དྲ་རྒྱ་བཟོ་འགོད་བྱེད་སྐབས་ས་ཆ་དེ་བརྟན་པོ་ཞིག་འདེམས་རྒྱུ་གལ་ཆེན་རེད།

འདོན་སྤེལ། ༢༠༡༣/༠༨/༢༤

དྲ་རྒྱ་འཇུས་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞུང་སྒེར་གྱི་དྲ་རྒྱ་ ༢༢ ཙམ་བཟོ་འགོད་བྱས་ཡོད་པ་དང་། ༢༠༡༠ ལོར་བོད་ཀྱི་དྲ་རྒྱ་འཇུས་འགོད་ཁང་ཟེར་བའི་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་ཡོད་འདུག

དྲི་བ། ཁྱེད་རང་དྲ་རྒྱ་ཇུས་འགོད་ཀྱི་ལས་ལ་ཐོག་མར་ཇི་ལྟར་ཞུགས་པ་དང་། དམིཊ་ཡུལ་ཅི་འདྲ་ཞིག་བཟུང་ནས་ཞུགས་པ་ཡིན།

ལན། ང་རང་ལོ་ ༥ ཙམ་གྱི་ཐོག་རྒྱ་གར་དུ་འབྱོར་ཞིང་གོ་པལ་པུར་བོད་ཁྱིམ་དུ་ཞུགས་པ་ཡིན། སྐབས་དེར་གློག་ཀླད་ཀྱི་ཤེས་བྱ་སྤྱི་ཡོངས་ཀྱི་ཐོག་སློབ་སྦྱོང་བྱེད་པའི་གོ་སྐབས་དང་ཁོར་ཡུག་ཧ་ཅང་ཡག་པོ་འདུག ང་ཆུང་དུས་ནས་ཕ་མ་གཉེན་ཉེ་དང་ཁ་བྲལ་ནས་རྒྱ་གར་དུ་བསླེབས་པར་བརྟེན། སློབ་ཕྲུག་གཞན་པ་ལྟར་དབྱར་དགུན་གྱི་གུང་གསེང་ལ་འགྲོ་ས་དང་བར་གསེང་གི་ཞོར་ཟས་ཉོ་བྱེད་དངུལ་སོགས་གང་ཡང་མེད་སྟབས། ཆུ་ཚོད་སྟོང་པ་ཡོད་ཚད་གློག་ཀླད་ཐོག་བཏང་བ་ཡིན། བར་ལམ་ཞིག་ནས་གློག་ཀླད་མེད་ན་འདུག་མི་ཐུབ་པ་ལྟ་བུ་ཞིག་ཆགས་སོང་། སྐབས་དེར་དགེ་སློབ་ཚོས་ང་ལ་ གློག་ཀླད་པ་ལགསཞེས་འབོད་པ་དང་།  རྒྱུན་དུ་སློབ་གྲྭའི་དུས་དེབ་སོགས་ཚང་མ་ང་རང་གིས་འཇུས་འགོད་བྱས་པ་ཡིན། ང་འཛིན་གྲྭ་ ༡༢ ཐོན་རྗེས། དྲ་རྒྱ་བཟོ་འགོད་ཀྱི་དགེ་རྒན་ཡག་པོ་ཞིག་རག་སོང་། སྤྱིར་བཏང་དྲ་རྒྱ་བཟོ་སྟངས་སྐོར་ཅུང་ཙམ་ཤེས་ཀྱི་ཡོད་ཀྱང་སྔར་ལས་ཡག་པོ་ཞིག་ཤེས་ཐུབ་ན་བསམ་སྟེ། ཟླ་ ༦ ཙམ་རིང་སློབ་གྲྭར་མ་སོང་བར་མེག་གྷན་དུ་དྲ་རྒྱ་བཟོ་འགོད་ལ་སློབ་སྦྱོང་བྱས་ནས་བསྡད་པ་ཡིན། ཐེངས་ཤིག་མགོན་པོ་འཕུར་མཉེད་ཁང་གིས་བོད་ཀྱི་གསོ་ཐབས་ལག་ལེན་དྲ་བ་ཞེས་པའི་དྲ་རྒྱ་ང་ལ་བཟོ་འགོད་གནང་རོགས་ལབ་སོང་། སྐབས་དེར་ང་ལ་དྲ་རྒྱ་བཟོ་འགོད་བྱེད་པའི་ནུས་པ་མེད་ཀྱང་། ཉེན་ཁ་དང་དཀའ་ངལ་ཞིག་མ་བརྒྱུད་ན་གྲུབ་འབྲས་ཤིག་འབྱུང་མི་སྲིད་སྙམ་སྟེ་ཁས་ལེན་བྱས་པ་ཡིན་ལ།  དེ་ངས་བཟོ་འགོད་བྱས་པའི་དྲ་རྒྱ་ཐོག་མ་དེ་ཆགས་ཡོད།

