ཡ་རབས་བཟང་སྤྱོད་ནི་ང་ཚོ་ཐུན་མོང་གི་བསྒྲུབ་བྱ་རེད།

འདོན་སྤེལ། ༢༠༡༣/༠༨/༢༥

དེ་རིང་ཞོགས་པར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ྋགོང་ས་མཆོག་གིས་ཀོ་རི་ཡའི་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཁྱོན་ ༥༠༠༠ ཙམ་ལ་ཉིན་གྲངས་ ༢ དང་ཕྱེད་རིང་གི་གསུང་ཆོས་དབུ་འཛུགས་གནང་སོང༌

ཀོ་རི་ཡའི་ནང་ཆོས་དོན་གཉེར་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་ ༨ པ་ཐོག དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ྋགོང་ས་མཆོག་གིས་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་མདོར་བསྡུས་དང་སྔགས་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་སོང་བ་དང༌། ཐེངས་འདིའི་གསུང་ཆོས་ལ་ཀོ་རི་ཡ་ནས་མི་གྲངས་ ༣༥༠ དང་རྒྱ་ནག་སྐམ་ས་ཆེན་མོ་ནས་མི་ ༢༠། དེ་མིན་གྱི་རྒྱལ་ཁབ་ཁག་ ༦༡ ཙམ་ནས་མི་ ༨༥༠ ལྷག་དང༌། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ ཙམ་འཛོམས་འདུག

སྐབས་དེར་ྋགོང་ས་མཆོག་གིས་བདེ་སྐྱིད་བསྐྲུན་ཐབས་ཀྱི་སྐོར་ལ་བཀའ་སློབ་གནང་དོན། འཛམ་བུ་གླིང་འདིའི་ཐོག་ཆོས་ལུགས་འདྲ་མིན་ལ་དད་པ་བྱེད་མཁན་མི་གྲངས་དུང་ཕྱུར་ ༦༠ ཙམ་དང༌། ཆོས་ཁས་མི་ལེན་མཁན་དུང་ཕྱུར་ ༡༠ ཙམ་ཡོད་པ་དང༌།  ཆོས་དད་མེད་མཁན་ཚོས་དངོས་པོ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་ཡ་རབས་བཟང་སྤྱོད་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་མེད་པ་འདྲ་བོ་འདུག ཡང་ཆོས་དད་ཡོད་མཁན་ཚོས་ཀྱང་ཆོས་ཟེར་དུས་སོ་སོའི་འཕྲལ་སེལ་གྱི་འདོད་དོན་སྒྲུབ་པ་ཙམ་ལས་ཡ་རབས་བཟང་སྤྱོད་ཀྱི་ཕྱོགས་ལ་དོ་སྣང་དེ་ཙམ་མེད་པའི་གནས་སྟངས་འོག ང་ཚོར་ག་རེ་གལ་ཆེན་པོ་འདུག་ལབ་ན། མིའི་བདེ་སྐྱིད་ཟེར་བ་དེ་གཙོ་བོ་སེམས་ལ་ཐུག་ཡོད་པ་དང༌། བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བདེ་སྡུག་ཡོང་བ་དཔེར་ན། དཔལ་འབྱོར་གྱིས་མི་གཅིག་གི་བསམ་བློའི་ནང་ལ་ཡིད་ཚིམ་པ་ཡོང་བ་དང༌། ཡང་མི་གཅིག་ལ་དཔལ་འབྱོར་གྱིས་ཡིད་མ་སྐྱིད་པ་དང་སུན་པོ། འཇིགས་སྣང༌། ཕྲག་དོག འགྲན་སེམས། དོགས་པ་སོགས་ཡོང་གི་ཡོད་པ་རེད། སྤྱིར་བཏང་བདེ་སྐྱིད་ཡོང་བའི་དམིགས་པ་གཅིག་མཚུངས་ཡིན་ནའང༌། བསམ་བློ་གཏོང་སྟངས་ཀྱི་དབང་གིས་མི་གཅིག་ལ་དཔལ་འབྱོར་གྱིས་སེམས་མ་སྐྱིད་པ་ཡོང་བ་དང༌། ཡང་མི་གཅིག་ལ་དཔལ་འབྱོར་གྱིས་འཕྲལ་སེལ་གྱི་སེམས་སྐྱིད་པོ་ཡོང་གི་ཡོད་པ་རེད། གལ་སྲིད་བདེ་སྐྱིད་དེ་དཔལ་འབྱོར་ཁོ་ན་ཡིས་བཟོས་པ་ཡིན་ན། མི་སུ་ལའང་དཔལ་འབྱོར་གྱིས་བདེ་སྐྱིད་ཡོང་དགོས་ཀྱང་དེ་རེད་མི་འདུག་ཨཱ། དེ་བཞིན་གཟིགས་སྒྲ་དྲི་རོ་རེག་བྱ་བཅས་ཡུལ་གཅིག་ཡིན་ནའང་ཡུལ་དེ་ལ་གནས་མཁན་གྱི་གང་ཟག་སོ་སོའི་བློ་ཡི་ཁྱད་པར་ལས་ཚོར་བ་མ་འདྲ་བ་ཡོང་གི་ཡོད་པ་རེད། དེའི་ཕྱིར་བདེ་སྡུག་བཏང་སྙོམས་ཟེར་བ་དེ་གཙོ་བོ་ཡིད་བློའི་སྒང་ནས་ཡོང་གི་ཡོད་པ་རེད་མ་གཏོགས་ཕྱི་དངོས་པོའི་སྒང་ནས་ཡོང་གི་ཡོད་པ་མ་རེད།ཅེས་དང༌།

