རྫ་སྟོད་ཏུ་རྒྱ་དམག་གིས་དྲག་གནོན་བྱས།

འདོན་སྤེལ། ༢༠༡༣/༠༨/༡༧

ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་ཨ་སྟོད་དུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་ཁན་བོད་མི་ཚོརརྒྱ་དམག་གིས་མེ་མདའ་བརྒྱབ་པ་དང་འཛིན་བཟུང་བྱེད་པ་སོགས་དྲག་གནོན་བྱེད་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན རྒྱ་གཞུང་གིས་ཁམས་ཡུལ་ཤུལ་རྫ་སྟོད་རྫོང་ཁོངས་སུ་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོར་རྒྱབ་སྐྱོར་བྱས་ཏེ་གོ་མཚོན་ཐོགས་པའི་དམག་མིའི་རླངས་འཁོར་ ༤༠ ཙམ་དང་ ཉེན་རྟོག་རླངས་འཁོར་ཆེ་ཆུང་ ༢༠ ཙམ་ས་གནས་སུ་འབྱོར་ཏེ་དྲག་གནོན་ཤུགས་ཆེ་རུ་བཏང་ཡོད་པ་དང་དེ་རིང་སྔ་དྲོར་གནས་ཚུལ་ཐོན་པ་ལྟར་ན། རྫ་སྟོད་རྫོང་ཨ་སྟོད་ཡུལ་ཚོའི་མང་ཚོགས་ཐོག་དྲག་དམག་གིས་མེ་མདའ་དང་དུག་རྫས་བེད་སྤྱོད་བཏང་སྟེ་དྲག་གནོན་བྱས་ཡོད་པ་མ་ཟད། བོད་རིགས་ཕོ་མོ་ ༨ འཛིན་བཟུང་བྱས་པ་དང་ཁེ་ཚ་བསོད་རྡོར་ཞུ་བ་ཞིག་གར་སོང་ཆ་མེད། གཞན་ཡང་སྐབས་དེར་སོག་པོ་ཆོས་འགྲུབ་ཞུ་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ཉིད་ལ་གྲིས་བརྒྱབ་སྟེ་རང་ཤི་རྒྱག་རྩིས་བྱས་ཡོད་ཀྱང་། དེ་མ་ཐག་ཉེན་རྟོག་པས་ཁོང་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་སྟབས། ད་ལྟའི་ཆར་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་མེད་ཆགས་ཡོད་འདུག  

དེ་བཞིན། རྒྱ་གཞུང་གིས་རྫ་སྟོད་རྫ་ཆེན་དུ་དམག་མི་ ༥༠༠ ལྷགབཏང་སྟེ་ས་གནས་མི་མང་ལ་དྲག་གནོན་བྱས་ཏེ་མི་མང་པོ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཀྱང༌། ད་ལྟའི་ཆར་མི་ག་ཚོད་འཛིན་བཟུང་དང་ཤི་རྨས་བྱུང་ཡོད་མེད་སོགས་གསལ་ཁ་མེད་པ་དང་། དེ་རིང་ཕྱི་ཚེས་ ༡༧ ཉིན་རྒྱ་གཞུང་གིས་རྫ་སྟོད་སྤྱི་རྫའི་ཕྱོགས་སུའང་དྲག་གནོན་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང་། ས་གནས་ཀྱི་ཁ་པར་སོགས་བརྒྱུད་ལམ་ཁག་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས་གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག     

གོང་གི་གནས་ཚུལ་དེ་ཉེ་ཆར་ཚེས་ ༡༣ ཉིན་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་ཨ་སྟོད་ཡུལ་ཚོའི་སྟོད་ཕྱོགས་སུ་རྒྱ་རིགས་གཏེར་ཁ་སྔོག་འདོན་པ་ ༡༠༠ ཙམ་དང༌། སྤྱི་རྫ་ཡུལ་ཚོར་གཏེར་ཁ་སྔོག་འདོན་པ་ ༢༠༠ ཙམ། རྫ་ཆེན་ཡུལ་ཚོར་གཏེར་ཁ་སྔོག་འདོན་པ་ ༡༥༠ ཙམ་ཡོང་སྟེ་ས་གནས་སུ་གཏེར་ཁ་སྔོག་རྩིས་བྱེད་སྐབས། ཡུལ་ཚོ་དེ་གསུམ་གྱི་མི་མང་ ༤༠༠༠ ཡས་མས་འདུ་འཛོམས་ཀྱིས་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་ཤུགས་ཆེན་བྱས་སྐབས། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་མཁན་ཚོར་རྒྱབ་སྐྱོར་བྱས་ཏེ་དྲག་དམག་གིས་ས་གནས་མི་མང་ལ་འཇིགས་སྐུལ་དང་སུན་བཙིར་རིམ་པར་བྱས་པ་ལས་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་མཚོ།

 

ཤོག་ངོས་འདི་ཐེངས་ ༡༧༧༣ ལ་བཀླགས་འདུག
རིག་པ་འདོན་པ།
སྣང་གསལ།
༢༠༡༣/༠༨/༡༧ ཉིན་འདོན་སྤེལ་བྱས།
ཨ་ཁ་ད་གང་གྲགས་གནམ་གིས་ས་རྡུང་པ་དང་འདྲ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།