དངུལ་ཆ་ཚང་ཕྱིར་སློག་བྱས་འདུག

འདོན་སྤེལ། ༢༠༡༣/༠༨/༢༣

ཟླ་སྔོན་མར་ས་ལུ་སྒར་སྨན་རྩིས་ཁང་གི་ལས་བྱེད་ཅིག་གིས་ཧིན་སྒོར་འབུམ་ ༣ ལྷག་ཁྱེར་ནས་གར་སོང་ཆ་མེད་ཆགས་ཡོད་ཀྱང་། ཉེ་ཆར་ཁོས་ཁ་པར་ཡོང་སྟེ་ནོར་འཁྲུལ་ངོས་ལེན་དང་ཁོའི་ནང་མིས་དངུལ་ཚང་མ་ཕྱིར་སློག་བྱས་འདུག

ཟླ་སྔོན་མའི་ང་འབྲས་ལྗོངས་མངའ་ཁུལ་ས་ལུ་སྒར་ཡན་ལག་སྨན་རྩིས་ཁང་གི་ལས་བྱེད་ཅིག་གིས། ས་གནས་སྨན་ཁང་གི་ཕྱི་ཟླ་པའི་བྱུང་དངུལ་ཡོངས་རྫོགས་ཁྱེར་ནས་གར་སོང་ཆ་མེད་ཆགས་ཡོདཔ་དང་། ཕྱིས་སུ་ཁོ་རྒྱ་བལ་གཉིས་ཀྱི་ས་མཚམས་ཤིག་ཏུ་འགྲོ་བཞིན་པའི་གནས་ཚུལ་བྱུང་ཡོད་ཀྱང་ཉེ་ལམ་ཁོས་ལྡི་ལི་ནས་ཁ་པར་ཡོང་སྟེ་ས་ལུ་སྒར་སྨན་རྩིས་ཁང་དགོངས་སེལ་ཞུས་ཡོད་པ་མ་ཟད། ཁོ་རང་གི་ནོར་འཁྲུལ་ཚང་མ་ངོས་ལེན་གནང་ཡོད་འདུག དེའི་རྗེས་ཁོའི་སྤུན་མཆེད་ཨ་ཅག་གཉིས་ཀྱི་ཁོའི་ཚབ་བྱས་ཏེ་ས་གནས་གཞིས་མགོ་བརྒྱུད་གཞུང་དངུལ་ཆ་ཚང་ཕྱིར་རྩིས་འབུལ་ཞུས་ཡོད་འདུག

གནས་ཚུལ་འདིའི་ཐད་གསར་འགོད་པས་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པར། ཉེ་སྔོན་ས་ལུ་སྒར་ས་གནས་ཡན་ལག་སྨན་ཁང་གི་ལས་བྱེད་ཅིག་གིས་ཕྱི་ཟླ་ ༦ པའི་བྱུང་ཡོངས་རྫོགས་ཧིན་སྒོར་ ༣༤༤༧༧༠།༥༢ འཁྱེར་ནས་གར་སོང་ཆ་མེད་ཆགས་རྗེས། དབུས་སྨན་རྩིས་ཁང་གིབཀོད་མངགས་ལྟར། ས་ལུ་སྒར་སྨན་རྩིས་ཁང་གི་ལས་བྱེད་དང་། ཁོ་རང་གི་ནང་ཡོད་སའི་གཞིས་མགོ དེ་བཞིན། ས་གནས་སྨན་རྩིས་ཁང་གི་ལས་བྱེད་བཅས་ཁོའི་ནང་དུ་ཕྱིན་ཏེ། ནང་མི་ཚོར་གནས་ཚུལ་ངོ་སྤྲོད་དང་འབྲེལ་དངུལ་ཕྱིར་སློག་ཐབས་བྱེད་དགོས་པ་དང་། གལ་སྲིད་ཕྱིར་སློག་མ་བྱས་ཚེ་རྒྱ་གར་གཞུང་ལ་ཁྲིམས་གཏུག་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་སྐོར་སོགས་ཀྱི་འབྲེལ་བཤད་རྒྱག་སྐབས། སྤུན་མཆེད་ཨ་ཅག་གཉིས་ཀྱིས་ཁོ་རང་འཚོལ་ཐབས་བྱེད་རྒྱུ་ཡིན་སྐོར་དང་། གལ་སྲིད་ཁོ་མ་རག་ཀྱང་སྨན་རྩིས་ཁང་གི་དངུལ་དེ་ཕྱིར་སློག་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་ཁེ་ལེན་ཞུས་ཡོད་འདུག

ཚེ་རིང་བཀྲ་ཤིས་ལགས་ཀྱིས། “ བར་སྐབས་ཤིག་ལ་ཁོ་ཤི་ལི་ཀུ་རིར་འཁྱམས་བསྡད་ཡོད་པ་དང་། ལྡི་ལིར་ཡོད་སོགས་ཀྱི་གནས་ཚུལ་འདུག་ཀྱང་ལྡི་ལིར་ཡོད་པའི་ང་ཚོའི་སྡེ་ཚན་ཁག་ཏུ་བསླེབས་མི་འདུག  ཁོ་རང་གི་གནས་ཚུལ་དེ་ཁྱབ་བསྒྲགས་ཕྱིན་པ་ལ་བརྟེན་ཏེ། ཁོས་ལྡི་ལི་ནས་ས་གནས་ཡན་ལག་སྨན་ཁང་ལ་ཁ་པར་བཏང་སྟེ་ཁོ་རང་འགྱོད་པ་ཡོད་པའི་སྐད་ཆ་བཤད་འདུག ཕྱི་ཟླ་ ༨ ཚེས་ ༢༠ ཉིན་ཁོའི་སྤུན་མཆེད་ཨ་ཅག་གཉིས་ཀྱིས་ནང་ཞིབ་ཀྱི་རྩིས་ཁྲ་གཞིར་བཟུང་ར་ཝང་ལ་ས་གནས་གཞིས་མགོའི་གམ་དུ་ཡོང་སྟེ་དངུལ་ཆ་ཚང་ཕྱིར་སློག་བྱས་འདུག” ཅེས་བརྗོད་བྱུང་ 

