སྣེ་ཤན་པས་སྐྱག་རྫུན་བཤད་དེ་སྤྲོ་འཆམ་པ་དང་ཁ་རྩོད་ཤོར་འདུག

འདོན་སྤེལ། ༢༠༡༣/༠༨/༡༦

བོད་ནང་གི་བོད་མི་ཡུལ་སྐོར་སྤྲོ་འཆམ་པའི་ལས་རིགས་ཉེར་མཁན་ཚོར་ཕྱོགས་གཉིས་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་ཆབ་སྲིད་དོགས་གཞིའི་འོག་ལས་ཀ་མང་པོ་ཞིག་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་། གཞན་དེ་ནི་རྒྱ་རིགས་ཡུལ་སྐོར་ལས་དོན་གཉེར་མཁན་ཚོས་བོད་པ་ཚོར་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

བོད་ཀྱི་རྒྱལ་ས་ལྷ་སར་ལོ་མང་རིང་ཡུལ་སྐོར་སྣེ་ཤན་པའི་ལས་ཀ་བྱས་མྱོང་མཁན་བོད་རིགས་བུད་མེད་ཅིག་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཡོད་པར། ཉེ་ཆར་གསར་འགོད་པས་ད་ལྟའི་ལྷ་སའི་གནས་སྟངས་དང་བོད་རིགས་ཡུལ་སྐོར་སྣེ་ཤན་པ་ཚོའི་དཀའ་ངལ་སྐོར་ལ་གླེང་མོལ་བྱས་ཡོད། ཁོ་མོས་ཐོག་མར་ལྷ་སའི་གནས་མཇལ་བ་ཚོའི་ཐོག་རྒྱ་གཞུང་གིས་དམ་དྲག་བྱེད་ཀྱིན་ཡོད་སྐོར་བརྗོད་པ་ལྟར་ན། ༢༠༠༨ ལོར་བོད་ནང་རྙོག་དྲ་བྱུང་རྗེས་ཨ་མདོའི་ཕྱོགས་མཇལ་སྐོར་དུ་ཡོང་མཁན་ཚོར་དམ་དྲག་ཆེན་པོ་བྱས་ཤིང་། དམིགས་བསལ་སི་ཁྲོན་དང་མཚོ་སྔོན་ནས་ཡོང་མཁན་ཚོ་ཕྱིར་འཕུད་བཏང་ཡོད་པ་མ་ཟད། ཡིག་ཆ་ཚང་མ་ཡོད་ཀྱང་གཙུག་ལག་ཁང་དང་ར་མོ་ཆེ། པོ་ཏ་ལ་བཅས་ཀྱི་ཉེ་འཁོར་དུ་སྡོད་འཇུག་གི་མེད་པར་གྲོང་ཁྱེར་གྱི་མཐའ་རུ་སྡོད་དགོས་བྱུང་ཡོད་པ་དང་། ཡིག་ཆ་མེད་རིགས་ཉིན་ཤས་རིང་བཀག་ཉར་འདྲི་རྩད་བྱས་རྗེས་མེ་འཁོར་གླ་ཆ་དང་མཉམ་དུ་རྒྱ་སྒོར་ ༤༠༠ ཙམ་རེ་སྤྲད་དེ་ཕྱིར་སློག་བཏང་ཡོད་སྐོར་བརྗོད་བྱུང་། དེ་བཞིན། ལྷ་སའི་ཡུལ་མི་ཚོར་ཡང་བདུན་ཕྲག་རེ་རེ་བཞིན་དམག་མི་ ༦ རེ་ཁྱིམ་འཛུལ་ཡོང་སྟེ་ལག་འཁྱེར་ལ་ཞིབ་བཤེར་དང་། འབྲེལ་བ་ཡོད་མེད་ཀྱི་སྐད་ཆ་སྣ་ཚོགས་འདྲི་རྩད་བྱས་ཡོད་འདུག པོ་ཏ་ལ་དང་གཙུག་ལག་ཁང་། ར་མོ་ཆེ། སེ་འབྲས་དགའ་གསུམ་བཅས་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱས་ཏེ་བོད་མི་ཚང་མ་བཟང་བཙོན་པ་ལྟ་བུའི་འོག་སྡོད་དགོས་བྱུང་སྐོར་སོགས་བརྗོད་བྱུང་