ཁོང་གིས།  ཆོས་ཡོད་མཁན་དང་མེད་མཁན་སུ་ཡིན་ཡང་མིའི་རྣམ་དཔྱོད་དེ་བེད་སྤྱོད་བྱས་ནས་དཀའ་ངལ་གདོང་ལེན་བྱེད་པ་དང་སེམས་པ་ལྷོད་ལྷོད་ཅིག་ཡོང་བ་དེ་བསམ་བློ་སྦྱོང་བརྡར་གྱི་ཐོག་ནས་ཡོང་དགོས་པ་ཞིག་རེད་འདུག མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཡ་རབས་བྱས་ན་སོ་སོའི་སེམས་ལ་སྤོབས་པ་དང་གདེང་ཚོད་ཡོང་བ་དང༌། དེའི་རྐྱེན་གྱིས་འཇིགས་སྣང་ཉུང་བ་དང་ཕན་ཚུན་ལ་ཡིད་ཆེས་ཡོད་པ། ཡིད་ཆེས་ཡོད་ན་མཛའ་གྲོགས་ཟེར་བ་དེ་ཆགས་ཐུབ་པ་རེད། མིའི་སྤྱི་ཚོགས་སུ་མཛའ་གྲོགས་དཔེ་གལ་ཆེན་པོ་རེད། མིའི་ལྷན་སྐྱེས་ཀྱི་འཚོ་གནས་བྱེད་སྟངས་དེ་འདུས་ནས་འཚོ་དགོས་པ་ཞིག་ཡིན་སྟབས། གཅིག་ཏུ་འདུས་བའི་རྐྱེན་གཙོ་བོ་དེ་བརྩེ་བ་རེད། ཞེ་སྡང་དང་ཕྲག་དོག འགྲན་སེམས་སོགས་ཀྱིས་ཁ་བྲལ་དུ་འཇུག་བཞིན་ཡོད་པ་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་བསླེབས་ཡོད་པ་དང༌། ང་ཚོ་ཚང་མ་ཆོས་ལ་དད་པ་ཡོད་པ་དང་མེད་པ་གང་ཡིན་ཡང༌། ཡ་རབས་ཟེར་བ་དེ་ང་ཚོ་ཐུན་མོང་གི་བསྒྲུབ་བྱ་རེད། འཛམ་གླིང་ལ་བདེ་སྐྱིད་ཅིག་དགོས་ན། གཞན་ཕན་དང་སེམས་པ་བཟང་པོ་བྱེད་པ་དེ་ཞེ་དྲག་གིས་གལ་ཆེན་པོ་རེདཅེས་སོགས་གསུངས་སོང༌། 