དབུས་སྨན་རྩིས་ཁང་གི་ངོས་ནས་གནས་ཚུལ་དེར་ཐག་གཅོད་གང་འདྲ་གནང་ཡོད་མེད་དྲིས་པར། ཁོང་གིས་ང་ཚོས་སྔོན་མ་ནས་དངུལ་ཡོངས་རྫོགས་ཕྱིར་སློག་པ་ཡིན་ན་ལས་ཀ་ནས་གནས་དབྱུང་གཏོང་རྒྱུ་མིན་པ་གསལ་བསྒྲགས་བྱས་ཡོད་པ་ལྟར། ད་རེབ་ཁོ་རང་གིས་དགོངས་སེལ་ཞུས་པ་དང་ནང་མིས་དངུལ་ཕྱིར་སློག་པ་བཅས་ལ་བརྟེན་ཏེ། ཁོ་གནས་རིམ་གཅིག་མར་ཕབ་སྟེ་ལས་ཀ་མུ་མཐུད་བྱེད་ཆོག་པའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་བྱུང་། ཁོང་གིས་སྤྱིར་བཏང་ད་ལྟ་ཁོ་རང་གནས་རིམ་དགུ་བ་རེད། ལོ་གཉིས་རྗེས་གནས་རིམ་བརྒྱད་པར་འགྲོ་དགོས་ཀྱི་ཡོད་ཀྱང་ཁོ་རང་གི་བྱས་ཉེས་ལ་བརྟེན་ཏེ་གནས་རིམ་དགུ་བ་ནས་གནས་རིམ་གཅིག་མར་ཕབ་སྟེ་གནས་རིམ་མཐའ་མ་དེར་བཞག་ཡོདཁོང་གི་ཨ་ཅག་གཉིས་ཀྱི་རེ་བ་ལྟར་ང་ཚོས་མ་ཁོ་རངདངུལ་གྱི་ལས་ཀ་མེད་ས་ཞིག་ལ་གོ་སྒྲིག་ཞུ་རྒྱུ་ཡིན” ཞེས་བརྗོད་བྱུང་

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༢༤༣༤ ལ་བཀླགས་འདུག
རིག་པ་འདོན་པ།
བྱ་ཐུང་
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
རང་སྐྱོན་ངོས་ལེན་བྱས་པ་ཡག་པོ་རེད་ལ་དབུས་སྨན་རྩིས་ཁང་གིས་ཉེས་པ་སེལ་རྒྱའི་གོ་སྐབས་སྤྲད་པ་དེའང་ཡག་པོ་རེད་འདོད།
འཇམ་གཅེས །
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
མི་ངན་འདི་དག་གི་བྱེས་ཉེས་ལ་གཞིགས་ནས་ཕྱིར་འབུད་མི་ཐུབ་པ་གང་ཡིན་ནམ། ད་དུང་ ཁོང་གིས་ང་ཚོས་སྔོན་མ་ནས་དངུལ་ཡོངས་རྫོགས་ཕྱིར་སློག་པ་ཡིན་ན་ལས་ཀ་ནས་གནས་དབྱུང་གཏོང་རྒྱུ་མིན་པ་གསལ་བསྒྲགས་བྱས་ཡོད་པ་ལྟར། ད་རེབ་ཁོ་རང་གིས་དགོངས་སེལ་ཞུས་པ་དང་ནང་མིས་དངུལ་ཕྱིར་སློག་པ་བཅས་ལ་བརྟེན་ཏེ། ཁོ་གནས་རིམ་གཅིག་མར་ཕབ་སྟེ་ལས་ཀ་མུ་མཐུད་བྱེད་ཆོག་པའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་བྱུང་། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་
ཤག་སྒང་པ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
ཟླ་ཕོགས་ལ་ཁྱད་ཡོད་ན་གནས་རིམ་ཕབ་པས་དགོས་དོན་རེད།

དེ་ལྟར་མེད་པའི་བོད་མིའི་སྒྲིག་འཛུགས་ནང་གི་སྒེར་ཚོགས་མང་པོ་ཡོད་པ་རེད།

དེ་ལྟར་ཡིན་ན་དེ་ཙམ་རེད།
གཅན་བཟོད་རྒྱམ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
དགོངས་སེལ་ཞུས་པ་ཡག་པོ་འདུག
ནང་མིས་དངུལ་སྐྱིན་ཚབ་སྤྲོད་པ་དེ་ཡང་ཡག་པོ་འདུག རང་གི་གཞུང་རང་གིས་བཀུར་བའི་རྟགས་རེད། སྤྱོད་བཟང་ཞིག་ཀྱང་རེད་སྙམ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།