དྲི་བ། བོད་ཀྱི་དྲ་རྒྱ་འཇུས་འགོད་ཁང་ག་དུས་བཙུཊ་པ་དང་། དེ་གསར་འཛུཊ་ཀྱི་བསམ་བློ་ཇི་ལྟར་འཁོར་སོང་

ལན། ངས་སྔ་རྗེས་སུ་བློ་བཟང་བདེ་ལེགས་ཀྱི་དྲ་རྒྱ་དང་བོད་ཀྱི་ཆང་ས་དྲ་བ་སོགས་དྲ་རྒྱ་ ༦ ཙམ་བཟོས་རྗེས། དྲ་རྒྱའི་འོག་ཏུ་སངས་རྒྱས་རྡོ་རྗེས་བཟོ་སྐྲུན་བྱས་ཞེས་མི་སྒེར་བ་ཞིག་གི་མིང་བེད་སྤྱོད་བཏང་བ་ཙམ་ལ་སྙིང་པོ་ཞིག་མཐོང་མ་སོང་། ཞེ་དྲག་མ་འཇོན་ནའང་ བོད་ཀྱི་དྲ་རྒྱ་འཇུས་འགོད་ཁང་ཟེར་བའི་ཚོགས་པ་ཞིག་བཙུག་ན་ག་འདྲ་ཡོད་ན་བསམ་སོང་། མིང་དེར་གཟི་བརྗིད་དང་རིན་ཐང་ཆེན་པོ་ལྡན་ཡོད་ལ། མ་འོངས་པར་མི་གཞན་ཞིག་གིས་མིང་དེ་འཁྱེར་སོང་བ་ཡིན་ན་དངོས་གནས་ཕངས་པོ་ཞེ་དྲག་རེད་སྙམ་སྟེ། ༢༠༡༠ ལོའི་ཕྱི་ཟླ་ ༨ ནང་ བོད་ཀྱི་དྲ་རྒྱ་འཇུས་འགོད་ཁང་ཟེར་བའི་ཚོགས་པ་འདི་བཙུགས་པ་ཡིན། ཡིན་ནའང་། ང་རང་སློབ་མ་ཞིག་ཡིན་སྟབས། ལས་བྱེད་བསྡུས་ནས་གླ་ཕོགས་སྤྲད་ཐུབ་ཀྱི་མི་འདུག་སྟབས། ངའི་གྲོགས་པོ་རྒྱ་མཚོ་ལགས་ལ་འདི་སྦྱོངས་དང་དེ་སྦྱོངས་ལབ་སྟེ་ང་རང་གིས་ཕར་བསླབས་ནས་ལས་རོགས་སུ་བླངས་པ་དང་། ད་ལྟའི་ཆར་དྷ་ས་དང་ལྷོ་ཕྱོགས། ལྡི་ལི་བཅས་སུ་འབྲེལ་མཐུད་པ་ ༦ ཡོད། ཁོ་ཚོ་ཚང་མ་དྲ་རྒྱ་བཟོ་རུ་བཅུག་པའི་བརྒྱུད་རིམ་ཁྲོད་ནས་འདོད་པ་ཡག་པོ་ཁེངས་ཏེ་སོ་སོའི་དང་བླངས་ཀྱི་ཐོག་ནས་རོགས་རམ་གནང་གི་ཡོད་པ་རེད།

