མི་ཚེའི་ལོ་རྒྱུས་༼དངོས་པོ་ཀུན་གྱི་རང་བཞིན་༽ཞེས་པ་དབུ་འབྱེད།

འདོན་སྤེལ། ༢༠༡༣/༠༨/༡༧

དེ་རིང་ངྷ་སར་བོད་སྨྱུག་པར་སྐྲུན་ཁང་གི་གོ་སྒྲིག་འོག བཀའ་ཟུར་དཔལ་འབྱོར་ཚེ་རིང་མཆོག་གིས་བརྩམས་པའི་ཁོང་རང་གི་མི་ཚེའི་ལོ་རྒྱུས་༼དངོས་པོ་ཀུན་གྱི་རང་བཞིན་ཞེས་པའི་དཔེ་དེབ་པར་ཐེངས་གཉིས་པ་དབུ་འབྱེད་གནང་སོང་

དེ་རིང་ཉིན་རྒྱབ་ཆུ་ཚོད་ །༣༠ སྟེང་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། ངྷ་སའི་བོད་སྨྱུག་སྐྲུན་ཁང་གི་གོ་སྒྲིག་འོག བཀའ་ཟུར་དཔལ་འབྱོར་ཚེ་རིང་མཆོག་གིས་དབྱིན་ཡིག་ནང་ཕྱག་རྩོམ་གནང་བའི་ཁོང་གི་མི་ཚེའི་ལོ་རྒྱུས་དཔེ་དེབ་ ༼ དངོས་པོ་ཀུན་གྱི་རང་བཞིན་(Nature of all things) ཞེས་པའི་དཔེ་དེབ་པར་ཐེངས་གཉིས་པ་དབུ་འབྱེདའགྲེམས་སྤེལ་གནང་སོང་

དཔེ་དེབ་དབུ་འབྱེད་ཀྱི་ཐོག་མར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། བོད་སྨྱུག་པར་སྐྲུན་ཁང་ནི་ཐོག་མར་དྲ་ཐོག་ནས་བཙན་བྱོལ་གྱི་ན་གཞོན་རྩོམ་པ་པོ་དག་གི་རྩོམ་ཡིག་འབྲི་སྤེལ་བྱེད་སའི་སྡིངས་ཆ་ཞིག་ཡིན་པ་དང་ད་སྔ་དབྱིན་བོད་ཀྱི་དཔེ་དེབ་ ༡༣ ཙམ་པར་འགྲེམས་བྱས་ཡོད བཀར་ཟུར་དཔལ་འབྱོར་ཚེ་རིང་ལགས་ཀྱི་དཔེ་དེབ་དེ་ནི་ཁོང་ཚོས་པར་བསྐྲུན་བྱས་པ་ཞིག་མིན་པར། རྩོམ་པ་པོདོ་བདག་གིས་པར་སྐྲུན་གནང་ཟིན་པ་ཞིག་མི་མང་ཚོས་མཁྱེན་རྟོགས་ཡོང་སླད་བསྐྱར་དུ་དབུ་འབྱེད་རོགས་རམ་བྱས་པ་ཡིན་སྐོར་བརྗོད་སོང་

བོད་སྨྱུག་པར་སྐྲུན་ཁང་གི་རྩོམ་སྒྲིག་པ་བུ་ཆུང་བསོད་ནམས་ལགས་ཀྱིས་རྩོམ་པ་པོ་ངོ་སྤྲོད་གནང་པ་ལྟར་ན། དཔལ་འབྱོར་ཚེ་རིང་ལགས་ ༡༩༤༨ ལོར་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་ ལོ་ན་ ༡༡ ལ་སོན་སྐབས་ཕ་མ་ནང་མི་དང་ལྷན་དུ་སྐྱབས་བཅོལ་ལ་ཡོང་སྟེ། གློ་མོན་ཐང་བརྒྱུད་བལ་ཡུལ་པོག་རཱ་རུ་བོད་མི་གནས་སྡོད་བྱེད་མཁན་ཐོག་མའི་གྲས་ཡིན་ཞིང་བཙན་བྱོལ་དང་ཕྱི་རྒྱལ་ཁག་ནས་སློབ་སྦྱོང་བྱས་མཐར་ཤེས་རིག་ལས་ཁུངས་སུ་ཕྱག་ལས་དང་ ཧུང་གྷ་རེ་དང་ཉི་ཧོང་ བལ་ཡུལ། ཨོ་སི་ཊོ་ལེ་ཡ་སོགས་སུ་ལས་བྱེད་དང་སྐུ་ཚབ་དོན་གཅོད་གནང་ ༢༠༠༧ ལོ་ནས་ ༢༠༡༡ བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་གནང་བཅས་ཀྱི་ཕྱག་ལས་གནང་ཡོད་འདུག