ཁོ་མོས་འདས་པའི་ལོ་བདུན་ལྷག་རིང་ཡུལ་སྐོར་སྣེ་ཤན་པའི་ལས་ཀ་བྱས་པའི་མྱོང་ཚོར་དང་ཡུལ་སྐོར་ལས་རིགས་ཁྲོད་ཀྱི་དཀའ་ངལ་ངོ་སྤྲོད་གནང་བ་ལྟར་ན། སྔོན་མ་ལྷ་ས་རང་དུ་དབྱིན་ཡིག་སྦྱངས་ཏེ་སྣེ་ཤན་གྱི་ལས་ཀ་བྱེད་མཁན་དང་། རྒྱ་གར་ནས་ཕྱིར་ལོག་སྟེ་སྣེ་ཤན་ལས་ཀ་བྱེད་མཁན་ཚོས་སྤྲོ་འཆམ་པ་དག་ལྷ་སའི་དགོན་སྡེ་ཁག་དང་ཇོ་མོ་གླང་མ། གངས་རིན་པོ་ཆེ་སོགས་སུ་འཁྲིད་ཀྱི་ཡོད་ཀྱང་། ཉིས་སྟོང་བརྒྱད་ལོ་ནས་བཟུང་ཕྱི་རྒྱལ་བའི་འགྲོ་སྐྱོད་ཐོག་དམ་དྲག་བྱས་ཡོད་པ་དང་། དབྱིན་ཡིག་ཤེས་མཁན་དང་སློབ་འབྲིང་གི་ལག་འཁྱེར་ཡོད་མཁན་ཁག་ཅིག་ཡིག་ཚད་ནང་ཞུགས་རྒྱུའི་གོ་སྐབས་སྤྲད་དེ་སྣེ་ཤན་པའི་ལག་འཁྱེར་རག་ཡོད་ཀྱང་། རྗེས་སུ་སྒྲིག་གཞི་དེར་སླར་ཡང་འགྱུར་བ་ཐེབས་ཏེ་རང་ཉིད་ཀྱི་སྡེ་བ་དང་ཞང་ རྫོང་ཉེན་རྟོག་པ་བཅས་ཀྱིས་ཆབ་སྲིད་དང་འབྲེལ་བ་མེད་པའི་ངོས་སྦྱོར་ཡི་གེ་མཚམས་འཇོག་གིས་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ངོས་འཛིན་ལག་འཁྱེར་དགོས་པ་བཟོས་ཡོད་འདུག  

སྲིད་བྱུས་གསར་པ་དེའི་འོག་རྒྱ་གར་ནས་ཡོང་མཁན་དང་ལྷ་སའི་སྒེར་གཉེར་སློབ་གྲྭ་ཁག་གི་སྣེ་ཤན་པ་ཚོར་དཀའ་ངལ་ཆེ་རུ་ཕྱིན་ཡོད་ཅིང་། དེ་ནི་རྒྱ་གཞུང་གིས་ཡིག་ཚད་གཏོང་རྒྱུའི་ཆ་རྐྱེན་ཇེ་མཐོར་བཏང་བ་དང་། རྒྱ་གར་ནས་ཡོང་མཁན་ཚོའི་ཐོག་དམིགས་བསལ་དམ་དྲག་བྱས་པ། རྒྱ་གཞུང་གིས་རྒྱ་རིགས་སྣེ་ཤན་པ་འབོར་ཆེན་ཆེད་གཏོང་བྱས་པ། གཞུང་གིས་ཡུལ་སྐོར་སྣེ་ཤན་ལས་ཁུངས་མང་པོ་བཙུགས་ཏེ་བོད་པའི་ཡུལ་སྐོར་ལས་ཁུངས་དང་སྣེ་ཤན་པ་ཚོར་གནོན་ཤུགས་སྤྲད་པ་བཅས་ཀྱིས་བོད་རིགས་མང་ཆེ་བའི་ལས་ཀ་ཤོར་ཡོད་འདུག