དྲི་བ། ད་ལྟའི་བར་ཁྱེད་ཀྱིས་དྲ་རྒྱ་ག་ཚོད་བཟོ་འགོད་བྱས་པ་དང་། དེ་དག་གི་ཁྲོད་ནས་ཆེས་འདོད་བློ་ཁེངས་པའམ་ཚད་ལྡན་དེ་གང་མཐོང་གི་འདུག

ལན། ཁྱོན་དྲ་རྒྱ་ ༢༢ ཙམ་བཟོ་འགོད་བྱས་ཡོད་པ་རེད། སོ་སོར་བོད་ཡིག་རྐྱང་བའི་ཐོག་ནས་དྲ་རྒྱ་བཟོ་འགོད་བྱེད་པའི་དམིགས་ཡུལ་ཐོག་མ་ནས་ཡོད་པ་ལྟར། ངས་བཟོ་འགོད་བྱས་པའི་དྲ་རྒྱ་མང་ཆེ་བ་བོད་ཡིག་རེད། ཡིན་ནའང་། དཔེར་ན། ཏཱ་ལའི་བླ་མ་སློབ་ཆེན་གྱི་དྲ་རྒྱ་ལྟ་བུ་ཡིན་ན། སློབ་གྲྭའི་བཀོད་སྒྲིག་ལྟར་དབྱིན་ཡིག་ནང་བཟོས་ཡོད་པ་དང་། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲ་བའང་བོད་དབྱིན་གཉིས་ཀྱི་ཐོག་ནས་བཟོས་ཡོད་པ་རེད། དཀའ་ལས་བརྒྱབ་པ་མང་ཤོས་དང་འཆར་གཞི་བསྒྲིགས་པ་མང་ཤོས་དེ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དྲ་རྒྱ་མཐོང་གི་འདུག གང་ཡིན་ཟེར་ན། དྲ་རྒྱ་གཅིག་གི་ནང་དུ་དྲ་རྒྱ་ ༦ འདུས་ཡོད་སྟབས། བཟོ་འགོད་བྱས་ནས་ལོ་ ༣ ཙམ་འགྲོ་བཞིན་ཡོད་ཀྱང་ད་དུང་འཇུས་འགོད་ཡོངས་སུ་ཚར་ཡོད་པ་མ་རེད། ད་ལྟའི་མཐོང་སྣང་ཙམ་བཤད་ན། བོད་ཀྱི་ཟིན་བྲིས་དྲ་བ་དེ་བོད་ནང་ལོག་གི་དྲ་རྒྱ་ཚད་ལྡན་ སེང་རྡོར་དྲ་གཞིར་བཟུང་སྟེ། སོ་སོ་རང་གིས་སྒྲོམ་གཞི་བཟོས་ནས་ཉིན་མཚན་མེད་པར་དཀའ་ལས་ཞེ་དྲག་བརྒྱབ་པ་ཡིན། དེ་མིན་ཁྱབ་ཆེ་ཆུང་གི་ཐོག་ནས་བཤད་ན། དེང་སང་ང་ཚོའི་སྤྱི་ཚོགས་ཐོག་ཁྱབ་ཆེ་ཤོས་དེ་རིག་མཛོད་དྲ་ཚིགས་རེད། རྒྱུ་མཚན་གང་ཡིན་ཟེར་ན། དྲ་རྒྱ་དེའི་ནང་ནས་འཕྲུལ་དེབ་ (Ebook)མང་པོ་ཐད་ཀར་ཕབ་ལེན་བྱེད་བདེ་བོ་ཡོད་སྟབས། མི་མང་པོས་བེད་སྤྱོད་གཏོང་གི་འདུག

དྲི་བ། བོད་ཡིག་དྲ་རྒྱ་མང་པོ་བཟོ་འགོད་བྱས་པའི་བརྒྱུད་རིམ་ཁྲོད་ནས་ཁྱེད་རང་ལ་ཕན་ཐོགས་ཆེ་ཤོས་ག་རེ་བྱུང་སོང་