རྩོམ་པ་པོས་དཔེ་དེབ་དེ་འབྲི་དགོས་པའི་རྒྱུ་མཚན་ནི། ཁོང་གིས་རང་གི་བྱིས་པ་ཚོར་སོ་སོའིམི་ཚེའི་དཀའ་སྡུག་ལོ་རྒྱུས་ཡང་ཡང་བཤད་དེ་དྲན་སྐུལ་བྱས་ཏེ། ༡༩༨༢ ལོ་ཙམ་ནས་ལས་ཞོར་དུ་གནས་ཚུལ་ལ་ཕྱིར་དྲན་གྱིས་རགས་ཟིན་རྒྱག་མགོ་བརྩམས་ཡོད་པ་དང་ ༢༠༠༤ ལོར་ཡོངས་སུ་གྲུབ་སྟེ་ཨོ་སི་ཊི་ལེ་ཡར་ཐེངས་དང་པོར་པར་སྐྲུན་བྱས་ཡོད་ཀྱང་། ཐེངས་འདིར་རྒྱ་གར་ནང་གི་བོད་རིགས་གཞོན་སྐྱེས་ཚོས་ལྟ་ཀློག་ཡོང་ཆེད་པར་སྐྲུན་ཐེངས་གཉིས་པ་བྱས་སྐོར་ངོ་སྤྲོད་གནང་སོང་ 

ཡང་ཁོང་གིས་དེབ་དེ་འབྲི་སྐབས་ཀྱི་བསམ་བློའི་རྒྱབ་ལྗོངས་ཐད་ནས་ང་མི་གཅིག་གི་ལོ་རྒྱུས་གཞི་རྩར་བཞག་སྟེ།  ང་ཚོའི་མི་རིགས་ཀྱི་ཐོག་མའི་གནས་ཡུལ་ལུང་པ་དེའི་ཡུལ་ལྗོངས་ཀྱི་བཀོད་པ་དང་མི་གཤིས། ལྷ་བླ་མར་དད་གུས་ཞུ་སྟངས། ཉིན་རེའི་འཚོ་བའི་ནང་ཆོས་དང་འཇིག་རྟེན་གྱི་བྱ་བཞག་གང་དག་འབྲེལ་བསྡད་ཡོད་པ་སོགས་སེམས་ནང་བཞག་སྟེ། བོད་པའི་རིག་གཞུང་དང་གོམས་གཤིས་གང་ཡོད་པ་དག་འགོད་ཐབས་བྱས་ཡོད་ཅེས་དང་ དཔེ་དེབ་དེ་ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་མ་ཡིན་པར་སོ་སོའིམཐོང་ཐོས་མྱོང་གསུམ་གཅིག་ནས་འཛམ་གླིང་མི་མང་དང་གཉིས་ནས་བོད་ཕྱི་རབས་པ་དག་གིས་ཤེས་རྟོགས་ཆེད་བྲིས་པ་ཡིན་སྐོར་སོགས་བརྗོད་བྱུང་ཡང་ཁོང་གིས་དཔེ་དེབ་འདི་བོད་ཡིག་ནང་བྲིས་མེད་པ་དེར་གནོང་འགྱོད་ཆེ་ཡང་དབྱིན་ཡིག་ནང་བྲིས་ཀྱང་མི་གཅིག་གི་མི་ཚེའི་ལོ་རྒྱུས་ཐོག་ནས་བོད་པའི་དཀའ་སྡུག་གི་བྱུང་པ་སྤྱི་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྐྱེལ་ཐུབ་རྒྱུ་དང་ གཉིས་ནས་དབྱིན་ཡིག་ཤེས་མཁན་གྱི་བོད་རིགས་ན་གཞོན་ཚོས་བོད་ཀྱི་གནས་བབ་ལོ་རྒྱུས་ལ་ཤེས་རྟོགས་དང་ དཀའ་སྡུག་ཁྲོད་ནས་མི་རིགས་ཀྱི་འཐབ་རྩོད་བྱ་རྒྱུར་སྐུལ་འདེད་ཡོང་ཆེད་ཡིན་སྐོར་བརྗོད་སོང་ལ། ད་ཆར་ཁོང་གི་དཔེ་དེབ་འདི་བོད་སྒྱུར་བྱེད་བཞིན་ཡོད་སྐོར་ཡང་བརྗོད་བྱུང་