ཉིན་གྲངས་ ༢ དང་ཕྱེད་རིང་གི་ཀོ་རི་ཡའི་གསུང་ཆོས་གྲུབ་རྗེས། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཚོས་གསོལ་འདེབས་ཞུས་པ་ལྟར། འཆར་ཟླའི་ཕྱི་ཚེས་ ༣ ནས་ ༥ བར་ྋགོང་ས་མཆོག་གིས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྤྱོད་འཇུག་བཀའ་ཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

ཤོག་ངོས་འདི་ཐེངས་ ༡༨༣༥ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༦ ཉིན་འདོན་སྤེལ་བྱས།
ཆོས་ཡོད་མཁན་དང་མེད་མཁན་སུ་ཡིན་ཡང་མིའི་རྣམ་དཔྱོད་དེ་བེད་སྤྱོད་བྱས་ནས་དཀའ་ངལ་གདོང་ལེན་བྱེད་པ་དང་སེམས་པ་ལྷོད་ལྷོད་ཅིག་ཡོང་བ་དེ་བསམ་བློ་སྦྱོང་བརྡར་གྱི་ཐོག་ནས་ཡོང་དགོས་པ་ཞིག་རེད་འདུག
མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཡ་རབས་བྱས་ན་སོ་སོའི་སེམས་ལ་སྤོབས་པ་དང་གདེང་ཚོད་ཡོང་བ་དང༌། དེའི་རྐྱེན་གྱིས་འཇིགས་སྣང་ཉུང་བ་དང་ཕན་ཚུན་ལ་ཡིད་ཆེས་ཡོད་པ། ཡིད་ཆེས་ཡོད་ན་མཛའ་གྲོགས་ཟེར་བ་དེ་ཆགས་ཐུབ་པ་རེད། མིའི་སྤྱི་ཚོགས་སུ་མཛའ་གྲོགས་དཔེ་གལ་ཆེན་པོ་རེད། ་
གཅན་བཟོད་རྒྱམ།
༢༠༡༣/༠༨/༢༥ ཉིན་འདོན་སྤེལ་བྱས།
མཁའ་ལྡིང་དབང་པོ་མཁའ་ལ་བགྲོད་བགྲོད་ནས།།
ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་དེ།།
ནམ་མཁའ་ཟད་པས་ལྡོག་པར་མ་གྱུར་བཞིན།།
ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས།།


བསྟན་འཛིན་རྡོ་རྗེ།
༢༠༡༣/༠༨/༢༥ ཉིན་འདོན་སྤེལ་བྱས།
དུས་བབ་ཚང་གི་གསར་འགོད་པ་གསར་པ་པདྨ་མཚོ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། བོད་ཀྱི་དུས་བབ་ཚགས་པར་དང་དྲ་ཚིགས་གཉིས་ནི་བོད་ཕྱི་ནང་གཉིས་ཀྱི་མིག་ནང་གི་རྣོ་དང་ཁོག་པའི་ནང་གི་སྙིང་ལྟ་བུ་ཡིན། བོད་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་ཆེད་དུ་ཤུགས་རྒྱག་གནང་རོགས། མ་འོངས་པར་བོད་རང་བཙན་ཐོབ་པའི་ཉིན་མོར་བཙན་བྱོལ་མེར་ཚིག་མེར་གཏུག་གི་འཚོ་བའི་སྐྱོ་བོའི་ཁྲོད་ནས་སྐུ་ངལ་སྐྱོན་མཁན་རྣམ་ལྷན་རྒྱས་ནི་རྒྱལ་ཁབ་ལ་བྱས་རྗེས་ཆེ་བའི་མི་སྣ་རླབས་ཆེན་འོད་སྟོང་ཅན་དག་ཡིན། ཐུགས་རྗེ་ཆེ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།