ལན། སྤྱིར་བཏང་ངའི་བོད་ཡིག་གི་ཤེས་ཚད་དམའ་བོ་ཡིན་ཡང་། བོད་ཡིག་གི་དྲ་རྒྱ་མང་པོ་བཟོ་འགོད་བྱས་པའི་བརྒྱུད་རིམ་ཁྲོད་བརྡ་ཆད་མང་པོ་བོད་བསྒྱུར་བྱས་པ་སོགས་དཀའ་ལས་གང་མང་བརྒྱབ་སྟབས། བོད་ཡིག་ཐོག་ཡར་རྒྱས་ཞེ་དྲག་འགྲོ་སོང་། སྤྱིར་བཏང་བོད་ཡིག་གི་དྲ་རྒྱ་བཟོ་རྒྱུ་དབྱིན་ཡིག་དང་བསྡུར་ན་ལས་ཀ་འཕར་མ་དང་དཀའ་རྙོག་མང་པོ་ཡོད་སྟབས། མི་གཞན་གྱིས་དཀའ་ལས་རྒྱག་མ་ཐུབ་ས་ཞིག་ལ་ང་རང་གིས་དཀའ་ལས་རྒྱག་ཐུབ་པ་དེ་སོ་སོའི་སྤོབས་པ་དང་། ལྷག་པར་དུ་ངས་བཟོས་པའི་བོད་ཡིག་དྲ་རྒྱ་དེ་ཚོ་བོད་རིགས་སྤུན་ཟླ་མང་པོས་ལྟ་ཀློག་བྱེད་ཀྱིན་པ་དང་། དྲ་རྒྱ་ཡག་པོ་འདུག་ཅེས་བསྟོད་བསྔགས་བྱེད་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག

དྲི་བ། ཚོགས་པ་དང་མི་སྒེར་མང་པོས་དྲ་རྒྱ་བཟོ་འགོད་བྱེད་དུ་བཅུག་སྐབས་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང་

ལན། ང་རང་ལ་མཚོན་ན། དྲ་རྒྱ་བཟོས་ཚར་དུས་མ་གཏོགས་དངུལ་ལེན་གྱི་མེད། དྲ་རྒྱ་ཞིག་བཟོ་འགོད་བྱེད་སྐབས་ཐོག་མར་དོ་བདག་གི་བསམ་ཚུལ་དང་དྲ་བའི་སྒྲོམ་གཞི་ག་འདྲ་ཞིག་དགོས་ཀྱི་ཡོད་ན་དེ་ང་ཚོར་སྤྲད་ན་ད་གཟོད་བཟོ་འགོད་བྱེད་ཀྱི་ཡོད། ཡིན་ནའང་། སྒྲོམ་གཞི་བཟོས་ཚར་དུས་དོ་བདག་ལ་འགྲིག་གི་ཡོད་མེད་དང་། གལ་སྲིད་འགྲིག་ན་ང་ཚོས་མུ་མཐུད་དུ་བཟོ་རྒྱུ་ཡིན་ཞེས་བཤད་སྐབས། འགྲིག་གི་འདུག་མུ་མཐུད་དུ་བཟོ་རོགས་ལབ་ཀྱི་འདུག དེ་ནས་ང་ཚོས་འགྲོ་སོང་མང་པོ་བཏང་། དཀའ་ལས་ཚད་མེད་བརྒྱབ་སྟེ་དྲ་རྒྱ་ཡོངས་སུ་བཟོ་འགོད་བྱས་ཚར་དུས། བདག་པོ་མཐོང་རྒྱུ་མེད་པར་གྱུར་བའམ་ཡང་ན་དྲ་རྒྱ་བདག་པོ་བརྒྱབ་སྟེ་དངུལ་མ་སྤྲད་པའང་མང་པོ་བྱུང་སོང་

དྲི་བ། བོད་ཀྱི་དྲ་རྒྱ་འཇུས་འགོད་ཁང་གིས་བཟོ་འགོད་བྱས་པའི་དྲ་རྒྱ་རྣམས་གཞན་གྱི་དྲ་རྒྱ་དང་བསྡུར་ན་རིན་གོང་གི་ཐོག་ནས་ཁྱད་པར་ཡོད་དམ།

