱེས་འདི་དག་གི་ཆེད་དུ་དགོངས་པ་ཞིག་ཏན་ཏན་བཞེས་དགོས་ཀྱི་འདུག འདི་མི་སྒེར་བ་དང་ཚོགས་པ་སྒེར་བ་ཙམ་མིན་པར་བོད་གཞུང་རང་གིས་དགོངས་པ་བཞེས་དགོས་ཀྱི་འདུག རྒྱ་གར་རྡ་རམ་ས་ལར་བོད་ཡིག་སྦྱོང་གི་ཡོང་བཞིན་པ་འདི་དག་ཐུགས་རྗེ་ཆེ། ཡིན་ནའང་འདིའི་རྒྱབ་ལོག་བོད་པའི་བུ་ཕྲུག་དེ་ལས་མང་བ་ཞིག་གིས་བོད་སྐད་བོད་ཡིག་མི་ཤེས་པ་ཆགས་ཡོད་པ་རེད། ཁ་སང་དེ་རིང་ཁོང་ཅག་གིས་བོད་སྐད་བོད་ཡིག་མི་ཤཻས་ཀྱང་བོད་ཞེན་ཙམ་ཞིག་ཡོད་པ་རེད། ག་ལེར་བོད་ཞེན་ཡང་བརླགས་ཏེ་ཅི་མིན་འདི་མིན་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།