ཁོ་མོས་མུ་མཐུད་དུ་བརྗོད་དོན། གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ངས་བཤད་ཤེས་མ་སོང་མོད། གང་ལྟར་ ༢༠༠༨ ལོའི་ལོ་མགོར་ཡུལ་སྐོར་བ་གཏན་འགོག་བྱས་སོང་ཡང་། ལོ་མཇུག་དེར་ཏོག་ཙམ་ལྷོད་ཡངས་བཏང་སྟེ་ ༢༠༠༩ ལོ་ཧྲིལ་བོར་གང་འཚམ་ཡོང་ཐུབ་པ་རེད། དེའི་རྗེས་ནས་ཡང་བསྐྱར་དམ་དུ་བཏང་སྟེ། ༢༠༡༡ ལོར་རྒྱལ་ཁབ་གཅིག་གི་མི་ལྔ་ཡན་ལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ཐོངས་མཆན་མ་སྤྲད་པ་དང་། སྣེ་ཤན་པའི་ལག་འཁྱེར་དེ་ལྗོངས་འགྲུལ་སྐྱེལ་ལྟ་རྟོག་ལས་ཁུངས་སོགས་ལས་ཁུངས་གསུམ་མཉམ་རུབ་ཐོག་སྤྲོད་ཀྱི་ཡོད་སྟབས། གཞུང་གི་སྣེ་ཤན་པ་ཚོ་ལས་གཞན་མང་ཆེ་བ་ལས་མེད་ཆགས་ཡོད་པ་དང་། སྐབས་དེར་ང་རང་གིས་ཀྱང་ལས་ཀ་བསྐྱུར་ཡིན། ངའི་ངོ་ཤེས་འགའ་རེས་ཀྱང་ལས་ཀ་གཡུགས་སོང་། རྒྱ་རིགས་སྣེ་ཤན་པའི་ཁྲོད་དུ་སློབ་སྦྱོང་ཡག་པོ་ཡོད་མཁན་རེ་ཟུང་ཡོད་ཀྱང་ཕྱི་རྒྱལ་བ་མང་ཆེ་བས་བོད་པའི་སྣེ་ཤན་པར་དགའ་བོ་བྱེད་ཀྱི་འདུག རྒྱ་རིགས་གནས་ཤན་པ་ཚོས་བོད་པའི་དགོན་སྡེ་ཁག་དང་། ལྷག་པར་དུ་བོད་མི་རིགས་ཀྱི་ལོ་རྒྱུས་ལ་འགྲེལ་བཤད་རྒྱག་སྐབས་སྐྱག་རྫུན་མང་པོ་ཤོད་ཀྱི་ཡོད་སྟབས། པོ་ཏ་ལ་དང་ར་མོ་ཆེ་སོགས་སུ་ཕྱི་རྒྱལ་སྤྲོ་འཆམ་པ་དང་ཁ་རྩོད་ཤོར་བའི་གནས་ཚུལ་ཡང་འདུགཅེས་བརྗོད་བྱུང་

མཇུག་ཏུ་ཁོ་མོར་བོད་ནང་ལས་ཀ་བྱེད་སྐབས་བོད་ཕྱི་ཕྱོགས་ཀྱི་གནས་ཚུལ་གོ་ཐོས་བྱུང་མྱོང་ཡོད་མེད་དྲིས་པར། ངས་ལོ་བདུན་ལྷག་གི་རིང་ཡུལ་སྐོར་སྣེ་ཤན་པའི་ལས་ཀ་བྱས་པ་ཡིན། ཕྱི་རྒྱལ་བ་བརྒྱུད་དེ་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་གནས་ཚུལ་ཕྲན་བུ་གོ་མྱོང་ཡོད། ཁོང་ཚོའི་ཁྲོད་དུ་༸གོང་ས་མཆོག་གི་སྐོར་འདྲི་མཁན་མང་པོ་འདུག ཡིན་ནའང་། ཕྱི་རྒྱལ་བ་ཁ་ཤས་ཀྱིས་<སྐད་ཆ་འདྲ་མིན་དྲིས་རྗེས་སྣེ་ཤན་པ་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པའང་བྱུང་ཡོད་སྟབས། དེའི་སྐོར་ལ་སྐད་ཆ་མང་པོ་ཕར་འདྲི་རྒྱུར་ཞེད་ཀྱི་འདུགཅེས་བརྗོད་བྱུང་

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༢༨༩༤ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༡༦ ཉིན་འདོན་སྤེལ་བྱས།
ཡིག་ཆ་མེད་རིགས་ཉིན་ཤས་རིང་བཀག་ཉར་འདྲི་རྩད་བྱས་རྗེས་མེ་འཁོར་གླ་ཆ་དང་མཉམ་དུ་རྒྱ་སྒོར་ ༤༠༠ ཙམ་རེ་སྤྲད་དེ་ཕྱིར་སློག་བཏང་ཡོད་སྐོར་བརྗོད་བྱུང་། ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།