ལན། ངས་དམའ་ཤོས་ཧིན་སྒོར་ཆིག་ཁྲི་ནས་མགོ་བརྩམས་པ་ཡིན། ཇོ་ནང་དྲ་རྒྱ་ལ་སྟོང་ཕྲག་ ༤༥ མ་ཟིན་ཙམ་བླངས་པ་ཡིན། གང་ཡིན་ཟེར་ན། དྲ་རྒྱ་གཅིག་གི་ནང་དྲ་རྒྱ་མང་པོ་འདུས་ཡོད་པ་རེད། དེ་མིན་ད་ལྟའི་བར་དྲ་རྒྱ་རེར་སྟོང་ཕྲག་ ༢༥ སྒང་ལ་གཅིག་ཀྱང་ལེན་མྱོང་མེད། ང་ཚོས་སྟོང་ཕྲག་ ༢༠ ནས་ ༢༥ ལེན་བཞིན་པ་དེ་གཞན་དག་དང་བསྡུར་ན་ཅི་ཡང་མ་རེད། ཡིན་ནའང་། ད་ལྟ་ང་ཚོ་ཚོགས་པ་ཞིག་ཆགས་བསྡད་ཡོད་ལ། ང་རང་ཡིན་ནའང་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན་དུས་སྤྱི་ཚོགས་ཐོག་གོམ་པ་གཞི་ནས་རྒྱག་དགོས་སྟབས། མ་འོངས་པར་ང་ཚོས་སྤྱིར་བཏང་གི་དྲ་རྒྱ་ཞིག་ལ་སྟོང་ཕྲག་ ༢༥ ནས་ ༣༥ བར་ལེན་པའི་འཆར་གཞི་ཡོད། ཡིན་ནའང་། འཇུས་འགོད་ཚད་མཐོ་བོ་ཞེ་དྲག་ཅིག་དགོས་ལབ་ན། ང་ཚོ་ནུས་པ་འཕར་མ་ཞིག་འཚོལ་དུ་འགྲོ་དགོས་སྟབས་དྲ་བདག་གི་ངོས་ནས་ཀྱང་དངུལ་ཐོལ་བ་ཞིག་སྤྲོད་དགོས་ཁེལ་གྱི་རེད།

དྲི་བ། དྲ་རྒྱ་བཟོ་འགོད་པ་ཞིག་གི་ངོས་ནས་བལྟས་ན། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་དྲ་རྒྱ་དག་གི་ཞན་ཆ་ཆེ་ཤོས་དེ་ག་རེ་མཐོང་གི་འདུག