དཔེ་དེབ་འདིར་ཤོག་ངོས་ ༢༨༢ དང་ དེའི་བརྗོད་བྱའི་ཁྱབ་ཁོངས་སུ་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་གོང་གི་རང་རྣམ་དང་རྒྱའི་བཙན་འཛུལ་གྱི་སྔ་རྗེས། སྐྱབས་བཅོལ་དུ་ཡོང་པའི་བརྒྱུད་རིམ། བཙན་བྱོལ་ནང་གི་ཐོག་མའི་འཚོ་གནས་དང་གཞིས་ཆགས་སྟངས། དཀའ་སྡུག་དེ་འདྲའི་འོག་ཕ་མས་རང་ཉིད་ལ་སློབ་སློབ་སྦྱོང་ཞིག་རག་རྒྱུར་རེ་བ་བཅིངས་སྟངས་དང་འབད་བརྩོན་ཇི་ལྟར་གནང་པ། སློབ་སྦྱོང་གི་བརྒྱུད་རིམ། བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས། ཐེངས་གཅིག་ཕྱིར་བོད་དུ་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་སོགས་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པ་ནས་བཙན་བྱོལ་བ་ཞིག་ཆགས་པ་དང་ བཙན་བྱོལ་བའི་མི་ཚེ་གང་འདྲ་ཡིན་པ་སོགས་ཞིབ་འབྲི་བྱས་པའི་བོད་མི་བཙན་བྱོལ་བ་ཞིག་གི་མི་ཚེའི་ལོ་རྒྱུས་ཞིབ་འབྲི་བྱས་པ་ཞིག་ཡིན།

མཐར་ཁོང་གིས་ད་ཆ་ཨོ་སི་ཊི་ལེ་ཡར་༼ གོ་ལ་ཀུན་ཁྱབ་བོད་(Global Tibet Institute) ཞེས་པའི་ལས་འགུལ་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་ དེའི་དམིགས་ཡུལ་ཁ་འཐོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། བོད་ཀྱི་སྐད་ཡིག་དང་བོད་མིའི་བཟང་སྤྱོད་རྒྱུན་འཛིན་དར་སྤེལ་གཏོང་ཆེད་ཡིན་སྐོར་ངོ་སྤྲོད་གནསོང་

གསར་འགོད་པ། བནྡེ་སྐྱབས།

ཤོག་ངོས་འདི་ཐེངས་ ༢༠༡༥ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༠ ཉིན་འདོན་སྤེལ་བྱས།
གཞུང་གི་ལས་བྱེད་ནང་ལ་ལྐོག་ཟ་རུལ་སྲུངས་མེད་ན། བཟང་སྤྱོད་སྤེལ་བ་རེད་དེ། སྒྲིག་འཛུགས་ནང་ལ་ལྐོག་བྱས་པ་ཙམ་མ་ཟད། གཞུང་དངུལ་ཡོངས་རྫོགས་འཁྱེར་ནས་གར་སོང་ཆ་མེད་དུ་སོང་ན་ཡང་། ཁོའམ་མོའི་དཔར་ཙམ་ཡང་དྲ་ཐོག་ཏུ་འཇོག་མི་ནུས་དེ་བཟང་སྤྱོད་སྤེལ་སྟངས་གསར་པ་ཡིན་བཟོ་མི་འདུག་གམ། ད་གཟབ་གཟབ་བྱན་རང་བྱས་ན་དྲག་བགྱིད་རེད་དོ།། །།
འཇིག་མེད་སེང་གེ་
༢༠༡༣/༠༨/༢༠ ཉིན་འདོན་སྤེལ་བྱས།
བོད་སྐད་དུ་"ཆོས་ཐམས་ཅད་ཀྱི་རང་བཞིན་"ཞེས་ཡང་དག་པར་བརྗོད་པར་བྱའོ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༡༨ ཉིན་འདོན་སྤེལ་བྱས།

དེབ་འདི་ཡི་མིང་འདི་ནི་ཧམ་པ་ཆེ་མདོག་ཁ་པོ་ཅིག་མིའདུག་གམ། ལགས།

རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།