ལན། ང་རང་གི་ངོས་ནས་ཚིག་ཐག་ཆོད་པོ་བྱས་ནས་ཞུ་ཐུབ་ཀྱི་མི་འདུག་ཀྱང་། ངའི་དགེ་རྒན་རྣམ་པ་དངོས་གནས་དྲ་རྒྱའི་སྒང་ལ་མཁས་པ་སྐད་གྲགས་ཡོད་མཁན་དེ་འདྲ་རེད། ཁོ་ཚོས་གསུངས་པ་ལྟར་ན། དྲ་རྒྱ་གང་འདྲ་ཞིག་ཡིན་ནའང་གློག་ཀླད་ཀྱི་མདུན་ངོས་གྲུ་བཞི་དེའི་ནང་ཏག་ཏག་ཡོད་ན་ཚད་ལྡན་དང་ཡག་ཤོས་སུ་བརྩི་བཞིན་འདུག ཡིན་ནའང་།  ང་རང་གིས་བཟོས་པའི་དྲ་རྒྱ་ཚང་མ་དོ་བདག་གི་རེ་བ་ལྟར་མར་རིང་པོ་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཐུར་ལ་ག་ཚོད་ཀྱིས་བསྣར་ཐུབ་ན་དེ་ཚོད་ཀྱིས་ཡག་པོ་མཐོང་གི་ཡོད་པ་འདྲ། གང་ལྟར་གནད་དོན་དེ་དྲ་བདག་དང་དྲ་རྒྱ་བཟོ་འགོད་པ་གཉིས་ཀྱི་ངོས་ནས་བསམ་ཞིབ་དང་ཡར་རྒྱས་གཏོང་དགོས་བའི་ཆ་ཤས་ཤིག་ཏུ་མཐོང་སོང་། གཞན། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཐད་ནས་ང་ཚོར་ཞན་ཆ་མང་པོ་ཡོད་པ་རེད། དང་ཐོག་དྲ་རྒྱ་བཟོ་འགོད་བྱེད་སའི་ས་ཆ་དེ་བརྟན་པོ་ཞིག་འདེམས་རྒྱུ་གལ་ཆེ་བ་དང་། ལྷག་པར་དུ་སོ་སོའི་དྲ་རྒྱའི་ནང་གི་རྒྱུ་ཆ་རྣམས་བོར་བརླག་ཏུ་མི་འགྲོ་ཆེད། དྲ་རྒྱའི་སྒྲིག་གཞི་མ་ལག (Cpanel) ནང་ནས་ཟླ་བ་རེ་རེ་དང་། རབ་ཡིན་ན་བདུན་ཕྲག་རེ་རེ་བྱས་ནས་ཡིག་ཆ་དང་པར་རིས་སོགས་རྒྱུ་ཆ་ཚང་མ་ཉར་ཚགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་དྲ་རྒྱ་ལ་གཞན་གྱིས་གཏོར་རྒོལ་ཐེབས་པ་ཡིན་ན། དྲ་རྒྱ་བཟོ་འགོད་པ་དང་དོ་བདག་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག འདི་ནས་ཞོར་དུ་ཞུ་དགོས་པ་ཞིག་ལ། དྲ་རྒྱའི་ནང་ལས་ཀ་བྱེད་མཁན་མང་པོ་ཞིག་གིས་དྲ་རྒྱ་གཞན་ནས་རྩོམ་ཡིག་ཕབ་ལེན་བྱེད་སྐབས་ཐད་ཀར་ཕབ་ལེན་བྱེད་མཁན་མང་པོ་འདུག དེ་ལྟར་བྱས་ནས་དྲ་བའི་སྒྲོམ་གཞི་འཁྲུག་འགྲོ་བ་དང་དྲ་རྒྱ་ལྗིད་ཁོག་ཆེན་པོ་ཆགས་ཀྱི་ཡོད་སྟབས། ངེས་པར་དུ་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ནང་ཕབ་ལེན་བྱེད་དགོས་པ་རེད།

དྲི་བ། བོད་ཀྱི་དྲ་རྒྱ་འཇུས་འགོད་ཁང་གི་ངོས་ནས་མ་འོངས་པར་རྣམ་པ་གསར་པའི་ལས་གཞི་ག་རེ་ག་རེ་ཡོད།

ལན། ང་ཚོ་ལས་མི་ཚང་མ་འཛོམས་ནས་གྲོས་བསྡུར་བྱས་པ་བརྒྱུད་གཙོ་བོ་དྲ་རྒྱ་བཟོ་འགོད་ཀྱི་ཆེད་ལས་རང་གི་ཐོག་མུ་མཐུད་དུ་འགྲོ་རྒྱུ་ཡིན་པ་མ་ཟད། མི་རེ་རེའི་འཚོ་བའི་དགོས་མཁོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚོང་རིགས་ཀྱི་དྲ་བ་སྟེ། ཅ་ལག་རྙིང་པ་རིགས་ཉོ་ཚོང་བྱེད་སའི་དྲ་བ་ཞིག་བཟོ་འཆར་ཡོད། ཡིན་ནའང་། དྲ་རྒྱའི་དུས་སྐབས་འདི་རིམ་གྱིས་ཡལ་ནས་མ་འོངས་པར་གློག་རྡུལ་མཉེན་ཆས་རིགས་(Apps)ཀྱི་དུས་སྐབས་ཤིག་ལ་བསླེབ་རྒྱུ་ཡིན་སྟབས། དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་གློག་རྡུལ་མཉེན་ཆས་རིགས་གསར་བཟོ་བྱེད་པར་ཤུགས་རྒྱག་གི་ཡོད། ང་ཚོས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཤེས་ཡོན་སྦྱོང་རྒྱུ་གལ་ཆེན་པོ་མཐོང་གི་འདུག གཞན། བོད་ཀྱི་གློག་བརྙན་” (Video Tibet) ཟེར་བའི་སྤྱི་ཚོགས་ཞབས་ཞུ་རང་ལ་དམིགས་པའི་ལས་གཞི་ཞིག་ཡོད། དཔེར་ན། བཀའ་བློན་ཁྲི་པའི་འོས་འདེམས་ལྟ་བུ་དང་། དེ་བཞིན་བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་སོགས་རྒྱུན་དུ་བོད་མིའི་སྤྱི་ཚོགས་དང་ལྷག་པར་དུ་བཞུགས་སྒར་དྷ་རམ་ས་ལ་རུ་འབྱོར་དཀོན་པའི་མི་སྣ་རིགས་ལ་བཅར་འདྲི་བྱས་ཏེ་རིན་མེད་ཀྱིས་སྤྱི་ཚོགས་ཐོག་འགྲེམས་སྤེལ་ཁྱབ་བསྒྲཊ་བྱ་འཆར་ཡོད།

གསར་འགོད་པ། པདྨ་མཚོ།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

ཤོག་ངོས་འདི་ཐེངས་ ༡༩༩༣ ལ་བཀླགས་འདུག
རིག་པ་འདོན་པ།
དྲང་བདེན་གྱི་སློང་མོ་བ།
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
དུས་རབས་ཀྱི་རྗེས་སུ་མདུན་བསྐྱོད་བྱེད་ཐུབ་མཁན་བུ་རྒོང་ཁྱེད་རང་གི་བཟོ་བཀོད་ལས་རིག་འདི་ལ་སེམས་གཏེང་ནས་དགའ་བསུ་ཡོད།
བཀྲ་ཤིས་རྡོ་རྗེ།
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
སངས་རྒྱས་རྡོ་རྗེ་ལགས་ཀྱིས་དྲ་རྒྱ་བཟོ་འགོད་ཀྱི་ལས་དོན་བསྒྲུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། བཙན་བྱོལ་སྤྱི་ཚོགས་ནང་མིའི་ཐོན་ཁུངས་ཧ་ཅང་ཞན་པོ་རེད། མི་ལོ་ལྔ་བཅུར་གཞུང་དམངས་གཉིས་ཀས་ཤེས་ཡོན་སློབ་གསོའི་ཐོག་ཤུགས་བརྒྱབ་པ་རེད་དེ། དེང་སྐབས་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་དང་བཅུ་གཅིག བཅུ་གཉིས་སོགས་ཀྱི་ནང་དུ་བོད་ཡིག་ཨ་ཅང་ཅང་དབྱིན་ཡིག་ཐོག་ནས་ཀྱང་རང་སྐྱ་ཐུབ་མཁན་དཀོན་པོ་ཡིན་པ་མ་ཟད། ལྷག་པར་དུ་འདི་ལྟ་བའི་དེང་རབས་རིག་གནས་ཐོག་ཆེད་ལས་ཐོག་སློབ་སྦྱོང་ཡོད་མཁན་ཆེས་དཀོན་པོ་རེད། སྙན་ངག་ཐན་ཐུན་འབྲི་མཁན་དང་ལྟ་གྲུབ་དང་ཆོས་བཤད་རྒྱག་མཁན་མང་བ་ལས་བོད་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུག་གི་ཤེས་ཡོན་ཡོད་མཁན་མེད། ཁྱེད་ཅག་གཞོན་སྐྱེས་དེང་རབས་ཤེས་ཡོན་ཡོད་མཁན་དག་ལ་བོད་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཀྱིན་འདུག
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
འདི་ནས་ཞོར་དུ་ཞུ་དགོས་པ་ཞིག་ལ། དྲ་རྒྱའི་ནང་ལས་ཀ་བྱེད་མཁན་མང་པོ་ཞིག་གིས་དྲ་རྒྱ་གཞན་ནས་རྩོམ་ཡིག་ཕབ་ལེན་བྱེད་སྐབས་ཐད་ཀར་ཕབ་ལེན་བྱེད་མཁན་མང་པོ་འདུག དེ་ལྟར་བྱས་ནས་དྲ་བའི་སྒྲོམ་གཞི་འཁྲུག་འགྲོ་བ་དང་དྲ་རྒྱ་ལྗིད་ཁོག་ཆེན་པོ་ཆགས་ཀྱི་ཡོད་སྟབས། ངེས་པར་དུ་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ནང་ཕབ་ལེན་བྱེད་དགོས་པ་རེད། ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།